ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཙང་མ་ལྷ་སེལ་དང་དེ་ལས་འཕྲོས་པའི་སེལ་གྱི་སྐོར་ཅུང་ཟད་བཤད་པ།

རྩོམ་པ་པོ། དཔོན་སློབ་ཚངས་པ་བསྟན་འཛིན།《ཁྲི་བརྟན་ནོར་བུའི་རྩེ》

     གཙང་མ་ལྷ་སེལ་ཞེས་པ་འདི་ནི་གནའ་ནས་ད་ལྟའི་བར་བོན་པོ་ཚོས་བཙོག་མནོལ་དང༌། ནལ་ཕྲུག་བྱུང་བ་བཅས་ཀྱི་སྐབས་སུ་གཙང་སེལ་གྱི་ཆེད་དུ་བེད་སྤྱོད་བྱེད་བཞིན་པ་དང༌། འདི་ནི་སྡེ་ཚན་གྱི་སྒོ་ནས་ཆབ་ནག་སེལ་གྱི་ཁོངས་སུ་གཏོགས་པ་ཡིན། སེལ་གྱི་བོན་ལའང་ལྷ་ཡི་ཐུགས་དང་འགལ་བ་སེལ་བྱེད་ལ་ལྷ་སེལ་དང༌། འདྲེའི་གནོད་པ་སེལ་བྱེད་ལ་འདྲེ་སེལ་བྱ་བ་གཉིས་ཡོད་པའི་ནང་ནས་ལྷ་སེལ་གྱི་བོན་ཡིན། དེས་ན་འདི་ཉིད་མ་བཤད་པའི་སྔོན་དུ་སྤྱིར་སེལ་གྱི་བོན་སྡེའི་སྐོར་ཅུང་ཟད་བཤད་དགོས་པ་གལ་ཆེན་དུ་མཐོང༌། སེལ་ཞེས་པ་དེ་ནི་བཙོག་མནོལ་གྱི་རིགས་སེལ་བྱེད་ཀྱི་ཆོ་ག་ཞིག་ཡིན་ལ་དེ་ནི་ཐོག་མར་སུས་སྲོལ་བཏོད་པ་ཡིན་མིན་ད་ལྟ་ང་ཚོས་ཐག་བཅད་ནས་བཤད་མི་ཐུབ་ཀྱང་གཙང་མ་ལྷ་སེལ་སོགས་བོན་གྱི་དཔེ་ཆ་མང་པོ་ཞིག་ལས་ཐོག་མར་སྲིད་པ་ཆགས་པའི་རྗེས་སུ་གནམ་ལ་ལྷ་གར་རྟེན་གསུམ་དང༌། བར་ན་མི་སྨྲ་གཤེན་གསུམ། ས་ལ་འདྲེ་སྲིན་བྱུར་གསུམ་[1]ཆགས་ནས་ལྷ་གར་རྟེན་གསུམ་གྱིས་མི་ལ་མགོན་པ་དང༌། འདྲེ་སྲིན་བྱུར་གསུམ་གྱིས་མི་ལ་གནོད་པ་བྱེད་པ། གཤེན་གྱིས་ལྷ་གསོལ་བ་དང༌། འདྲེ་བཀར་བ་བཅས་བྱས་ཏེ་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་བཤད་པ་མ་ཟད་སེལ་གྱི་བོན་ཡང་གཤེན་རབ་མ་བྱོན་པའི་གོང་ནས་ཡོད་པའི་ཚུལ་འོག་ནས་འཆད་པར་འགྱུར། སྐབས་འདིའི་ལྷ་ཞེས་པ་ནི་བསམ་པ་བཟང་ཞིང་འགྲོ་བ་མི་ལ་མགོན་སྐྱོབ་བྱེད་པའི་ནུས་མཐུ་ཅན་ཞིག་དང༌། འདྲེ་སྲིན་སོགས་ནི་བསམ་པ་ངན་ལ་དྲག་ཤུལ་ཆེ་བ་དང་རང་ཉིད་དང་རིགས་མི་གཅིག་པ་ཀུན་ལ་གནོད་པ་བྱེད་པར་དགའ་བའི་སྙིང་བརྩེ་བྲལ་བ་ཞིག་ལ་ངོས་བཟུང་ཡོད། བོན་གྱི་བསྟན་འབྱུང་ལས་[2]གསལ་བ་ལྟར་ན་སྟོན་པ་གཤེན་རབ་མ་བྱོན་པའི་གོང་བོད་ཀྱི་ཡུལ་འདི་ལྷ་ཀླུ་སོགས་ཀྱིས་དབང་བྱས་ཏེ་དུས་རབས་མང་པོ་ཕྱིན་ཡོད་པ་དང༌། དེའི་དུས་སུ་མི་དང་ལྷ་འདྲེ་བཅས་མཉམ་དུ་གནས་ནས་མི་དང་མི་འཕྲད་པ་བཞིན་ཕན་ཚུན་གཏམ་གླེང་བྱེད་ཐུབ་པ་དང༌། སྐབས་རེར་མཛའ་བརྩེའི་ངང་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གནས་ཏེ་མི་དང་གཉན་སྲིན་སོགས་འབྲེལ་བའི་བུ་རྒྱུད་མང་པོ་བྱུང་བ་དང༌། མི་དང་ལྷ་འདྲེའི་བར་མཁོན་འགྲས་དང་མ་རུང་བའི་གནས་ཚུལ་བྱུང་ཚེ་བོན་པོའམ་གོང་གི་གཤེན་པོ་རྣམས་ཀྱིས་ལྷ་ལ་མཆོད་འབུལ་དང༌། འདྲེ་ལ་གླུད་ཡས་འཇལ་ནས་མཁོན་འཁྲུག་ཞི་བར་བྱེད་པར་བཤད། དེའི་དུས་སུ་ལྷ་གསོལ་བ་ཞེས་པ་ཡང་ལྷ་སྲིན་སོགས་ལ་ཕོག་ཐུག་ཤོར་ཚེ་དེ་དག་ལ་ཐུགས་འགལ་སྐོང་བྱེད་ལ་འབྲི་གཡག་ར་ལུག་བཤས་ཏེ་ཤ་དང་ཁྲག་སོགས་ཕུལ་ནས་མཁོན་འགྲས་ཞི་བར་བྱེད་པའི་ཐབས་ལམ་ཙམ་ཡིན་ནམ་སྙམ། སེལ་བྱེད་པའི་སྲོལ་ཡང་སྟོན་པ་གཤེན་རབ་མི་བོ་མ་བྱོན་པའི་གོང་དེར་ཡོད་པ་ནི་གཤེན་རབ་ཀྱི་ཡབ་རྒྱལ་བོན་ཐོད་དཀར་སྐུ་འཁྲུངས་པའི་དུས་སུ་ལ་ལ་ཡིས་སེལ་བཏབ། ལ་ལ་ཡིས་ཁྲུས་བྱས། ལ་ལ་ཡིས་གཡང་བླན། ལ་ལ་ཡིས་ལྷ་གསོལ་ཞེས་མདོ་གཟེར་མིག་ལས་[3]གསལ་བ་ལས་ཤེས་ཐུབ་པ་ཡིན།

        དེའི་རྗེས་སུ་སྟོན་པ་གཤེན་རབ་མི་བོ་བྱོན་ནས་ཁོང་གིས་ཐེག་པ་རིམ་དགུ་ལ་སོགས་རིག་པའི་གནས་མང་པོ་གཏན་ལ་ཕབ་སྟེ་ཁོང་གི་སློབ་མ་རྣམས་ལ་སེལ་གྱི་བོན་སྡེ་མང་པོ་གསུངས་པ་ནས་བཟུང་ད་ལྟའི་བར་དུ་སེལ་གྱི་ཆོ་ག་མང་པོ་ཞིག་བོད་ཀྱི་དམངས་ཁྲོད་དུ་དར་ནས་ལག་ལེན་བྱེད་བཞིན་པ་ཡིན། དེ་ཡང་རྒྱུ་བོན་གྱི་ཁོངས་སུ་གཏོགས་པའི་སེལ་དང་གླུད། གཏོ་ཆོག་གི་རིགས་ཕལ་ཆེར་གདོད་མའི་བོན་པོ་ཚོས་གཏན་ལ་ཕབ་པའི་ཆོ་ག་རྨང་གཞི་བྱས་པའི་ཐོག་ངན་དོར་བཟང་ལེན་བྱས་པ་ཞིག་ཡིན་སྟབས་ཆ་མང་པོ་ཞིག་ནས་གདོད་མའི་བོན་དང་མཐུན་ཞིང༌། གཏོ་ཆོག་འདི་རྣམས་ཀྱི་གསེང་ནས་གདོད་མའི་སྤྱི་ཚོགས་དང༌། ཆོས་ལུགས་སོགས་ཀྱི་རྣམ་པ་དེ་རགས་ཙམ་མངོན་པས་གདོད་མའི་ཤེས་རིག་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཞིབ་འཇུག་གནང་མཁན་ཚོར་ལྟོས་ན་དཔྱད་ཡིག་གལ་ཆེན་ཞིག་ཀྱང་ཡིན་སྙམ།

