གསོན་འདྲེའི་མྱ་ངན་ཞུ་འཕྲིན།
མྱ་ངན་ལོས་ཞུ།
དང་པོ།
སྤྱི་ལོ་ཉེར་ལྔ་ལོའི་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་གྱི་དགོང་མོར་ཡིད་སྐྱོ་ཞིང་རབ་ཏུ་སེམས་ཕམ་དགོས་པའི་སྐད་ངན་ཞིག་རྣ་བར་ཐོས་པ་ནས་བཟུང་སེམས་ཀྱི་བདེ་སྐྱིད་ཡོད་ཚད་འཇའ་ཚོན་བཞིན་ཡལ་སོང་ལ།མ་ཟད་ནམ་མཁའ་ལ་ཉི་ཟླ་སྐར་གསུམ་གྱིས་སྟོང་ཞིང་། དཔྱིད་ཟླ་བཞི་བའི་ས་གཞི་ལ་མེ་ཏོག་ཟད་པའི་ཚོར་སྣང་གིས་མནར་ནས་འདུག་པ་དེ་ནི་མདོ་སྔགས་རྫོགས་གསུམ་གྱི་བདག་ཉིད་ཆེན་པོ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཞི་བར་གཤེགས་འདུག་ཟེར་བ་དེས་རེད།
དེ་དང་ལྷན་དུ་དབུགས་རིང་ཆེན་པོ་ཞིག་ཀྱང་ཤོར་བས།དེ་ནི་ས་གོ་ལའི་ཐོག་གི་ཆེས་མཛེས་པའི་མེ་ཏོག་གཅིག་པུ་མི་རྟག་པའི་སད་ཀྱིས་ཁྱེར་བ་དང་། ཡང་ན་ལོ་ངོ་མང་པོའི་རིང་དུ་མྱི་ཆེན་པོ་འདི་འདྲ་ཞིག་ས་སྟེང་ན་ཕེབས་པ་ནི་ཤིན་ཏུ་དཀོན་པས་ཡིན་ན་ཐང་། གྲུབ་མཐའ་དང་ཆོས་ལུགས་ཀྱི་རྩོད་ཉོག་རབ་ཏུ་ཆེ་བའི་སྤྱི་ཚོགས་འདིའི་ནང་དུ་ཆགས་སྡང་གི་མེ་ལྕེ་ཞི་ནས། གྲུབ་མཐའ་བཟང་ངན་རྩོད་པས་ནག་ཐིག་ཕོག་མྱོང་མེད་པའི་བླ་རྒན་དཀར་པོ་གཅིག་པུ་དེ་ཁྱེད་རེད་ཟེར་ན་མི་ཆོག་རྒྱུ་ཅི་ཡང་མེད་ལ།འཛམ་གླིང་གི་བླ་མ་ཀུན་གྱིས་མིག་དཔེར་འོས་སའི་མཚན་གཞི་དེའང་ཁྱེད་ཉིད་ཡིན་པ་ནི།ཁྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པས་དཔང་པོ་བྱས་ཡོད།
ཁྱེད་ཀྱིས་རྟག་ཏུ་ང་ལ་གསུང་ཀྱིན་ཡོད། རང་རང་གི་བསྟན་པ་དང་གྲུབ་མཐའ་དེ་ཡག་པོ་བསྲུང་། སྦྱོངས། གཞན་ལ་དམའ་འབེབས་མ་བྱེད། ཅེས་ང་ལ་བཀའ་སློབ་གནང་གིན་ཡོད་པས། བཀའ་སློབ་དེ་ཙམ་དུ་དྲན་ན་དེང་རབས་ཀྱི་དུས་འདི་ལ་དགོས་པའི་དུས་ཐོག་གི་ཆར་བ་རང་ལས་མ་འདས་པ་ཞིག་རེད། རིན་པོ་ཆེ་ལགས། ཁྱེད་ཕེབས་པས་སྐྱོ་བྱུང་།
གཉིས་པ།
