ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་།

མཛེས་སྡུག་མཁའ་ལ་འཕྱོ་བའི་ཐོག་བརྩེགས་ཁང་བཟང། །

རླབས་ཆེན་དཔའ་བོས་བཞག་པའི་ལོ་རྒྱུས་རྡོ་རིང་།།

ཡོངས་འཛིན་སྨྲ་སེང་དཀར་པོའི་གདན་ས་བཞི་པ།།

སངས་རྒྱས་གཤེན་རབ་བསྟན་པའི་རྒྱན་དུ་བལྟམས་ཡོད།།

 

གནའ་མིས་རྡོ་རྒོད་བརྩེགས་པའི་ཁང་རྒན་མཐོན་པོ།།

དུས་ཀྱི་བཅོས་བསྒྱུར་གསར་པའི་རྗེས་ཤུལ་སྙིགས་མེད།།

གདོད་མའི་ཡུ་རོབ་གླིང་གི་རིག་གནས་སྒྱུ་རྩལ།།

མ་འགྱུར་གསོན་པོར་གནས་པ་མིག་གི་དགའ་སྟོན།།

 

དཀར་དམར་མེ་ཏོག་བཞད་པའི་རྩྭ་ཐང་ཡངས་པོར།།

སྔོ་ལྗང་གཡུ་ལོས་ཁེངས་པའི་ནགས་ཀྱིས་བསྐོར་ཡོད།།

འཇམ་རླུང་དལ་བུས་བསྐྱོད་པའི་དྲི་ཞིམ་བསྡེབས་ཏེ།།

བྱ་བྱིའུའི་སྐད་སྙན་འགྱུར་ཁུག་ལྷང་ལྷང་གྲགས་སོང།།

 

དམར་སེར་ཀུ་ཤུའི་མགོ་ལྕོགས་ལྡེམ་མེ་ལྡེམ་མེ།།

སྟར་འབྲས་ཐང་ལ་ ལྷུང་བས་ཐག་གེ་ཐག་གེ།

དཔལ་ལྡན་བླ་མའི་རྔ་སིལ་ལྷང་ངེ་ལྷང་ངེ།།

བཀྲ་ཤིས་འཇའ་ཚོན་སྣ་ལྔ་ལྷག་གེ་ལྷག་གེ།།

 

མ་བཅོས་རང་བྱུང་ཁམས་ཀྱི་སྐྱིད་པའི་དགའ་ཚལ།།

མ་བསྐུལ་རིས་མེད་སློབ་ཚོགས་ངང་གིས་འདུ་ས།།

མ་བསྒོམས་ཏིང་འཛིན་ཟམ་མོ་ཤུགས་ཀྱིས་འཕེལ་ས།།

མ་བསྒྲིབས་ཀུན་བཟང་ཟླ་ཞལ་ལྷག་གེ་མཇལ་ས།།

 

མཁན་སློབ་ཉི་ཟླ་ཟུང་འབྲེལ་ཞབས་སོར་འཁོད་དེ།།

གསང་ཆེན་ཐེག་པ་ཆེན་པོའི་དབང་ཆེན་བསྐུར་མྱོང་།།

བྱིན་རླབས་བདུད་རྩི་དྭངས་མའི་འོད་ཕུང་འཁྱིལ་ལེ།།

མ་རྙིང་ས་ཆེན་འདི་ཡི་རྒྱན་དུ་གནས་ཡོད།

 

ལུང་རྟོགས་བསྟན་འཛིན་འབུམ་གྱི་གཙུག་གི་ནོར་བུ།།

གཡུང་དྲུང་བོན་བསྟན་སྐྱོང་བའི་མི་ནུབ་རྒྱལ་མཚན།།

བཤད་སྒྲུབ་པད་ཚལ་རྒྱས་པའི་སྨྲ་བའི་ཉི་མ།།

ལུང་རྟོགས་བསྟན་པ་གཡུང་དྲུང་འཛུམ་ཤིག་བཞུགས་ཡོད།།

 

བསླབ་གསུམ་ཚུལ་ཁྲིམས་གཙང་མ་གངས་ཆབ་ཟེགས་མ།།

རྣམ་དཔྱོད་ཤེས་རབ་རྣོན་པོ་དབལ་གྱི་ཤང་ལངས།།

མདོ་སྔགས་སེམས་ཁྲིད་ཟབ་མོ་བཀའ་བབས་བུ་ཆེན།།

ཡོངས་འཛིན་སྨྲ་བའི་དབང་པོའི་ཐུགས་སྲས་འཁྲུལ་མེད།།

 

དབེན་གནས་རི་ཁྲོད་དགོན་ཆེན་སྨན་སློབ་ལ་སོགས།།

གཞུང་ལུགས་རྒྱ་མཚོའི་ཕྱུག་པའི་སློབ་ཆེན་བཙུག་སྟེ།།

གནའ་དེང་རིག་གནས་མཁས་པའི་བུ་སློབ་བརྒྱ་ཕྲག 

འཛམ་གླིང་ས་ཆེན་ཡངས་པའི་ཁྱིམ་འདིར་བསྐྲུན་ཡོད།།

 

མཁས་དབང་མཁན་པོ་དགེ་ལེགས་བོན་གྱི་གཏེར་མཛོད།།

འཆད་ན་ལེགས་བཤད་འདོད་འཇོའི་གསེར་གྱི་བུམ་པ། །

རྩོད་ན་ཕས་རྒོལ་ཟློག་པའི་རིག་པའི་གློག་འཕྲེང་།།

རྩོམ་ན་སྙན་ངག་དྭངས་མའི་སྦྲང་རྩིའི་ཟིལ་ཆར།།

 

གཤེན་བསྟན་དར་རྒྱས་གླིང་གི་སྨན་སྒྲུབ་ཆེན་མོར།།

རིས་མེད་རྒྱལ་ཁབ་དུ་མའི་སློབ་ཚོགས་འཛོམས་ཡོད།།

ཨ་སྨྲི་ཏ་ཡི་སྨན་འཛབ་དབྱངས་སུ་གྱེར་ནས།།

བདུན་ཕྲག་གཅིག་གི་རིང་ལ་ཉིན་ཚོགས་མཚན་འཚོགས།།

 

སྔོན་བསགས་ལས་ཀྱིས་འདུས་པའི་སློབ་ཚོགས་འདི་དག །

མི་རིགས་སྐད་ཡིག་མི་གཅིག་སོ་སོར་གནས་ཀྱང་།།

སེམས་ཀྱི་བློ་ཕུགས་གཏོད་ས་གཡུང་དྲུང་བོན་ཡིན།།

དམ་ཚིག་གཙང་མ་ཞིག་གིས་གཅིག་ཏུ་སྦྲེལད་ཡོད།།

 

དགེ་བཤེས་བློ་གྲོས་འོད་གསལ་གྱིས་གཤེན་བསྟན་དར་རྒྱས་གླིང་དུ་བྲིས།

(སྤྱིའི་གཟིགས་གྲངས། 1,278 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཧོར་ཟླ་བརྒ…
error: རྩོམ་འདི་བདག་དབང་ཅན་ཡིན།