སེལ་གྱི་གོ་དོན་དང་བཙོག་རིགས་ངོས་འཛིན་ཚུལ།

    གཉིས་པ་སེལ་གྱི་གོ་དོན་དང་དགོས་པ་ནི། སེལ་གྱི་གཞུང་ལས།[4] དཀར་ནག་བསལ་བས་སེལ་ཞེས་བྱ། །གཙང་སྨེ་བསལ་བས་སེལ་ཞེས་བྱ། །སྨེ་མནོལ་བསལ་བས་སེལ་ཞེས་བྱ། །དམེ་མུག་བསལ་བས་སེལ་ཞེས་བྱ། །དབུལ་འཕོང་《ཕོངས》བསལ་བས་སེལ་ཞེས་བྱ། །འགག་པ་བསལ་བས་སེལ་ཞེས་བྱ། །ཞེས་གསུངས་པ་ལྟར་འགྲོ་བ་མིས་མནོལ་བཙོག་གི་རིགས་དང༌། འགོ་བའི་ལྷ་ཡི་ཐུགས་དང་འགལ་བའི་ལས་བྱས་པ་སོགས་ཀྱི་དབང་གིས་གཙང་རིགས་ཀྱི་ལྷ་ཡི་ཐུགས་ལ་ཕོག་ནས་ལྷ་རྣམས་མནོལ་བ་དང༌། དེའི་སྐྱོན་གྱིས་འཇིག་རྟེན་ཞིང་འདིར་གནས་པའི་མི་དང་དུད་འགྲོ་སོགས་ལ་ནད་ཡམས་དང༌། མུ་གེ འཁྲུག་རྩོད། ཀེགས་བར་ཆད་སོགས་མི་མཐུན་པའི་རིགས་བྱུང་བ་རྣམས་སེལ་བ་དང༌། ཕྱི་ཡི་སྣོད་ལ་ཡང་ཆར་ཆུ་དུས་སུ་མི་འབེབས་པ། ལོ་ཉེས་ཡོང་བ། ས་བཅུད་ཤོར་བ་སོགས་སྣོད་ཀྱི་སྐྱོན་མང་པོ་བྱུང་བ་སེལ་བ་ལ་སེལ་ཞེས་བརྗོད་པ་ཡིན།

    སེལ་གྱི་གཞུང་ལས་བཤད་པའི་བཙོག་རིགས་ངོས་བཟུང་བ་ལ་སྤྱིར་བཏང་ཡུལ་ལུང་དང་མི་རིགས་མི་འདྲ་བ་རྣམས་ཀྱིས་སོ་སོའི་ཡུལ་གྱི་ལུགས་སྲོལ་དང་འདུ་ཤེས་འཛིན་སྟངས་མི་མཐུན་པའི་དབང་གིས་གཙང་བཙོག་ངོས་འཛིན་བྱེད་ཚུལ་མི་འདྲ་ཞིང༌། མི་རིགས་གཅིག་གིས་གཙང་མར་བཞག་པ་གཞན་ཞིག་གིས་བཙོག་པར་བརྩི་བས་མི་མཐུན་པ་ནི། དཔེར་ན་ཞང་བོད་མི་རིགས་ཀྱིས་རྟ་ཤ་ལ་བཙོག་པར་བཟུང་ནས་རྟ་ཤ་ཟོས་ན་མནོལ་གྲིབ་འབྱུང་བར་བརྩི་ཡང༌། མི་རིགས་ཁ་ཤས་ཀྱིས་རྟ་ཤ་ལ་གཙང་མར་བརྩིས་ཏེ་ལོངས་སུ་སྤྱོད་པ་བཞིན་ཡིན་ནོ། །ཡིན་ན་ཡང་རང་རང་གི་རྣམ་རྟོག་གིས་བཙོག་པར་བཟུང་བས་རང་ལ་བཙོག་སྐྱོན་འབྱུང་བ་དང༌། གཙང་མར་བཟུང་བས་རང་ངོ་ལ་གཙང་མའི་ཕན་ཐོགས་འབྱུང་བ་ནི་ལུང་ལས། གཞི་རྩ་མེད་པའི་བོན་འདི་ལ། །གང་ལྟར་བཏགས་པ་དེ་ལྟར་སྣང༌། །ཞེས་པ་ལྟར་འཇིག་རྟེན་མིའི་ན་ཚ་དང་བདེ་སྡུག་གི་ཆ་མང་པོ་ཞིག་གི་རྩ་བ་བསམ་བློ་ཁོ་ནར་ཐུག་ཡོད་པས་སོ། །

   འོན་ཀྱང་སྐབས་འདིར་སེལ་གཞུང་ལས་བཤད་པའི་གཙང་བཙོག་ནི་ཞང་བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ལས་བྱུང་བ་ཡིན་ལ་རང་རེའི་ཕ་མེས་ནས་བཟུང་ད་ལྟའི་བར་བཙོག་མནོལ་འདི་དག་ལ་འཛེམ་ང་བྱེད་པ་ཡིན། དེའི་བཙོག་མནོལ་སྐྱེད་བྱེད་ཀྱི་སྤང་བྱའི་ལས་ནི། གེ་ཁོད་དམར་ཚན་ལས། ཡི་དམ་སྤང་ལེན་བྱས་པ། དམ་ཚིག་ཆགས་ཉམས་ཤོར་བ། མོ་ནག་མོ་དང་རྔུལ་འདྲེས་པ། དམེ་རག་མོ་དང་མལ་གཅིག་པ། ཡ་མ་ཅན་གྱི་གོས་གྱོན་པ། ཉམས་པ་ཅན་གྱི་ཟས་ཟོས་པ། རྟ་ཤ་ཤུལ་མོ་ཟོས་པ། མི་རོ་དམར་པོ་ལ་རེག་པ། གཉན་རྒོད་བཞག་ལེན་བྱས་པ། ལྷ་རྒོད་ཐུབ་ཆོད་བྱས་པ་དང་བཅས་[5]ནི་འགོ་བའི་ལྷ་ཚོགས་མི་དགྱེས་པའི་སྤང་བྱའི་ལས་དང་དམར་ཚན་གྱིས་བཀྲུ་བྱར་བཞག་ཡོད།

    གཞན་ཡང་བོད་ཀྱི་དམངས་ཁྲོད་དུ་ཐབ་གཞོབ་ཅེས་ཤ་ཁྲག་གི་རིགས་དང༌། གཞན་པའི་སྤུ་རིགས་སོགས་མེ་ལ་སྲེག་ཚེ་དྲི་ངན་གྱིས་རང་ལ་མགོན་པའི་ལྷ་རྣམས་ཐག་རིང་དུ་འགྲོ་བས་ན། ལྷ་དང་མི་ལ་མི་འཕྲོད་པའི་དངོས་པོ་ཐམས་ཅད་ཐབ་ཀྱི་མེ་ནང་དུ་ཤོར་ཚེ་དེ་མ་ཐག་ཏུ་ཤུག་པ་སོགས་དྲི་ཞིམ་གྱི་བསང་རྫས་རྣམས་བསྲེགས་ཏེ་ཐབ་ལྷ་དང༌། ཁྱིམ་ལྷ་སོགས་ལ་སེལ་འདེབས་པའི་ལུགས་སྲོལ་དེང་གི་དུས་སུའང་མ་ཉམས་པར་གནས། རྒྱུ་མཚན་ནི་གོང་གི་དྲི་ངན་རྣམས་ལ་འགོ་བའི་ལྷ་ལྔ་[6]བཅས་རང་ལ་མགོན་པའི་ལྷ་རྣམས་མི་དགྱེས་པས་མནོལ་བཙོག་གི་རྐྱེན་པས་རང་ལ་འགོ་བའི་ལྷ་དང་འབྲལ་འགྲོ་བའི་ངོས་འཛིན་བྱེད་པ་ཡིན། དེའི་རྒྱུ་མཚན་གྱིས་སྔགས་པ་རྣམས་ཀྱིས་མཐུ་བྱད་གཏོང་སྐབས་དགྲ་བོར་མགོན་སྐྱབས་བྱེད་མཁན་གྱི་ལྷ་དང་ཕྲལ་བའི་སྐབས་སུ་རྫས་ངན་མེ་ལ་བསྲེགས་པ་དང༌། བཙོག་ཆུ་གཏོར་ནས་ལྷ་དབྱེ་བྱེད་སྲོལ་ཡོད། དེ་ལ་ལྷ་དང་ཕྲལ་བའི་རྫས་བོང་ང་དང༌། གུ་ཁུལ་དང༌། ཁྱི་ལུད་དང༌། བུད་མེད་ཡུག་ས་མོའི་ཞབ་མ་[7]དང༌། རྟ་བོན་[8]དང་ལྔ་བསྲེགས་ཏེ་ལིང་གར་བདུག་པ་དང༌། མི་རབས་ཆད་ཀྱི་འབོབ་སུ་[9]དང༌། མཛེ་ཕོ་ཤི་བའི་རོ་ཤུལ་གྱི་ས་སོགས་བཙོག་རྫས་མང་པོ་ཞིག་ཆུ་ནང་དུ་བསྲེས་ཏེ་དགྲ་བོའི་ལིང་ག་ལ་གཏོར་ན་སྐྱོབ་པའི་ལྷ་དང་འབྲལ་བར་བྱེད་པ་དོན་འདུས་རྩ་བའི་འགྲེལ་ལས་[10]བཤད་ཡོད། ཡང་གྲི་གུམ་བཙན་པོས་སྔ་ཤ་དང་ཕྱི་ཤ་ལ་སྤྲེའུ་དང་བྱི་ལའི་པགས་པ་བཀལ་བས་རྒྱལ་པོའི་སྒྲ་བླ་དང་ཕོ་ལྷ་སོགས་སྐྱོབ་པའི་ལྷ་རྣམས་མ་དགྱེས་ནས་ཡལ་བའི་རྗེས་ལ་འབངས་ལོ་ངམ་གྱིས་རྒྱལ་པོ་དཀྲོངས་པའི་གཏམ་རྒྱུད་[11]ལས་གནའ་བོའི་དུས་སུ་རོ་རིགས་དེ་རྣམས་ལ་བཙོག་པར་བརྩི་བ་ཤེས་པ་དང༌། གཞན་ཡང་ཞེ་སྡང་ཚད་ལས་བརྒལ་བའི་དབང་གིས་ཕ་མ་བུ་ཚ་ཕན་ཚུན་ནང་དམེ་བྱེད་པ་དང༌། གཏི་མུག་ཚད་ལས་བརྒལ་བའི་དབང་གིས་གཙང་བཙོག་མི་ཤེས་པར་བསྲེས་པ་དང༌། འདོད་ཆགས་ཚད་ལས་བརྒལ་བའི་དབང་གིས་མིང་སྲིང་འཚོས་པའི་ནལ་ཕྲུག་བྱུང་བ་ལྟ་བུ་ལ་དམེ་མུག་ནལ་གསུམ་གྱི་དུག་ཅེས་ངོས་འཛིན་བྱེད་ཅིང༌། མ་རུང་བའི་ལས་དེ་རྣམས་བྱུང་ཚེ་ཡུལ་ལྷ་གཞི་བདག་མི་དགའ་བ་དང༌། དེའི་དབང་གིས་ཡུལ་ལུང་དེའི་སྣོད་བཅུད་ཀུན་ལ་བཀྲ་མི་ཤིས་པའི་བྱ་བ་འབྱུང་བར་བརྩི་བ་ཡིན། དེའི་ཚུལ་ནི་དུས་རབས་བརྒྱད་པའི་སྐབས་སུ་བོད་དུ་མི་ནད་དང་ཕྱུག་ནད་སོགས་བཀྲ་མི་ཤིས་པའི་ལས་སྣ་ཚོགས་བྱུང་བས་མོ་མ་དང་ཤེས་ལྡན་རྣམས་ཀྱིས་དེ་ནི་ཕ་མེད་པའི་ནལ་ཕྲུག་ཅིག་གིས་ནལ་སྣ་ཕོག་སྟེ་གནོད་པས་རྗེའི་མགུར་ལྷ་བཅུ་གསུམ་དང་གཙང་མའི་ལྷ་རིགས་རྣམས་ཀྱིས་དེ་མ་བཞེད་པའི་སྐྱོན་ཡིན་ནོ་ཞེས་ནལ་ཕྲུག་ཅིག་ངོས་བཟུང་ནས་བོན་པོ་རུས་མི་གཅིག་པ་དུ་མས་གླང་ནག་ཐུར་སེལ་དང༌། འགར་ནག་ཐུར་སེལ་བྱས་ཏེ་ཡས་གླུད་དང་བཅས་གླང་ཁམ་པ་ལ་བསྐྱོན་ནས་ཉི་མ་ལྷོ་ནུབ་མཚམས་སུ་བཏང་བར་བཤད་པ་[12]ལྟ་བུའོ། །

