ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསོ་རིག་འབུམ་བཞིའི་དགེ་སློབ་སྤྲོ་འཁྱམ་དུ་སོང་བ།

རྩོམ་པ་པོ། སྐྱ་ཀ་ཁྲ་བོ།

 

ཕྱི་ལོ་ཉིས་སྟོང་བཅུ་དགུའི་ཟླ་ལྔ་པའི། ཕྱི་ཚེས་ཉེར་གཅིག་འབུམ་བཞིའི་དགེ་སློབ་རྣམ།

གྷོ་དྷ་ཝར་རན་་ཞེས་པའི་ས་ཆ་དེར། དགའ་སྤྲོའི་འཛུམ་རླབས་དང་བཅས་གཟིགས་འཁྱམ་ཕེབས།

 

བདག་ནི་གསོ་རིགས་སློབ་མ་མིན་ན་ཡང་། ཟུར་ནས་རིག་གནས་དཔེ་ཁྲིད་ཅུང་ཟད་ཀྱི།

ཞབས་ཕྱི་ཞུ་ཁུལ་དེ་ཡིས་དེ་རིང་ཡང་། ངེས་པར་མཉམ་འགྲོ་དགོས་ཞེས་བསྐུལ་བྱུང་བས།

 

ཏག་ཏག་མཚན་ཉིད་པ་ཡི་གུང་གསེང་དེར། ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ཙམ་ནས།

རང་དགོན་དབེན་དགའི་ཞིང་གྲོང་ནས་ཐོན་ཏེ། འབུམ་བཞིའི་དགེ་སློབ་ལྷན་དུ་ལམ་ལ་བཞུད།

 

ལམ་བར་རླང་འཁོར་ནང་དུ་སློབ་མ་ཚོའི། གདོང་ལ་འཛུམ་དང་ངག་གིས་གླུ་ཤིག་ཤིག

ཅི་དགར་བླང་པས་བདག་གི་རྐང་པས་ཀྱང་། རྡོག་སྒྲ་རེ་རེ་དབྱངས་དང་བསྡེབས་སུ་ཤོར།

 

དེ་ལྟར་ཆུ་ཚོད་གཅིག་ཙམ་ཕྱིན་པའི་རྗེས། ཀ་ཋ་མན་གྲུའི་ལྷོ་ངོས་ནག་འདབས་ཀྱི།

གྷོ་དྷ་ཝ་རན་ཞེས་པའི་ས་ཆ་དེར། འབྱོར་ཏེ་ཐོག་མར་ཞོགས་ཇའི་མངར་ལ་རོལ།

 

རི་ངོས་སྔོ་ལྗང་ནགས་ཚལ་སྟུག་པའི་གསེང་། བྱ་དང་བྱེའུ་སྐད་སྙན་ཀྱུར་ཀྱུར་གྲགས།

ངེད་ཅག་འདི་རུ་སྤྲོ་གསེང་དུ་འོང་བར། དགའ་བས་བསུ་ཞེས་ཡང་ཡང་འབོད་པ་འདྲ།

 

མཁའ་དབུག་གཙང་མས་སྣང་བ་དང་སངས་བྱས། ཞི་འཇམ་དབེན་པོས་སེམས་པ་བག་ཕབ་བསྙལ།

རྩ་ལྡུམ་སྣ་ཚོགས་ང་དང་ཁོ་སྨན་ཞེས། ཐམས་ཅད་ངེད་ཚོའི་འགྲམ་ནས་འགྲན་དང་མཚུངས།

 

དེ་ཚེ་སྨན་གྱི་སློབ་དགེ་རྣམས་ནས་ཀྱང་། རྩ་ལྡུམ་རེ་རེར་འདིའི་མིང་དེ་ཟེར་དང་།

རོ་ནུས་འདི་ཞེས་ཕན་ཚུན་ངོ་སྤྲོད་བྱེད། དེའི་ཚེ་རྩྭ་ལྡུམ་ཡོད་ཚད་སྨན་དུ་འདྲ།

 

སྤྱིར་ན་འདི་རུ་སྨན་རྩྭའི་རིགས་མང་ཞིང་། མ་ཟད་སྨན་རྩྭ་འདེབ་འཛུག་བྱེད་པ་དང་།

དམིགས་བསལ་གསོ་རིག་འགྲམ་སྟོན་ཁང་ཆེན་ཡང་། འདུག་པས་གཞི་ནས་འདི་རུ་ཡོང་དོན་རྟོགས།

 

སྨན་སློབ་སོ་སོས་པར་ལེན་འཕྲུལ་ཆས་ནང་། སྨན་རྩྭ་དེ་དག་པར་དུ་ལེན་པ་དང་།

སྨན་རྩྭ་སྣ་རེ་ངོས་འཛིན་བྱེད་པའི་སྐབས། སྨན་གཞུང་རྩྭ་ཚིག་རེ་རེ་ངག་གིས་སྐྱོར།

 

སྐབས་རེར་རྒྱབ་ལ་ཁུར་བའི་དཔེ་ཁུག་ནས། སྨན་དཔེ་ཁ་ཕྱེ་འདི་དང་དེ་རེད།

ཕན་ཚུན་བགྲོ་གླེང་བྱེད་ཅིང་དམིགས་བསལ་དག དེབ་ཆུང་ནང་དུ་ཟིན་ཐོ་འགོད་ལ་བྲེལ།

 

