ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གྱི་ལོ་རྒྱུས་ནང་སྐྱེས་མ་ཉམས་ལེན་པ་གྲགས་ཆེན་རྣམས་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་ཇི་ཙམ་ཡོད།

རྩོམ་བྲིས་པ།  བོན་དྲིས་ལན་དྲ་བའི་རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།

ལན། སྤྱིར་གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་སུ་མོ་སྨན་ཉམས་ལེན་པ་གྲགས་ཆེན་མཚན་གྲངས་ཤིན་ཏུ་མང་ནའང་བསྟན་པ་ཉམས་ཆག་བྱུང་ནས་ལོ་རྒྱུས་རྣམས་རྩ་བརླག་ཏུ་སོང་བས་ཆེར་མཇལ་ཡུལ་དབེན། འོན་ཀྱང་ལྷག་ལུས་འགའ་ཞིག་གི་རྣམ་ཐར་ཡིག་ཐོག་དང་ངག་རྒྱུན་ཅི་རིགས་ཡོད་པ་རྣམས་མཚན་ཙམ་བགྲང་ན།

དེའང་མི་ལོ་ཆིག་ཁྲིའི་ཡར་སྔོན་སྟོན་པ་ཞལ་བཞུགས་པའི་གནས་སྐབས་སུ་གཡུང་དྲུང་སེམས་མ་གྲངས་མེད་བྱོན་ཡོད་པ་སྨྲོས་མེད་ཡིན་ལ། ཁྱད་པར་སྟོན་པ་རང་གི་སྲས་གཤེན་ཟ་ནེའུ་ཆེན་དང་ནེའུ་ཆུང་གཉིས། ཧོས་དང་བ་ཡིད་རིང་གི་སྲས་མོ་ཧོས་ཟ་རྒྱལ་མེད་མ་དང༌། དཔོ་རྒྱལ་འབར་བའི་སྒྲོན་མེའི་སྲས་མོ་དཔོ་ཟ་ཐང་མོ། ཀོང་རྗེ་དཀར་པོའི་སྲས་མོ་ཀོང་ཟ་འཕྲུལ་ལྕམ་སོགས་དང་།

ཕྱིས་མི་ལོ་༼ཕྱི་ལོའི་སྔོན་གྱི་༡༥༦༡༩༽ཡས་མས་སུ་རྟག་གཟིགས་ནས་ཞང་བོད་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་སུ་བྱུང་བ་ནས་བཟུང༌། གསང་སྔགས་དང་སེམས་ཕྱོགས་ལ་མཁས་ཤིང་གྲུབ་པ་དང་ལྡན་པ། རྫུ་འཕྲུལ་ཐོག་ཆགས་མེད་པ་བོན་མོ་རྫུ་འཕྲུལ་མ་དགུ་སྟེ། ལི་ཟ་སྟག་རིང་། ཇོ་མོ་བོན་མོ། བྷི་ཤོ་མགྲིན་དཀར། ཕུ་ལུ་གྲུ་འཛིན། མུ་ཏང་གཡུལ་འཛིན། ཁྲི་སངས་རྒྱལ་འདུལ། དོད་དེ་རྒྱལ་ལྕམ། ཁྱུང་ཟ་དཀར་མོ། འཇང་མོ་དཔལ་སྒྲོན། དང་དགུའོ།

དེ་བཞིན་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ལ་དགོངས་མཛོད་རི་ཁྲོད་ཆེན་པོ་ (༡༠༣༦།༡༠༩༦) ཡི་སློབ་མ་འོ་ཡུག་སྒོ་ལུང་གི་ཇོ་མོ་རྒྱལ་མོ་དང༌། འོ་ཡུག་གི་བཙུན་མ་དར་སྒྲོན།

ཡང་དུས་རབས་བཅུ་གསུམ་པའི་ནང་ལ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་ལ་མངའ་བརྙེས་པའི་བོན་མོ་འའགའ་ཞིག་བྱུང་འདུག་པ་མཚན་ཙམ་ཞུས་ན། དོལ་པོ་ཕྱོགས་སུ་ཡ་ངལ་སྟོན་པ་ཤེས་རབ་རྒྱལ་མཚན་གྱི་གསང་ཡུམ་གཉན་མོ་བཀྲ་ཤིས་དང་། ད་དུང་དམ་པ་འབུམ་རྗེའི་ཞལ་སློབ་གྲངས་མང་འཕེལ་བའི་ནང་ནས། གྲུབ་པ་ཐོབ་པའི་བོན་མོ་ཡང་བདུན་ཙམ་བྱུང་བར་བཤད།