སེལ་ལ་བརྟེན་པའི་ཡོན་ཏན་དང་བཙོག་མནོལ་གྱི་སྐྱོན།

    སེལ་གཞུང་ལས་བཤད་པའི་སྤང་བླང་གི་རྣམ་བཞག་འདི་རྣམས་ཀྱིས་ལོ་གྲངས་སྟོང་ཕྲག་དུ་མའི་རིང་ཞང་བོད་མི་རིགས་དབང་དུ་བསྒྱུར་ནས་སྤང་བླང་ཚུལ་བཞིན་བྱས་པའི་ཉེར་ལེན་གྱིས་གངས་ལྗོངས་ཀྱི་ཁོར་ཡུག་ལ་འབག་བཙོག་ཉུང་བ་དང༌། རང་བྱུང་ཁམས་ཀྱི་སྐྱེ་དངོས་དང༌། རི་སྐྱེས་སྲོག་ཆགས་ཀུན་ལ་གཅེས་སྲུང་ཐུབ་པ་བཅས་མདོར་ན་ཁོར་ཡུག་སྲུང་སྐྱོབ་དང༌། སྤྱི་ཚོགས་ཀྱི་འཕྲོད་བསྟེན། ལུས་ཁམས་བདེ་ཐང་སོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་ཐོན་དང༌། འདོན་བཞིན་ཡོད་པས་དོན་མེད་རྨོངས་དད་ཀྱིས་རྟོག་བཟོ་ཙམ་མ་ཡིན་པ་དང༌། མ་འོངས་པར་ཡང་ང་ཚོས་སྤང་བླང་འདི་དག་ལ་སྲུང་བརྩི་བྱས་པ་ཡིན་ན་འཛམ་གླིང་གི་ཕྱིའི་གནམ་གཤིས་ཚ་དྲོད་མི་སྙོམས་པ་དང༌། ནང་གི་ནད་རིགས་སོགས་གོད་ཆགས་དུ་མ་འགོག་ནུས་པ་ཡིན་ནོ། །མནོལ་བའི་སྐྱོན་ནི་མནོལ་བསང་ལས།[13] ལུས་མནོལ་རྟག་ཏུ་མྱོས་ཤིང་ལུས་པོ་ལྗི། །འབྲུམ་བུ་ཤུ་འཐོར་འབྱུང་ཞིང་ངོ་སོ་ནག །ངག་མནོལ་སྐད་འགག་སྣ་འཚུབ་ལྕེ་སྐོག་《ལྐོག་》སྐྲངས། །《མིག་མནོལ་》མིག་ལོང་མིག་རྣག་ཆགས་ཤིང་རྣ་བ་འོན། །སེམས་མནོལ་ཤེས་པ་འཕྱོ་ཞིང་གཉིད་བསྔངས་བྱེད། །རྨུགས་ཤིང་བྱིང་ལ་སེམས་འཁྲུག་རྩིག་《གཙིག་》པ་ཟ། །ཤ་མནོལ་ཤ་རྒོད་ཤོར་ཤིང་ཉམས་སྟོབས་ཆུང༌། །རུས་མནོལ་རྐང་ལག་སྦྲིད་ཅིང་སོ་སྲིན་ལང༌། །ཁྲག་མནོལ་ཤུ་འབྲུམ་རྨ་ལད་ཁྲག་རྣག་འཛག །ལྤགས་མནོལ་ཆུ་བུར་རྡོར་《བརྡོལ་》ཞིང་ཟ་ཕྲུག་བྱེད། །ཡན་ལག་མནོལ་ན་ཞ་གྲུམ་སྦྲིད་ཅིང་སྐྲངས། །སྤུ་མནོལ་སྤུ་རྣམས་བྱི་ཞིང་བློ་སྣ་འཐུམ། །ལུས་ལྷ་མནོལ་ན་ཤ་འགུལ་ཤ་རོ་འབྱུང༌། །འཕྲག་ལྷ་མནོལ་ན་བཀྲག་དང་གཟི་མདངས་ཉམས། །རྒྱབ་བརྟེན་ལྷ་མནོལ་ལུས་དང་སེམས་མི་བདེ། །སྲུང་སྐྱོབ་ལྷ་མནོལ་མདངས་ཤོར་ཐལ་བ་མདོག །ཁང་ལྷ་མནོལ་ན་འཇིགས་ཤིང་ཚག་སྒྲ་བྱེད། །ཕུགས་ལྷ་མནོལ་ན་སྔོ་ཧམ་བྱི་བས་ཟ། །ཞིང་ལྷ་མནོལ་ན་ས་བོན་རུལ་ཞིང་ཁོལ་བུར་སྟོང༌། །ཞེས་གསུངས་པ་ལྟར་མནོལ་གྲིབ་ཀྱིས་རང་ཅག་གི་ལུས་ངག་ཡིད་སོགས་ཀྱི་ནུས་མཐུ་དང་རླུང་རྟ་ཉམས་ནས་གེགས་བར་ཆོད་དང༌། ན་ཚ་སོགས་རྒུད་པ་ཐམས་ཅད་འབྱུང་བའི་སྒོ་ཕྱེ་བ་བསྟན་འདུག །