དེ་སྔོན་ཁྱེད་ཀྱི་བཀའ་སློབ་ཧ་ཅང་མང་པོ་མཉན་མྱོང་བས། རང་རྒྱུད་ཀྱི་ཤེས་རབ་ཆུང་ཆུང་འདི་ལ་ཡང་ཕན་པ་ཚད་མེད་དང་ཚོད་མེད་སྟེར་མྱོང་། དེས་ན་ཁྱེད་ཉིད་རྟག་ཏུ་གཞན་དང་མ་འདྲ་བའི་མྱི་ཆེན་ཞིག་ཏུ་ལྟ་ནས། ཁྱེད་ཀྱི་ཞལ་ལ་མཉན་ནས་རང་མི་རིགས་ཀྱི་ཆོས་དང་། ལོ་རྒྱུས། ཤིག་རིག་སོགས་ཀྱི་སླད་དུ་རང་སྲོག་ཀྱང་འཇོག་དགོས་པའི་དུས་ཤིག་ཤར་ཚེ་ང་གསོན་འདྲེས་འཇོག་ཕོད་སྙམ་པའི་སེམས་པ་ཡང་བསླེབས་མྱོང་ཡོད་པ་ཚང་མ་ཁྱེད་དང་འབྲེལ་བ་མེད་པ་ག་ལ་སྲིད། ཁྱེད་ཀྱི་ལོ་རྒྱུས་མཇལ་མྱོང་ཡོད་པས། ཁྱེད་ལ་སྐུ་ལས་དང་འོ་བརྒྱལ་བྱུང་བ་འདི་ཙམ་ལ་ལྟས་དུས་ང་ཚོ་རྗེས་རབས་པ་ཚོ་གཉིད་ཁུག་ནས་འདུག་མི་ཉེན་པའི་སེམས་ཤུགས་དང་སྤོབས་པ་སྟེར་ཡོང་གིན་འདུག་པས། ཁྱེད་ཕེབས་པ་འདི་ང་ཚོ་རྗེས་རབས་པ་ཚོར་ཕམ་ཁ་དང་། སེམས་ཕམ་མི་འབྱུང་བ་ག་ལ་སྲིད།
གསུམ་པ།
བོན་པོ་ཚང་ལ་ཁྱེད་མེད་པ་འདི། ཁྱིམ་ཚང་ལ་ཕ་རྒན་མེད་པ་དང་། ཁང་པའི་དཀྱིལ་གྱི་ཀ་བ་ས་ལ་འགྱེལ་བ་དང་གཉིས་སུ་མ་མཆིས་ལ། ཁྱེད་མེད་པས་བོན་པོ་ཚང་ཡོད་ཚད་མཇུག་རྫོགས་པའི་སྣང་བ་ཞིག་ངང་གིན་བྱུང་ཡོད་པ་ཐག་ཆོད། བོན་པོ་ཚོར་སེམས་ཕམ་དང་ཡིད་སྡུག་བྱུང་ཡོད་པ་ཁག་ག་ལ་ཡོད། རེད་དེ་ཡིད་ཕམ་གཅིག་པུས་ཅི་ཡང་མི་ཕན་པས་ཚང་མ་མཐུན་སྒྲིལ་དང་། སློབ་སྦྱོང་བྱེད་རྒྱུ་འདིའམ་༧དམ་པ་ཁོང་གི་ཐུགས་འདུན་ཡང་ཡིན་རྒྱུ་རེད་པས། བོན་པོ་ཚོ། ཁོང་ཕེབས་ཟིན་ནའང་། ཁོང་གིས་ང་ཚོ་ཚང་མ་ལ་གནང་བའི་སློབ་གསོ་ད་དུང་བཞུགས་ཡོད་པས། རེ་བ་ལ་མིག་ཆུ་རྫུན་མ་ཞིག་གཏོང་ནས་མི་འདུག་པར་བསྟན་ལ་ལྷག་བསམ་དང་། རིགས་ལ་དུང་ཞེན་གྱི་ལས་ལ་བརྩོན་པ་གལ།
བཞི་པ།
ཁྱེད་ཉིད་སྐུ་ཞི་བར་གཤེགས་པའི་དུས་དེ་ནས་བཟུང་། བདག་གིས་ཤ་ཟ་རྒྱུ་དེ་མཚམས་འཇོག་བྱས་པ་ཡིན། དེ་ནི་ཁྱེད་ཉིད་སེམས་ཅན་ལ་བྱམས་པའི་མྱི་ཆེན་ཞིག་ཡིན་པས་ཡིན་ལ། ཁྱེད་ཉིད་དགའ་དྲག་པས་ཀྱང་ཡིན་སྲིད།
གསོན་འདྲེ།