ཕྱི་ལོའི་དུས་རབས་བཅུ་གཉིས་དང་བཅུ་གསུམ་ཡས་མས་མཚམས་སུ་ཕེབས་པའི་ཡ་ངལ་གྱི་རྒྱུད་པ་བོན་མོ་ཡ་ངལ་དྲང་སྲོང་མ། ཕྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་བྱུང་བའི་དབུ་ཟ་རིན་གསལ།

ཕྱི་ལོའི་དུས་རབས་བཅུ་དགུ་བའི་ནང་དུ་བྱོན་པའི་དམུ་རིགས་གཤེན་གྱི་གདུང་ལས་གྲོལ་ཏེ། རྒྱལ་བ་གཤེན་རབ་མི་བོའི་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་གདུང་རྒྱུད་ལས་བྱུང་བའི་རྗེ་བཚུན་ཚུལ་ཁྲིམས་དོན་གསལ།

ཕྱི་ལོའི་དུས་རབས་བཅུ་དགུ་བའི་ནང་སྟེ་ ༡༨༦༨ ལོར་སྐུ་འཁྲུངས་པའི་མཁའ་འགྲོ་བདེ་ཆེན་དབང་མོ།

ཕྱི་ལོའི་དུས་རབས་བཅུ་དགུ་བའི་སྨད་ཆ་ཙམ་ནང་འཁྲུངས་པའི་མཁའ་འགྲོ་ཚུལ་ཁྲིམས་མཚོ་མོའམ་ཡོངས་གྲགས་ཚུལ་དགའ་རིན་པོ་ཆེ།

ཕྱི་ལོའི་དུས་རབས་བཅུ་དགུའི་ནང་ཕེབས་པའི་སྨོན་ལམ་སྒྲོལ་མ།

ཡང་དུས་རབས་བཅུ་དགུ་བའི་སྟོད་སྐོར་ཙམ་ལ་ཕེབས་པའི་“མཎཌལ་མཚམས་པ་རྣམ་གཉིས”ཀྱི་ནང་ཚན་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་།

ད་དུང་ང་ཚོའི་གོ་ཐོས་དང་ཞལ་མཇལ་བྱུང་མྱོང་བ་སོགས་དཔེར་ན། གཏེར་སྟོན་འུ་ཟ་ཉི་མ་དང༌། སྙན་རྒྱུད་ལ་མངའ་ཐོབ་པ་སྟག་ཟ་རིན་ཆེན་མཚོ་མོ། ཉམས་རྟོག་རང་འབར་དུ་སྟོན་པ་སྨོན་སྲས་གཡུང་དྲུང་ལྷ་མོ། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་གསང་ཡུམ་གཏེར་སྟོན་བོ་ཕྲུག་ལྷ་མོ། གསང་སྔགས་ལག་ལེན་ལ་ཕུལ་དུ་ཕྱིན་པ་རྗེ་བཙུན་དབང་སྐྱིད། ཁྱུང་ཡུལ་ཏ་ཤོད་སྒོམ་པ་ཚང་ལ་སྐུ་འཁྲུངས་པའི་མཁའ་འགྲོ་པད་མ་མཚོ། རྩ་རླུང་ལ་རང་དབང་ཐོབ་པ་ཁྱུང་ནག་ཟ་མ་ཡུམ་བཟང་དགའ། མཁའ་འགྲོ་བདེ་ཆེན་དབང་མོའི་ཡང་སྲིད་གཏེར་སྟོན་མཁའ་སྤྱོད་དབང་མོ། མཛོད་དགེའི་བྱ་བྲལ་ཆེན་མོ་སྐལ་བཟང་ལྷ་མོ་སོགས་དང་། ད་དུང་འདིར་མཚན་མ་འཁོད་ཀྱང་སྙན་གྲགས་ཅན་གྱི་བོན་གྱི་སྨན་བཙུན་མཁའ་འགྲོ་གང་མང་ཞིག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕེབས་ཡོད་ལ། དེ་དག་གི་རྣམ་ཐར་རྒྱས་བསྡུས་ཅི་རིགས་ཞིག་ཀྱང་མཇལ་རྒྱུ་ཡོད་མོད། ད་ལན་གོང་ཞུས་ཙམ་ལས་ཞུ་མ་ཐུབ་པས་རྗེས་སུ་རིམ་པར་འབུལ་ཆོག 

                                                རྩོམ་འདི་བོན་དྲིས་ལན་དྲ་བའི་ནང་ནས་དྲངས།

(སྤྱིའི་གཟིགས་གྲངས། 99 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་བྲིས་…
error: རྩོམ་འདི་བདག་དབང་ཅན་ཡིན།