སེལ་གྱི་དབྱེ་བ་དང་བསང་ཁྲུས་ཀྱི་སེལ་བཤད་པ།

    དེ་རྣམས་སེལ་བའི་ཐབས་ལ་ཆབ་ནག་ཆུ་བོ་སེལ་གྱི་སྒོ་ཞེས་སེལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་དེ། རྩ་དཀར་འཕེལ་བའི་ཡར་སེལ་དང༌། རྩ་ནག་འགྲིབ་པའི་མར་སེལ་དང༌། མཉམ་ཉིད་བསོར་བའི་བར་སེལ་དང་གསུམ། དེ་རེ་རེ་ལའང་བཞི་རེ་སྟེ་སེལ་རིགས་ཆེན་པོ་བཅུ་གཉིས་མདོ་དྲི་མེད་གཟི་བརྗིད་ལས་[14]གསུངས། དང་པོ་ཡར་སེལ་ནི་རིགས་རྒྱུད་དང༌། ལོངས་སྤྱོད། རླུང་རྟ། ཆེ་བཙན་གྱི་སྟོབས་བཅས་འཕེལ་བར་བྱེད་པའི་སེལ་དང༌། མར་སེལ་ནི་རིགས་རྒྱུད་ཆད་ལ་ཁད་པ་དང༌། དབུལ་ཏེ་ལྟོག་《ལྟོགས》ལ་ཁད་པ། བརླགས་སྟོར་ཕུང་སྟེ་ཉེས་ལ་ཁད་པ། ཐོབ་གོ་ས་ཤོར་ཏེ་ལྟུང་ལ་ཁད་པའི་སྐྱོན་སེལ་བར་བྱེད་པ་དང༌། བར་སེལ་ནི་ལྷ་མིའི་བར་གྱི་འཁོན་འགྲས་དང༌། ཤིན་ཏུ་རྩུབ་པའི་གློ་བུར་གྱི་གེགས། དམེ་མནོལ་བཙོག་གྲིབ་ཀྱིས་འབག་པ། རྨི་ལམ་པྲ་ལྟས་ངན་པ་བཅས་སེལ་བྱེད་ལ་གོ་བ་ཡིན། ཞང་བོད་ཀྱི་ལྗོངས་སུ་གནའ་ནས་བཟུང་ད་ལྟའི་བར་འགྲོ་བ་མི་ཡི་རིགས་སྐྱེ་བ་དང༌། ན་བ། གཉེན་སྟོན། གཤིན་གྱི་རོ་ལས་བཅས་ཀུན་གྱི་དུས་སུ་སེལ་བྱེད་པ་དང༌། གསང་སྔགས་ཀྱི་བསྙེན་སྒྲུབ་ཀྱི་སྐབས་སུའང་ཐོག་མར་སེལ་གྱི་ཆོ་གའི་སྒོ་ནས་གཙང་སེལ་བྱེད་དགོས་པ་ཡིན་པས་སེལ་ནི་རང་ཅག་གི་འཚོ་བའི་ཁྲོད་དུ་ངེས་པར་དུ་མཁོ་དགོས་ཆེ་བའི་སྡེ་ཚན་ཞིག་ཏུ་ཆགས་ཡོད། སེལ་གྱི་ཆོ་གའི་སྐབས་སུ་མནོལ་འབག་སེལ་བྱེད་ལ་གཙོ་བོ་བསང་དང༌། ཁྲུས་ཀྱི་ཆོ་ག་སྤེལ་བ་དང༌། སྒྲ་བླ་དང་ཝེར་མ་ཅང་སེང་བཅས་ལ་བརྔན་ཡོན་འབུལ་ཏེ་རྒུད་པ་དང་ཉམས་ཆགས་ཐམས་ཅད་གསོ་བ་ཡིན་པས་དང་པོ་བསང་ནི་དྲི་ཞིམ་གྱི་མཆོད་པའི་ཆེད་གཅིག་པུ་མ་ཡིན་པར་མནོལ་བཙོག་བསང་བྱེད་ལ་གོ་དགོས་ཤིང༌། བསང་ཞེས་པའི་ཐ་སྙད་འདི་ཡང་བརྡ་སྦྱར་མཁན་པོས་ཐོག་མར་བཏགས་ཚེ་བཙོག་རིགས་བསང་བའམ་སེལ་བྱེད་ཀྱི་ཆ་ནས་བཏགས་པ་ཡིན་པས་བསང་རྫས་ལའང་བཙོག་མནོལ་སེལ་བའི་ནུས་པ་ཅན་གྱི་ཤིང་སྣ་དང་སྨན་རྫས་དགོས་པ་ལས་དྲི་མ་ཞིམ་པོ་ཡོད་པ་ཙམ་གྱིས་མི་ཆོག་པར་སེམས། དེ་ལའང་བསང་དཀར་དང༌། བསང་ནག མནོལ་བསང༌། ཐབ་བསང༌། སྦྲ་བསང༌། ལྷ་བསང༌། ཀླུ་བསང༌། ཝ་བསང་སོགས་ཀྱི་རྣམ་གྲངས་མང་པོ་ཡོད་པ་ཐམས་ཅད་ཀྱི་དགོས་པ་གཅིག་མཚུངས་ཡིན་ནོ། །གཉིས་པ་མནོལ་བཙོག་གཙང་ཚན་གྱིས་བཀྲུ་བའི་ཐབས་ལ་ཁྲུས་དགོས་ཤིང༌། དེ་ལའང་གྲིབ་སེལ་སྐྱིན་འདང་རླབས་ཁྲུས་དང༌། ནད་སེལ་གྱི་ཁྲུས། མནོལ་སེལ་དཀར་ཁྲུས། ཉམས་པ་སྦྱང་པའི་གླིང་ཁྲུས་བཅས་བཤད་པ་རྣམས་ལ་ཆུ་སྣ་མི་འདྲ་བ་དང༌། ནང་དུ་བསྲེ་རྒྱུའི་སྨན་རྫས་ཀྱང་མི་འདྲ་བ་དགོས་པར་བཤད་དེ། བྱམས་མའི་བྱད་བཀྲོལ་གྱི་ཟིན་བྲིས་ལས[15]། གྲིབ་སེལ་སྐྱིན་འདང་རླབས་ཁྲུས་ནི་གནམ་ལས་བབས་པ་ཁ་ཆར་གྱི་ཆུ་ལ་གནས་བྱིན་ཅན་གྱི་ས་སྣ་དང་ཇུ་གང་སིནྡྷུ་ར་གུར་གུམ་རྣམས་འཕྲད་དུ་སྦྱར་བའོ། །གདོན་འདུལ་དབལ་ཆུའི་དྲག་ཁྲུས་ནི་སྟག་ལ་མེ་འབར་གྱིས་བྱིན་གྱིས་བརླབས་པའི་གནས་དབལ་རོང་གི་དབལ་ཆུ་རང་ཁོལ་བྱུང་ན་རབ། དེ་མིན་ཆུ་ཚན་རང་ཁོལ་གྱི་འགོ་ནས་བླངས་པའི་ཆུ་གཙང་མ་ལ། འཕྲད་དུ་དབལ་སྙིང་རྣམ་གསུམ་བརྩལ་ཞེས་བྱ་སྟེ་དབལ་སྙིང་དབལ་རྡོ་ནི་དབལ་རོང་གི་དབལ་ཟང་《ཟངས》ནས་བླངས་པའི་རྡོ་སྣ་དང༌། དབལ་སྙིང་རིན་པོ་ཆེ་སྣ་ལྔ་ནི་གསེར་གཡུ་མཆོང་དུང་ལྕགས་ལྔ་དང༌། དབལ་སྙིང་འབྲུ་ནི་ཀུན་འཇོམས་གཟུངས་སྔགས་དྲག་པོ་བསྒྲུབས་པའི་སྔགས་ནས་ཉུངས་དཀར། གཞན་ཡང་དྲག་རྫས་གཡེར་མའི་འབྲུ་དང༌། ཤིང་སྐྱེར་པ་དང་ཉ་བྲེག་གི་འབྲུ་དང༌། སྨན་སྣ་གླ་རྩི་དང་ཤིང་ཀུན་རྒྱ་ཚ་སྦྲང་རྩི་ཕག་གི་སྣ། ཤ་རུའི་དུམ་བུ་འདབ་ཆགས་ངུར་པའི་ཤ་རྣམས་སྦྱར་བའི་ཕྱེ་མ་རྣམས་ཀྱིས་འཕྲད་སྦྱར་བའོ། །ནད་སེལ་ཚན་ཁྲུས་ནི། ཆུ་མིག་ཤར་ལྟའི་གཙང་མའི་ཆུ་ལ་ནད་སེལ་བཟང་དྲུག་དང༌། ཚན་སྣ་སུམ་བརྒྱ་དྲུག་ཅུའམ་མ་འཛོམས་ན་ཚན་ལྔ་དང༌། དཀར་ཚན་ལས་བཤད་པའི་རྫས་རྣམས་འཕྲད་དུ་སྦྱར་བའོ། །མནོལ་སེལ་དཀར་ཁྲུས་ནི། གཙང་པོ་གཞུང་ཆེན་གྱི་ཆུ་དང༌། རབ་བ་དཀར། དེ་མིན་བའམ་འབྲི་དཀར་མཚན་ཅན་གྱི་འོ་མ་བསྲེས་པ་ལ། སྐྱོན་སྐྱོབ་ལས་བཤད་པ་ལྟར་གྱི་སྤྱི་རྒྱུགས་བུམ་རྫས་ཉེར་ལྔའི་འཕྲད་སྦྱར་བའོ། །ཉམས་པ་སྦྱང་པའི་གླིང་ཁྲུས་ནི་རབ་མ་པང་གི་མཚོ་ཆུ་དང༌། དེ་མིན་བ་ཚྭ་ཅན་མིན་པའི་མཚོ་ཆུ་གང་རིགས་ལ་འཕྲད་དུ་བདུད་རྩི་སྨན་སྒྲུབ་དང༌། བདུད་འཛོམས་གཟུངས་ལས་བཤད་པའི་རྫས་བཞི་དང༌། ཡོན་ཏན་ཅན་གྱི་གདུང་ཐལ་སྦྱར་བའོ། །རྫས་བཞི་ནི་དེ་ཉིད་ལས། དེ་ལས་བསྲུང་བའི་རྫས་བཞི་བསྟན། ཤེལ་ཤིང་ནག་པོས་མཐོང་དུག་སེལ། །གུ་གུལ་ནག་པོས་སྦྱོར་དུག་སེལ། །རྟ་བོན་རེག་པའི་དུག་རྣམས་སེལ། །སྤྱི་བཞུར་ཁ་རླངས་དུག་རྣམས་སེལ། །དེ་རྣམས་ཞིབ་བརྡུང་ལེགས་པར་བསྲེ། །ནད་པར་ཁྲུས་དང་བདུག་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བཙོག་མནོལ་བཀྲུ་བྱེད་ལ་ཚན་ཁྲུས་ཞེས་བཤད་པ་དེ་ལ་དཀར་ཚན་དང་དམར་ཚན་གཉིས་ཡོད་དེ་གཉིས་ཀྱི་ཁྱད་པར་ནི་རྩི་ཤིང་གི་སྨན་རྫས་སྣ་ཚོགས་བསྲེས་པའི་ཁྲུས་ཆུ་ལ་དཀར་ཚན་དང༌། ཁྲག་སྣ་མང་པོ་བསྲེས་པའི་ཁྲུས་ཆུ་ལ་དམར་ཚན་ཞེས་བརྗོད་ཅིང་འདི་གཉིས་ལ་དག་པའི་ཚན་དང་མ་དག་པའི་ཚན་ཞེས་པའི་ཐ་སྙད་ཀྱང་བེད་སྤྱོད་བྱས་འདུག ཚན་ཞེས་པའི་གོ་དོན་ལ་མཁས་པ་ཁ་ཅིག་གིས་ཁྲུས་ཞེས་པའི་དོན་དུ་གོ་དགོས་ཞེས་[16]བཤད་ཀྱང་རིག་འཛིན་ཚན་ཁྲུས་ལས་[17]གཡའ་ཚན་སྲོ་ལོ། གངས་ཚན་ཤ་རུ། ནགས་ཚན་ག་པུར་གངས་ཆུ། བྲག་ཚན་ཨ་བ། སྤང་ཚན་མཁན་པ། རིན་པོ་ཆེའི་གཏེར་ཚན་ཞེས་ཐ་སྙད་འདི་འབག་བཙོག་འཇོམས་པའི་རྩི་ཤིང་དང་རིན་ཆེན་གྱི་རིགས་ལའང་བེད་སྤྱོད་བཏང་འདུག་པས་བཙོག་མནོལ་སེལ་བའི་ནུས་པ་དང་ལྡན་པའི་རྩི་ལྟ་བུའི་དོན་ལ་གོ་བར་སྙམ། དེ་ཡང་གེ་ཁོད་ཀྱི་བསང་ཁྲུས་ལས[18]། ལྷ་རྒོད་མནོལ་བ་བསང་པའི་ཚན། །བདུད་རྩི་རྩི་དགུ་སྐྱེ་བར་ཤོག །ཅེས་དང༌། དེ་ལ་བསང་གི་རྩི་དགུ་འཁྲུངས། །སྨེ་མནོལ་དག་པའི་ཟིལ་ཐིག་ཆགས། །ཨ་ཀྲོང་དཀར་པོ་གངས་ཀྱི་རྩི། །བདུད་རྩི་སྲོ་ལོ་གཡའ་ཡི་རྩི། །ཞེས་སྲོ་ལོར་གོང་དུ་ཚན་ཞེས་བཤད་ཀྱང་འདིར་རྩི་ཞེས་ཐ་སྙད་བཏགས་ཏེ་ཚན་དང་རྩི་གཉིས་ཐ་སྙད་གང་བདེ་བཏགས་པ་ལྟ་བུ་འདུག

