ས་སྐྱ་ཁྲི་འཛིན་ཛྙཱན་བཛྲ་མཆོག་གི་ཐུགས་གསོའི་གསུང་འཕྲིན།
གཡུང་དྲུང་བོན་གི་གདན་ས་ཆེན་མོ་རྣམས་ཀྱི་བཀུར་འོས་དབུ་ལས་རྣམ་པས་དབུས་རང་ཅག་འབྲེལ་ཐོགས་ཡོངས་ཀྱི་སྙན་ལམ་དུ།
དེ་ཡང་གཤེན་རབ་མཆོག་དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལྟ་བུ་འདི་བཞིན་སྐྱོང་བ་ལ་ས་གསུམ་ན་འགྲན་གྱི་ཟླ་མེད། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་སྐུའི་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཐོས་འཕྲལ་སྲིད་པའི་གངས་རྒན་ཆེན་པོ་འགྱེལ་བའི་སེམས་ཚོར་ཕམ་སེམས་ཧ་ཅང་ཆེན་པོ་བྱུང་རུང་། ཇི་སྐད་དུ། འཕགས་པས་འཆི་དང་ན་བ་དང་། རྒ་བའི་སྡུག་བསྔལ་རྕད་ནས་སྤངས། །ཞེས་པ་ལྟར་ལགས་ན། མགོན་པོ་གང་གི་ཞལ་སློབ་འབྲེལ་ཡོད་རྣམ་པའི་ལྷན་དུ་གདུང་སེམས་མཉམ་བསྐྱེད་དང་། འདི་ནས་ཀྱང་༧སྐྱབས་རྗེ་བདེ་བར་གཤེགས་པ་མཆོག་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་། མི་རིང་བར་འཁྲུལ་བྲལ་ཡང་སྲིད་མྱུར་དུ་འབྱོན་ཞིང་གོང་མའི་མཛད་རྣམ་ཇི་བཞིན་སྐྱོང་བའི་གསོལ་འདེབས་སྨོན་ལམ་རྒྱུན་བསྲིངས་ཞུ་འཐུས་བཅས།
ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙྰན་བཛྲས་སོག་ཡུལ་ནས། ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༤ཉིན།