ཨ་ཙི་འདི་ཚོ་སྤྲོ་འཁྱམས་འདྲ་ན་ཡང་། ཞོར་ནས་སློབ་སྦྱོང་བུང་བས་རྩི་བཞིན་དུ།

ལེན་པས་བདག་ནི་ཟུར་དེར་འབྲེལ་མེད་དུ། ལྟད་མོ་བ་ཞིག་ཚོད་དུ་ཧད་དེ་ལུས།

 

ངེད་ཚོ་འགྲམ་སྟོན་ཁང་དེར་ཕྱིན་པའི་སྐབས། འགྲེལ་བརྗོད་མཁན་གྱིས་བལ་སྐད་ཁོ་ནའི་ཐོག

མི་ལོ་སུམ་བརྒྱ་ཙམ་རིང་ཚགས་བྱས་པའི། སྨན་རྩ་དུ་མའི་ངོ་སྤྲོད་གནང་བྱུང་ཞིང་།

 

དེ་འབྲེལ་སྨན་གྱི་སློབ་དགེ་རྣམས་ནས་ཀྱང་། སོ་སོའི་བསམ་ཚུལ་དང་བཅས་དྲི་བ་དང་།

དྲི་ལན་དང་བཅས་རེ་ཞིག་ཚོགས་ཁང་དེ། རིགས་གཞུང་བགྲོ་གླེང་གར་སྟེག་ཞིག་ཏུ་བསྒྱུར།

 

དེ་རྗེས་རྐང་ལམ་ཞིག་གི་རྗེས་དེད་དེ། སྨན་ལྗོན་ངོས་འཛིན་བྱེད་ཆེད་སོང་བའི་སྐབས།

ནགས་ཚལ་སྟུག་པོའི་ཡལ་ག་ཕར་ཚུར་དུ། ཐོག་ནས་འཛིང་པས་མཁའ་ཡང་མཐོང་བར་དཀའ།

 

ཞལ་ལག་གྲུབ་རྗེས་མཁྲིས་ཀྱི་སྐྱིད་གླིང་དུ། ལྟད་མོར་ཆས་པས་མི་ཚོགས་འཚང་ཤིག་ཤིག

ཀུན་གྱིས་ཁ་པར་བསྟན་ནས་འདི་དག་ཀུན། པར་ལེན་ཁོ་ནའི་ཆེད་དུ་ཡོང་བ་འདྲ།

 

དེ་ཚེ་སྤང་ཐང་ཞིག་ཏུ་སྨན་སློབ་རྣམས། ཐལ་སྒྲ་དང་བཅས་རིག་ལམ་ཅུང་བརྩད་དེ།

སྨན་གཞུང་གོ་བའི་ས་བཅད་སྒྲིག་བྱས་པས། ཀུན་གྱིས་ཧད་དེ་རེ་ཞིག་ལྟད་མོར་ཡེང་།

 

དེ་ནས་གསོ་རིག་འབུམ་བཞིའི་དགེ་སློབ་ལྷན། ལྷན་འཛོམས་སྤྲོ་བའི་མཉམ་པར་འགའ་སྒྲོན་ཏེ།

མི་ཚོགས་འཚང་ཁའི་ཁྲོད་ནས་བསྐྱེད་ཚལ་དེའི། མཛེས་སྡུག་མ་ལུས་སྤྱད་དེ་སྒོ་རུ་ཐོན།

 

ཕྱི་དྲོ་ཕྱག་ཚོད་གསུམ་པ་ཙམ་གྱི་དུས། སྣུམ་སྐྲག་བལ་ལེབ་མངར་ཇ་ཞིམ་པོ་ལ།

རོལ་རྗེས་སྨན་སློབ་བུ་དང་བུ་མོ་ཚོས། ལང་ཚོའི་གླུ་དང་གར་གྱི་མཆོད་པར་རོལ།

 

བལ་བོད་གླུ་གཞས་དབྱས་རྟ་ནག་ནས་གྲགས། བཀྲ་ཤིས་སྐོར་བྲོའི་རྡོག་བྲོ་ས་ལ་འགྲིག

བལ་པོའི་གཞས་ཞབས་ལྷ་ཡི་གར་སྟབས་བསྒྱུར། དགའ་བསུའི་ཐལ་སྒྲས་ནགས་ཀྱི་བྱེའུ་ཁྱུ་དཀྲོགས།

 

དེ་ལྟར་སྤྲོ་འཁྱམས་ཉིན་མོ་མཇུག་གྲུབ་ནས། ཆུར་པ་ཟིམ་ཟིམ་འབབ་པའི་གཞའ་བརླན་ཁྲོད།

རླང་འཁོར་ནང་དུ་འཛུལ་ཏེ་ཏིར་སྒྲ་བཅས། སླར་ལ་རང་དགོན་ལོག་སྟེ་བདེ་བར་འཁོད།

 

ཕྱི་ལོ་ ༢༠༡༩//༢༢/ ཉིན།

(སྤྱིའི་གཟིགས་གྲངས། 564 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཟླ་འདིའི་ཚ…
error: རྩོམ་འདི་བདག་དབང་ཅན་ཡིན།