གཙང་མ་ལྷ་སེལ་ལས་གསལ་བའི་ལྷ་ཡི་ངོ་བོ་དང་གནམ་རིམ་པ་བཅུ་གསུམ་གྱི་ངོས་འཛིན།

    གཙང་མ་ལྷ་སེལ་སོགས་སེལ་གཞུང་རྣམས་ལས་གསལ་བའི་ལྷ་ཞེས་པ་ཇི་ལྟར་ཡིན་ན་འདོད་ལྷ་རིགས་དྲུག་དང༌། གཟུགས་ཁམས་དང་གཟུགས་མེད་ཁམས་པའི་ལྷ་ཡི་ཁོངས་གཏོགས་མིན་ཞིང་སྲིད་པ་དང་པོའི་དུས་སུ་མི་དང་ལྷན་ཅིག་ཏུ་གནས་ཤིང་མི་ལས་ནུས་མཐུ་ཆེ་བ་དང༌། མི་ལ་ཉམས་ཉེས་བྱུང་ཚེ་རོགས་སུ་སྦྲན་ན་སྡོང་གྲོགས་བྱེད་མཁན་གྱི་རིགས་ཤིག་ཡིན། དེ་ཡང་ལྷ་ཡི་མཚན་ནི་རྨ་རིགས་ཞང་ཞུང་གི་ལྷ་སྐུ་ལྷ་ཁྲི་མུ་རྒྱུང་དང༌། གྲག་ལྷ་མུན་སེལ་དར་དར་བྱ་བ་གཉིས། སྟོང་རིགས་གསུམ་《སུམ་》པའི་ལྷ་སྟོང་ལྷ་སྟག་གཡག་དང༌། བུ་རང་དཀར་པོ་མཆེད་བརྒྱད་བྱ་བ་གཉིས། ལྡོང་རིགས་མེ་ཉག་གི་ལྷ་ལྡོང་ལྷ་མ་བུ་དང༌། སྒོང་ལྷ་སྟག་གཡག ལྡོང་ལྷ་དཀར་པོ་མཆེད་བརྒྱད་བཅས་དང༌། སེ་རིགས་འ་ཞའི་ལྷ་སེ་ལྷ་ཡོ་ཕྱ་དང༌། གནམ་ལྷ་ཐོབ་ཐོབ། གནམ་ལྷ་ཡེར་ཡེར། གནམ་སྨན་དཀར་མོ། གནམ་ལྷ་དཀར་པོ་མཆེད་བརྒྱད་བཅས་དང༌། ཞང་པོ་སྒ་ཡི་ལྷ་ཞང་ལྷ་ཕ་བོང་བཅས་དང༌། འགོ་བའི་ལྷ་ལྔ་དང༌། སྐྱོབ་པའི་ལྷ་དགུ་[19]བཅས་དང༌། གཟི་བརྗིད་ཆབ་ནག་སེལ་གཞུང་ལས་གསལ་བའི་སྒྲ་བླ་དང༌། ཝེར་མ། ཅང་སེང་སོགས་སོ། །གཙང་མ་ལྷ་སེལ་ལས་མིའུ་རིགས་བཞིའི་ལྷ་རྣམས་ལ་མི་ཡིས་མ་མཆོད་ན་ཉམས་ཤིང་གུད་འགྲོ་བ་བཤད་པ་ལྟར་མི་ལ་བརྟེན་དགོས་པའི་ལྷ་རིགས་ཏེ་ཕོ་ལྷ་མོ་ལྷ་སྲོག་ལྷ་ཞང་ལྷ་ལྟ་བུའི་རིགས་ལ་གོ་དགོས་པ་ལས་ཡེ་ཤེས་པའི་ལྷ་དང༌། གཞུང་ལས་བཤད་པའི་ཁམས་གསུམ་གྱི་ལྷ་ལྟ་བུ་མ་ཡིན་ནོ། །ལྷ་ཞེས་སྨོས་པའི་དོན་ནི་བསམ་པ་བཟང་ཞིང་འགྲོ་བ་མི་ལ་མགོན་སྐྱོབ་བྱེད་པའི་ནུས་པ་ཅན་རྣམས་ལ་མི་རྣམས་ཀྱིས་ལྷ་ཞེས་མིང་བཏགས་པ་ཡིན་ཏེ། དཔེར་ན་ད་ལྟ་རང་རེས་གསོལ་མཆོད་བྱེད་བཞིན་པའི་རི་བྲག་ལ་གནས་པའི་གཞི་བདག་རྣམས་ལ་ཡུལ་ལྷ་ཞེས་འབོད་པ་བཞིན་ནོ། །གོང་གི་སྐུ་ལྷ་ཁྲི་མུ་རྒྱུང་སོགས་སྲིད་པའི་མིའུ་རིགས་བཞིའི་ལྷ་རྣམས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་གནས་པར་བཤད་པའི་གནམ་རིམ་པ་བཅུ་གསུམ་ནི་མི་ཡི་སྡོད་གནས་ས་གཞི་དང་ཐང་ཤོད་རྣམས་ལས་ཆེས་མཐོ་ཞིང་མི་ཕལ་པ་འགྲོ་སྐྱོད་མི་ཐུབ་པའི་རིམ་པ་བཅུ་གསུམ་ཡོད་པའི་གནས་ཤིག་ལ་ངོས་འཛིན་དགོས་པར་སེམས། ཞིབ་འཇུག་པ་ལ་ལས་བོན་ལུགས་ལ་གནམ་ལའང་ཐོག་མར་རིམ་པ་དགུ་ཡོད་པ་ནས་ཕྱིས་སུ་རིམ་པ་བཅུ་གསུམ་དུ་འཕེལ་ཚུལ་བརྗོད། གྲངས་བཅུ་གསུམ་དེ་ཡང་བོན་ལྟར་ན་བཀྲ་ཤིས་པའི་གྲངས་སུ་བརྩི་བ་ཡིན། ཞེས་བཤད་[20]ཀྱང་ཁོ་བོས་བསམ་ཚུལ་ལ་བོན་ལུགས་ལ་གྲངས་དགུ་དང་བཅུ་གསུམ་གཉིས་ལ་གལ་ཆེ་ཆུང་དང་བཀྲ་ཤིས་མི་ཤེས་ཀྱི་ཁྱད་པར་མེད་ཅིང་ཐེག་པ་དགུ་དང༌། གཡུང་དྲུང་གི་དབྱིངས་དགུ། སྐྱོབ་པའི་ལྷ་དགུ། སྐད་གཅོང་དགུ། སྒྲ་བླ་མཆེད་དགུ་སོགས་དགུ་ཚན་མང་པོ་བགྲང་བའི་སྲོལ་ཡོད་པ་དང༌། ལྷག་པར་གནམ་རིམ་པ་བཅུ་གསུམ་དང༌། ས་རིམ་པ་དགུ་ལྟ་བུ་ནི་གཏོ་ཆོག་གི་ཡིག་རྙིང་སོགས་བོན་དཔེ་དུ་མ་ནས་གསལ་བས་བོན་ལུགས་ཀྱི་བགྲང་ཚུལ་མ་བསླད་པ་ཡིན་པ་ལས་ཕྱིས་སུ་བོན་པོ་ཚོས་གནམ་རིམ་པ་དགུ་ལས་གནམ་རིམ་པ་བཅུ་གསུམ་དུ་སྤར་བའི་རྒྱུ་མཚན་མེད་དོ་སྙམ། སྐབས་འདིའི་གནམ་རིམ་པ་བཅུ་གསུམ་ལ་ལྷ་རྐྱང་པ་གནས་པ་མ་ཡིན་པར་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་བདུད་ཆེན་རེ་སྟེ་མགོ་ཡག་དང༌། རིམ་པ་བཅུ་གཉིས་ཀྱི་སྟེང་ན་བདུད་བཟང་པོ་ཞ་ཞུང༌། རིམ་པ་བཅུ་གཅིག་ལ་བདུད་ཟེར་ཏེ་ཐུགས་ཆེན་ལྟ་བུ་གནམ་རིམ་པ་རེ་རེ་ལ་བདུད་རེ་རེ་གནས་ཡོད་པར་བཤད་[21]ཅིང༌། ཟློག་པའི་སྐབས་སུ་ཡས་ཀྱི་བདུད་གཡོས་པ་ཟློག ཅེས་པའི་ཡས་བདུད་ནི་འདི་རྣམས་ལ་ངོས་འཛིན་དགོས་པ་དང༌། གནམ་སྒོ་བཅད་ཅེས་པའང་བདུད་ཀྱིས་གནམ་ནས་གནོད་པ་གཏོང་སའི་ལམ་སྒོ་བཅད་པ་ལ་གོ་བར་སྙམ། དེར་བརྟེན་གནམ་རིམ་པ་བཅུ་གསུམ་ནི་ཁྱད་དུ་འཕགས་པའི་གང་ཟག་ཁོ་ནའི་འདུག་ས་མ་ཡིན་པར་བརྟེན་བོན་པོ་ཚོས་རིམ་པ་དགུ་ལས་བཅུ་གསུམ་དུ་སྤར་བའི་དགོས་པ་མེད་དོ། །སྤྱིར་བཏང་གནའ་བོའི་མི་ཚོས་ལྷ་དང་སྒྲ་བླ་བཅས་རང་ཅག་འདུག་ས་འདི་ལས་མཐོ་བའི་གནས་ཏེ་ནམ་མཁའི་སྒང་ལྟ་བུ་ཞིག་ལ་གནས་པར་ངོས་འཛིན་བྱ་སྲོལ་ཡོད་དེ། མཐོན་པོ་དགུང་གི་ཡང་སྟེང་ན། སྒྲ་བླ་གཉེན་པོ་ངོ་སོ་བསྟོད། ཅེས་[22]དང༌། མཐོ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་སྒང༌། །བཅུ་གསུམ་སྒང་གི་ཡང་སྟེང་ནས། །འོད་གསལ་ལྷ་ཡི་ཕོ་བྲང་ནས། །སྒྲ་བླ་གཉེན་པོ་ངོ་སོ་བསྟོད། །ཅེས་[23]གསལ་བ་ལས་ཤེས་སོ། །

