ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གྱ་བདུན་འཁྲུངས་སྐར་ལ་ཕུལ་བའི་ལེའུ་ཚན།

རྩོམ་བྲིས་པ། དགེ་མེ་ལོང་།

སྤྲིན་གྱི་བ་གམ་བརྩེགས་པའི་ཐོག །
གསེར་གྱི་ཁྲི་འཕང་རྣམ་པ་མཛེས། །
ལྷ་ཀླུ་མི་ཡི་མཆོད་སྡོང་དུ། །
ལུང་རྟོགས་བསྟན་པའི་སེང་ཆེན་བརྗིད། །

བསླབ་གསུམ་ཤེལ་གྱི་སྐྲས་གདང་ལ། །
མཚུངས་སྤྱོད་མེ་ཏོག་གཟུགས་སུ་བཀྲ། །
སྙིང་རྗེའི་ས་གཞི་ཡངས་པའི་ངོས། །
བྱམས་པའི་ཆར་གྱིས་འགྲོ་བ་གསོས། །

དུས་ཀྱིས་རྒུད་པའི་གྲིབ་སོ་ནས། །
མེས་པོའི་ངོ་གདོང་གསོ་བའི་སྒྲོན། །
ཉི་མའི་འོད་ཀྱི་རླབས་རིས་ཅན། །
བསྟན་པའི་མེ་ཆེན་བླ་རུ་བཀུར། །

བཤད་སྒྲུབ་འདུས་པའི་ཞིང་ས་ནས། །
བསྐྱེད་པའི་འབྲས་བཟང་དགེ་བའི་བཤེས། །
བརྒྱ་ཕྲག་གྲངས་ཀྱི་ཐུགས་རྒྱུད་ལ། །
སངས་རྒྱས་བསྟན་པའི་སྙིང་པོ་བསྐྲུན། །

གང་གི་ཐུགས་ཉིད་རོལ་མཚོ་ལས། །
བྱུང་བའི་ལེགས་བཤད་ནོར་བུའི་ཕྲེང་། །
སྐྱེ་འགྲོའི་གསོས་སུ་གྱུར་པས་ན། །
བསོད་ནམས་རྒྱ་མཚོ་སླར་ལ་འཕེལ། །

འཕྲུལ་གྱི་ཐོ་ཡིག་གིས་བརྩེགས་པའི། །
བོན་གྱི་འཁོར་ལོ་འོད་ཆེན་འདི། །
གྱ་བདུན་གྲངས་ཀའི་འགྱུར་འགྲོས་ནང་། །
ཕྱག་གིས་བཏེགས་པའི་ཉིན་སྐར་བཟང་། །

ཁྱེད་ཀྱི་མཛད་རྣམ་གོར་མོའི་གཟུགས། །
གོ་ལའི་རྔ་རུ་གྱུར་པ་འདི། །
ཞི་བདེའི་མཚོ་ངོགས་ནས་བརྡུང་པས། །
འགྲོ་ཀུན་སྤྲོ་བ་སྐྱེད་དུ་གསོལ། །

ལུང་རྟོགས་བསྟན་པའི་དར་པོ་ཆེ། །
ཉི་མའི་འགྲོས་དང་བསྡེབ་ནས་སུ། །
ནམ་མཁའི་མཐོངས་སུ་འཁྱིལ་དང་ལྷན། །
ས་གཞིའི་ཁམས་སུ་བརྟན་གྱུར་ཅིག །

ཅེས་མེ་ལོང་ཞེས་སུ་འབོད་པ་དེས་རང་ཅག་བོན་གྱི་༧སྐྱབས་མགོན་༧རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གིས་གསང་གསུམ་གྱི་མཛད་འཕྲིན་ཞིང་འདིར་བསྐྱངས་ནས་དགུང་གྲངས་གྱ་བདུན་ཕེབས་པའི་འཁྲུངས་སྐར་ལ་དྲིན་གསོའི་སྐྱེས་སུ་ཕྱི་ལོའི་ ༢༠༡༥ ཟླ་ ༠༧ ཚེས་ ༠༡ གི་དགོང་མོར་ཕུལ།། །།

 (རྩོམ་འདི་བོན་དྲིས་ལན་དྲ་མཛོད་ནས་དྲངས།)

7500cookie-checkགྱ་བདུན་འཁྲུངས་སྐར་ལ་ཕུལ་བའི་ལེའུ་ཚན།
(སྤྱིའི་གཟིགས་གྲངས། 5 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འབུམ་སྡེ་ག…
error: རྩོམ་འདི་བདག་དབང་ཅན་ཡིན།