གཙང་མ་ལྷ་སེལ་གྱི་ཆོ་ག་སྤེལ་ཚུལ་མདོ་ཙམ་བཤད་པ།

     གཙང་མ་ལྷ་སེལ་གྱི་ཆོ་ག་སྤེལ་ཚུལ་ནི་ནལ་ཕྲུག་སྐྱེས་པ་དང༌། རོ་གྲིབ་བྱུང་བ་སོགས་བཙོག་སྐྱོན་བྱུང་ཚེ་འགོ་བའི་ལྷ་བརྒྱད་[24]དང༌། ཡུལ་གྱི་ཡུལ་ལྷ་བཅས་ལ་མནོལ་གྲིབ་བམ་བཙོག་པའི་སྐྱོན་ཕོག་པ་དང༌། དེའི་སྐྱོན་གྱིས་འགྲོ་བ་མི་ལ་ལམ་འགྲོ་མེད་པ་དང༌། ཀླུང་རྟ་གུད་པ། ན་ཚ་འཕེལ་བ་བཅས་འོང་བ་ཡིན་པས་དེ་མ་ཐག་ནས་སེལ་གྱི་ཆོ་ག་རྣམས་སྤེལ་བ་ཡིན། དང་པོ་གཟི་བརྗིད་ལས།[25]   ལྷ་གཞི་དཀར་པོའི་སྟེང་དུ་ནི། །སྔོན་མོ་ནས་ཀྱི་སྨྲན་མ་བླུག །ལྷ་མདའ་སྒྲོ་དཀར་རྟེན་ལ་གཟུགས། །སེལ་གསས་མཆོད་པའི་ཡོ་བྱད་བཤམས། །ཞེས་གསལ། དེའི་རྒྱུ་མཚན་ནི་གཙང་མ་ལྷ་སེལ་གྱི་གཞུང་ལས་སྔོན་གྱི་དུས་ཤིག་ན་མི་ཡིས་བྱ་རྒོད་ཐང་དཀར་ལྷ་རྟེན་ལ་བཟུང་སྟེ་ལུས་ལ་དར་ཚོན་སྣ་ལྔས་བརྒྱན་པ་དང༌། ཐུ་ལུར་མེ་ལོང་དང༌། རྐང་པར་གསེར་གཡུ་བཏགས། ལྷ་རྡོ་མགོ་ལ་བཀལ། བྱ་ཡི་གྲེ་བ་ལ་ནས་ཡོད་པ་ཕྱུང་སྟེ་ལྷ་གཞིའི་སྟེང་དུ་ཕྱུང་བ་བཅས་བྱས་པས་ད་ལྟ་དེའི་མཚོན་དོན་ལ་བྱ་ཡི་ལུས་དཀར་པོ་ཡོད་པས་འབྲང་རྒྱས་མཚོ་གླིང་བཞག་པ་དང༌། ལྷ་རྡོའི་ཚབ་ཏུ་མདའ་དང༌། དར་དང་མེ་ལོང་རྣམས་མདའ་ལ་བཏགས་པ་དང༌། རྐང་པའི་ཚབ་ཏུ་མདའ་ལ་ལྕགས་ཀྱི་མདེའུ་རྩེ་བཅས་འདོགས་པར་བཤད[26]། འདི་ནི་གནའ་བོའི་བོན་པོ་རྣམས་ཀྱིས་སེམས་ཅན་གསོན་པོ་བཟུང་སྟེ་ལྷ་ཡི་རྟེན་དུ་འཇོག་པ་དང༌། དེ་བཞིན་ལྷ་ལ་མཆོད་པ་འབུལ་བའི་སྲོལ་ཡོད་ཀྱང་དེའི་རྗེས་སུ་གཡུང་དྲུང་བོན་གྱི་ལུགས་ལ་གདོད་མའི་དམར་མཆོད་དེ་རྣམས་བཀག་ནས་དེ་དག་གི་ཚབ་ཏུ་མདའ་དར་དང་གཏོར་མ་འཇོག་པའི་ལུགས་སྲོལ་དུ་བསྒྱུར་བ་ཡིན། ཡང་གཞི་ནས་ལ་བཤད་པ་བྱེད་ཚུལ་གཞན་ནི་ལྷ་གཞི་མེ་ཏོག་ཅེས་པ་ལས་[27] དབུས་སུ་ནས་ཀྱི་གཡུང་དྲུང་བྲི། དེའི་ཕྱི་རིམ་ནས་ཀྱི་གཡུང་དྲུང་གིས་བསྐོར། དེའི་ཕྱི་རིམ་ནས་ཀྱི་ཚོམ་བུ་བཀོད། དེའི་ཕྱི་རིམ་ནས་ཀྱིས་བསྐོར། དེའི་ཕྱི་རིམ་ནས་འབྲུ་གཏོར་དགོས་པ་བཤད་ཅིང༌། དེ་རྣམས་ཀྱི་དགོས་པ་ལ་དང་པོ་གཡུང་དྲུང་བོན་གྱི་བཞུགས་གནས་དང༌། དེ་ནས་རིམ་བཞིན་བླ་མ་ཡི་དམ་མཁའ་འགྲོ་དང༌། བོན་སྐྱོང་དཔལ་མགོན་ནོར་ལྷ་དང༌། ལྷ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག་བཅས་ཀྱིས་བསྐོར་བ་མཚོན་བྱེད་དུ་བཤད་འདུག འོན་ཀྱང་ལྷ་སེལ་གྱི་ཟིན་ཐོ་ཁག་ལས་ནས་ཀྱི་ཚོམ་བུ་བཅུ་གསུམ་དང༌། གཞན་པའི་མཆོད་རྫས་ཁག་ཀྱང་ཚོ་བཅུ་གསུམ་རེ་དགོས་པར་བཤད་པ་ནི་གནམ་རིམ་པ་བཅུ་གསུམ་དུ་བཞུགས་པའི་ལྷ་སོ་སོའི་རྟེན་གྱི་མཚོན་བྱེད་ཡིན་པར་སྙམ།

    དེའི་དབུས་སུ་ལྷ་ཡི་རྟེན་དུ་མདའ་བྱ་སྒྲོ་དང་དར་ཚོན་སྣ་ལྔས་བརྒྱན་པ་ཞིག་བཙུགས། གཞན་ཡང་མཆོད་རྫས་དང་གླུད་རྫས་རྣམས་ཚང་བར་བཤམས་སོ། །འདིར་དམིགས་བསལ་དུ་བལ་ཐག་དཀར་པོ་ཞིག་གི་སྣེ་གཅིག་མཆོད་ཁྲིའི་ཐོག་དང༌། སྣེ་གཅིག་ཁང་པའི་གནམ་ཁུང་ནས་ཡར་ཁང་ཐོག་ཏུ་བཏགས་པ་དེ་ནི་ལྷ་སྤྱན་འདྲེན་པའི་ལམ་གྱི་མཚོན་བྱེད་ལྟ་བུ་ཡིན། ཆོ་ག་དངོས་ཀྱི་སྐབས་ཡི་དམ་གང་ཡིན་དེའི་གཞུང་གྲུབ་རྗེས་དེ་ནས་ཆོ་ག་དངོས་ཀྱི་ནང་ཐོག་མར་སྨྲང་རྒྱུད་རིང་པོ་ཞིག་བཤད་ནས་དེའི་མཇུག་ཏུ་སྔོན་གྱི་སྲོལ་དང་མཐུན་པའི་ཆོ་གའི་བྱེད་སྒོ་ཁག་སྤེལ་བ་ནི་ཆབ་ནག་གི་ཆོ་ག་ཕལ་ཆེ་བ་གཅིག་མཚུངས་ཡིན། འདི་ཡི་དགོས་པ་ནི་ལྷ་དང་འདྲེ་ལ་སྨྲང་ཇི་ཙམ་གྱིས་ཞིབ་པར་བརྗོད་ན་གཏོ་ཆོག་གི་ནུས་པ་ཆེ་བར་བརྩིས་ཏེ། ཆབ་ནག་ནུས་པ་སྨྲང་ལས་འབྱུང༌། ཟེར་སྲོལ་ཡོད། གཞུང་འདིར་བྱུང་བའི་སྨྲང་གི་ནང་དོན་ནི་སྔོན་གྱི་དུས་ཤིག་ན་ཐོག་མར་ལྷ་མི་གཉིས་འཆམ་མཐུན་ངང་ལྷན་ཅིག་ཏུ་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གནས་ཡོད་ཀྱང་དུས་རེ་ཞིག་ན་སྲིད་པའི་མིའུ་རིགས་བཞིས་ལྷ་ལ་ཟས་ཕུད་འབུལ་རྒྱུ་བརྗེད་པ་དང༌། ཐབ་གཞོབ་སྣ་ཚོགས་བྱས་པའི་རྐྱེན་གྱིས་ལྷ་རྣམས་ཐུགས་འཁྲུགས་ཏེ་གནམ་རིམ་པ་བཅུ་གསུམ་གྱི་གོང་དུ་གཤེགས་ནས་མི་ལ་མགོན་སྐྱབས་མ་བྱས་པས་འདྲེ་སྲིན་གྱིས་མི་ལ་གནོད་པ་བྱས་ནས་མི་རྣམས་དབུལ་པོར་གྱུར་ཏེ་མི་རིགས་ཀྱི་འཕེལ་ཁ་ཞན་པ་སོགས་ལྷ་མི་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་སྟེ་ལྷ་མིའི་བར་ལ་འཁོན་འཁྲུག་བྱུང་སྐབས་ལྷ་བོན་ཐོད་དཀར་བྱ་བས་[28] ཕ་བོང་སྒམ་ཁྱེར་འཕྲིན་པ་མངགས་ཏེ་གནམ་རིམ་པ་བཅུ་གསུམ་གྱི་གོང་ནས་ལྷ་རྣམས་སྤྱན་དྲངས་ནས་གཙང་མ་ལྷ་སེལ་གྱི་ཆོ་ག་སྤེལ་ཏེ་ལྷ་མིའི་བར་གྱི་འབྲེལ་བ་ཆད་པ་སླར་གསོ་བྱས་ཏེ་ལྷ་མི་གཉིས་ཀ་འཆམ་མཐུན་ངང་གནས་པ་བཅས་ཀྱི་ཕན་པ་ཆེན་པོ་བྱུང་བ་བསྟན་ཡོད། སྨྲང་གི་ལེའུ་ཚར་ནས་འདིར་ལྷ་སྤྱན་འདྲེན་པའི་སྐབས་སུ་གོང་གི་གཏམ་རྒྱུད་ལྟར་གནམ་རིམ་པ་བཅུ་གསུམ་ནས་སྤྱན་འདྲེན་པའི་ཚུལ་དུ་གོང་གི་ཐག་པ་དཀར་པོའི་བརྒྱུད་ནས་ཕ་བོང་ལྷ་ཡུལ་དུ་ཡར་བསྒྲོད་ཚུལ་དང༌། དེ་ནས་ལྷ་དང་ལྷན་དུ་མར་ཕེབས་ཚུལ་བཅས་བྱེད་སྲོལ་འདུག དེ་ནས་མཆོད་པ་འབུལ་བ། དབང་པོའི་སྒོ་བསལ་བ་བཅས་དང༌། འདི་ཡི་སྐབས་སུ་ལྷ་བདག་ཅེས་ཁྱེའུ་དར་དཀར་གྱི་གོས་གྱོན་པ་ཞིག་གིས་བསང་ཕོར་ལག་ཏུ་ཁྱེར་ནས་བཙོག་གྲིབ་ཤོར་བའི་དངོས་པོ་དེར་བསང་ལན་མང་གདུག་པ་དང་། ཁྲུས་མང་པོ་བྱ་སྲོལ་འདུག

ལོག་པའི་གཏོ་དང་སེལ་གྱི་སྐོར།

    འཇིག་རྟེན་གྱི་ཁམས་ན་བཟང་པོ་རེའི་ཁ་གཏད་དུ་ངན་པ་རེ་འབྱུང་བ་བཞིན་རྒྱུ་བོན་བཞི་པོ་འདི་ལའང་གྲོང་ཆོག་པ་འགའ་ཞིག་གིས་ཟ་འདོད་དང་ཆགས་སྡང་གི་དབང་གིས་ཕྱིན་ཅི་ལོག་སྣ་ཚོགས་སུ་སྤྱོད་པའི་ལུགས་སྲོལ་དར་མྱོང་ཡོད། དེ་ཡི་ཚུལ་ནི་མདོ་འདུས་ལེའུ་བཅོ་ལྔའི་སྐབས་སུ་གསལ་[29]བ་ལྟར་ན་ཕྱྭ་གཤེན་པ་ཡིན་པར་བརླམས་པ་ཁ་ཅིག་གིས་དམར་མཆོད་དགོས་པའི་ལུང་བསྟན་བྱེད་པ་དང་། སྣང་གཤེན་པ་ཁས་འཆེས་པ་ཁ་ཅིག་གིས་གང་ཟག་འགའ་ཞིག་གི་ན་ཚ་སོགས་ལ་ཕན་པའི་ཆེད་གང་ཟག་གཞན་པའི་སྲོག་བཅད་དེ་དམར་གཏོ་དངོས་སུ་བྱེད་པ། སྲིད་གཤེན་པ་ཁས་འཆེས་པ་ཁ་ཅིག་གིས་འདས་མཆོད་ཀྱི་ཆེད་རྟ་ནོར་ར་ལུག་མང་པོ་བསད་དེ་གཤིན་པོར་གཏད་ཡར་བྱེད་པ། འཕྲུལ་གཤེན་པ་ཁས་འཆེས་པ་ཁ་ཅིག་གིས་རང་རྒྱལ་གཞན་ཕམ་གྱི་ཆེད་དུ་དྲན་དྲན་བོན་དུ་གྱེར་ཏེ་ལྷ་བཙུན་སྒྲ་བླ་ཟེར་ནས་ལ་ཀའི་ཐོ་ཡོར་མཆོད་པ་སོགས་གཞུང་དང་མི་མཐུན་པའི་རྒྱུ་བོན་ཕྱིན་ཅི་ལོག་པ་མང་པོ་ཞིག་དར་མྱོང་བར་གསུངས། འདི་དག་ལ་བསམ་ཞིབ་ལེགས་པར་བྱས་ན་རྒྱུ་བོན་གྱི་མིང་ཅན་ཐམས་ཅད་ཡང་དག་མིན་པར་རྟོགས་ནུས་པ་དང་། འདི་དག་ལ་སྤྱོད་པའི་བོན་པོ་དེ་རྣམས་ཀྱིས་ཀྱང་རང་ལུགས་དེ་ཡང་དག་པར་བསྒྲུབ་པའི་ཆེད་དུ་ཁོ་ཅག་གི་བོན་དེ་རྣམས་གཤེན་རབ་སོགས་གང་ཟག་ཁྱད་པར་ཅན་རྣམས་ཀྱིས་སྲོལ་བཏོད་པའི་བོན་ཡང་དག་ཡིན་པ་དང་། སྔོན་གྱི་གང་ཟག་སྐད་གྲགས་ཅན་ག་གེ་མོས་དམར་མཆོད་འདི་ལྟར་བྱས་པས་གཞན་ལ་ཕན་ཡོན་ཆེན་པོ་བྱུང་བ་སོགས་སྨྲས་ཡོད་ཅེས་བཤད་ཐུབ་ཅིང་འདི་དག་གིས་བྲིས་པའི་ལོག་པའི་གཏོ་ཆོག་གི་ཡིག་སྣ་ཡང་མེད་པའི་རྒྱུ་མཚན་མ་དམིགས་པས་ན། ལོ་ཤས་གོང་ལྷོ་བྲག་གཏམ་ཤུལ་ནས་ཐོན་པའི་བྱོལ་རབས་སོགས་ཀྱི་དཔེ་ཆ་དེ་རྣམས་ཀྱང་ལུགས་སྲོལ་འདིར་གཙིགས་ཆེར་འཛིན་པའི་གང་ཟག་འགའ་ཞིག་གིས་བྲིས་པ་ཡིན་སྲིད་པ་རེད་འདུག གོང་དུ་སྨོས་པ་བཞིན་གཏོ་ཆོག་གི་སྐབས་སུ་སྨྲང་རབས་ཅེས་གཏོ་ཆོག་གི་ཆོ་གའི་ལྷན་དུ་གཏམ་རྒྱུད་རིང་ཐུང་ཅི་རིགས་པར་བཤད་ཡོད་ཅིང་། དེ་དག་གི་ནང་དོན་ནི་སྔོན་གྱི་གང་ཟག་ག་གེ་མོ་ན་བ་དང་། བླ་འཁྱར་བ་སོགས་ཀྱི་སྐབས་སུ་གཏོ་མཁན་གང་ཞིག་གིས་གཏོ་བཅོས་ཅི་རིགས་པར་བྱས་པས་དྲག་བསྐྱེད་བྱུང་བས་ན་དེ་རིང་ཡང་ངེད་ཅག་གིས་སྔོན་གྱི་ལུགས་སྲོལ་དང་མཐུན་པར་གཏོ་ཆོག་སྤེལ་བ་སོགས་ཀྱི་ནང་དོན་འཁོད་འདུག འོན་ཀྱང་གཏམ་རྒྱུད་དེ་རྣམས་ཐམས་ཅད་བདེན་པ་ཡིན་པའི་ངེས་པ་མེད་ཅིང་སྒྲུང་གཏམ་མང་པོ་ཡོད་པ་ནི་ཞིབ་འཇུག་པ་ཚོས་ངེས་པར་དུ་མཁྱེན་དགོས།

གདོད་མའི་བོན་ལས་རྒྱུ་བོན་བཞི་འཕེལ་ཚུལ།

   གདོད་མའི་བོན་ལས་རྒྱུ་བོན་བཞི་འཕེལ་ཚུལ་ནི། བོད་ཀྱི་གདོད་མའི་བོན་ལུགས་ནི་ཞང་བོད་རང་ས་ནས་དར་བའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་སྟབས་ཐོག་མར་དུས་རབས་འདི་ཙམ་ནས་བྱུང་བ་དང༌། སྲོལ་གཏོད་མཁན་གྱི་གང་ཟག་གང་ཞིག་ཡིན་པ་སོགས་ང་ཚོས་ངེས་གཏན་བརྗོད་མི་ཐུབ་པ་ཡིན། འོན་ཀྱང་གདོད་མའི་བོན་པོ་ཚོས་མི་ཚེའི་རྒྱུད་རིམ་ཁྲོད་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཚེ་དེ་དག་གི་བྱེད་པོ་ལྷ་དང་འདྲེ་ཡིན་པ་ངོས་འཛིན་བྱས་ནས་མི་ལ་ན་ཚ་བྱུང་ཚེ་སེམས་ཅན་འགའ་ཞིག་བསད་ནས་ཤ་ཁྲག་གདོན་འདྲེར་འཇལ་ཏེ་ཚེ་སྲོག་བསླུ་བ་དང༌། དེའི་དུས་སུ་བདུད་བོན་དང༌། བཙན་བོན། གདོན་བོན་བཅས་ཀྱིས་དམར་མཆོད་འབུལ་བ་སྲིད་པ་སྤྱི་མདོས་ལས་[30]གསལ་བ་ལྟར་ཡིན། དེང་སྐབས་ས་འོག་ནས་གསར་དུ་རྙེད་པའི་དུར་ས་ཁག་ནས་མི་རོ་དང་ལྷན་དུ་དངོས་རྫས་མང་པོ་སྦས་ཡོད་པར་བཤད་པ་[31] རྣམས་ལ་དཔྱད་ན་གནའ་བོའི་བོན་ལུགས་ལ་མི་ཤི་བའི་རྗེས་སུ་འདས་མཆོད་ལ་རོ་དང་ལྷན་དུ་བཅའ་དངོས་སྦས་པའི་ལུགས་སྲོལ་ཡོད་པར་ཤེས་ནུས་པ་དང༌། ཁོ་ཚོས་ཤི་བའི་རྗེས་སུ་གཏན་མེད་དུ་མི་འགྲོ་བ་བཅའ་དངོས་དེ་དག་གིས་གཤིན་པོར་ཕན་ཐོགས་ཡོད་པར་བརླམས་པས་སྐྱེ་བ་སྔ་ཕྱི་ཡོད་པ་ཡང་ཁས་ལེན་ནམ་སྙམ། ད་དུང་ཁོ་ཚོར་རྐྱེན་ངན་འཕྲད་ཚེ་ལྷ་འབེབས་པ་དང༌། མོ་འདེབས་པ་བཅས་ཀྱི་སྒོ་ནས་གནོད་པ་འདི་དང་འདི་ཞེས་ལུང་བསྟན་བྱེད་པའི་སྲོལ་ཡང་ཡོད་པར་སྙམ་སྟེ། དཔེར་ན་དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བོན་པོའི་མིང་ཅན་འདི་རྣམས་བཞིན་ནོ། །མདོར་ན་གདོད་མའི་བོན་ཆོས་འདི་ནི་རིག་གཞུང་ཕུན་སུམ་ཚོགས་པ་ཞིག་མིན་ལ་སེམས་ཅན་བསད་དེ་དམར་མཆོད་བྱེད་པའི་འཚེ་བ་ཅན་གྱི་ཆོས་ལུགས་ཤིག་ཡིན་སྟབས་སྟོན་པ་གཤེན་རབ་ཀྱིས་གདོད་མའི་ལུགས་སྲོལ་ངན་པ་རྣམས་བཀག་སྟེ་སྒོ་བཞི་མཛོད་ལྔ་བཅས་རིག་པའི་གཞུང་ལུགས་ཅན་གྱི་བོན་རྣམས་གསུངས་པ་ཡིན། དེའི་ཚུལ་ནི་དམར་མཆོད་བཀག་སྟེ་འབྲུ་ཡི་གཏོར་མ་དང༌། སེམས་ཅན་གྱི་གཟུགས་བརྙན་བཟོས་ཏེ་མཆོད་པ་དང༌། དུར་མཆོད་ལ་སེམས་ཅན་དངོས་སུ་བསད་དེ་མཆོད་པའི་ལུགས་སྲོལ་བཀག་ནས་གཟུགས་རིས་ཀྱི་གཏད་ཡར་བྱེད་པའི་ལུགས་སྲོལ་བཅས་སྲོལ་བཏོད་པ་ཡིན། རྒྱུ་བོན་གྱི་རིགས་མང་པོ་ཞིག་གདོད་མའི་བོན་གྱི་རྨང་གཞིའི་ཐོག་འཕེལ་བ་ཡིན་སྟབས་གདོད་མའི་བོན་དང་ཆ་འདྲ་བ་མང་པོ་ཡོད་ཆོག་ཅིང༌། གཤེན་རབ་ཀྱིས་གདོད་མའི་བོན་བཀག་སྟེ་གཡུང་དྲུང་བོན་གྱི་རིང་ལུགས་བོད་ཀྱི་བོན་པོ་ཚོར་བསྟན་གནང་ཡོད་ཀྱང༌། གདོད་མའི་བོན་ནི་མི་ལོ་སྟོང་ཕྲག་མང་པོའི་རིང་བོད་དུ་དར་བས་བོད་མི་རྣམས་ཆོས་ལུགས་འདི་ལ་ཤིན་ཏུ་གོམས་ཤིང་འདྲིས་པ་དང༌། ཁོང་ཚོའི་སེམས་གཏིང་དུ་འཛུལ་ཏེ་ནམ་རྒྱུན་གྱི་སྤྱོད་ལམ་མང་པོ་ཞིག་ཆོས་ལུགས་འདིས་དབང་དུ་བསྒྱུར་ནས་བོད་མིའི་གོམས་གཤིས་ལྟ་བུ་ཞིག་ཆགས་ཟིན་སྟབས་ལས་སླ་པོའི་ཐོག་ནས་བཀག་བསྒྱུར་བྱེད་མི་ནུས་པ་ཡིན་པས་ད་ལྟ་བཞུགས་པའི་བོད་ཀྱི་བོན་དང་བན་གཉིས་ཀའི་ནང་དུ་གདོད་མའི་བོན་གྱི་ཆ་མང་པོ་ཞིག་འདྲེས་ཡོད་པ་དང༌། ཁོང་ཚོས་བྲིས་པའི་གཏོ་ཆོག་གི་དཔེ་ཆ་ཡོངས་རྫོགས་རྩ་མེད་དུ་སོང་ཡོད་ཅེས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པ་ཡིན་པས་བོན་གྱི་ཐ་སྙད་ཅན་གྱི་དཔེ་ཆ་མཐོང་ཚད་ཐམས་ཅད་གཤེན་རབ་ཀྱིས་སྲོལ་བཏོད་པའི་བོན་དུ་བགྲང་མི་འོས་པ་ཡིན་ལ། གཤེན་རབ་ཅེས་པའི་ཐ་སྙད་འདིའང་སྔོན་གྱི་དཔེ་ཆ་རྣམས་སུ་གང་ཟག་མི་འདྲ་བ་དུ་མར་བེད་སྤྱོད་བཏང་ཡོད་པ་ལས་མི་གཅིག་ཁོ་ནའི་མིང་ཡིན་པ་གསལ་མེད། དཔེར་ན་གང་ཟག་རྒྱུ་ཡི་གཤེན་རབ་ཅེས་གཡུང་དྲུང་བོན་ལ་སྤྱོད་པའི་གང་ཟག་ཐམས་ཅད་ལ་གོ་བ་དང༌། ལམ་ཞུགས་སེམས་དཔའ་ཐམས་ཅད་ལ་གཤེན་རབ་གཡུང་དྲུང་སེམས་དཔའ་ཞེས་སྨྲོས་པ་དང༌། དེ་བཞིན་བརྒྱ་པའི་གཤེན་རབ། ཁྲི་པའི་གཤེན་རབ་སོགས་གང་ཟག་མི་འདྲ་བ་དུ་མར་གཤེན་རབ་ཅེས་པའི་མིང་འདི་བཏགས་ཡོད་པ་དང༌། འཇང་རིགས་གཏོ་པའི་ལུགས་ལའང་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ཨ་མེ་གཤེན་རབ་ཅེས་པའི་མི་གཅིག་བྱུང་བའི་བཤད་སྲོལ་ཡོད་འདུག[32] དེས་ན་གཤེན་རབ་ཅེས་པའི་ཐ་སྙད་འདི་བོན་ལ་སྤྱོད་པའི་གང་ཟག་གི་མིང་སྟེ་བོན་པོ་ཞེས་པའི་མིང་དང་འདྲ་མཚུངས་སུ་འཇུག་པའི་སྐབས་ཡོད་པས་གཤེན་རབ་ཅེས་པའི་ཐ་སྙད་འཇུག་གཞིའི་གང་ཟག་ཐམས་ཅད་གཅིག་ཏུ་འཁྲུལ་བར་མི་བྱའོ།། །།

1) དཔལ་ཚུལ་བསྟན་འབྱུང་ལས་ལྷ་ནི་ཁམས་གསུམ་གྱི་ལྷ་དང༌། གར་ནི་དབལ་གསས་བདར་གསས་འཐོར་གསས་བཅས། རྟེན་ནི་སྲིད་སྐོས་ཕྱྭ་གསུམ་དང༌། མི་ནི་རི་བདུན་དང་གླིང་བཞིའི་མི་ལྟ་བུ། སྨྲ་ནི་མིའམ་ཅི། གཤེན་ནི་ལྷ་གསོལ་ཞིང་བོན་བྱེད་མཁན། འདྲེ་ནི་ལྷ་ལ་འགྲན་དུ་བཙལ་བ། སྲིན་ནི་མི་ལ་བདུད་དུ་འབེབ་པ། བྱུར་ནི་གཤེན་ལ་བར་ཆད་རྩོམ་པ་ལ་བོན་གྱི་བསྟན་འབྱུང་ཤོག་ངོས་༢༢ལས་གསལ། རྩོམ་པ་པོ་དཔལ་ལྡན་ཚུལ་ཁྲིམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

2) གོང་གསལ་བསྟན་འབྱུང་ཤོག་ངོས་༣༠།༣༡ལས་སྲིད་པ་དང་པོ་ལྷ་ཡིས་དབང་བྱས་པ་དང༌། དེ་རྗེས་མ་སངས་གཉན་གྱིས་དབང་བྱས། དེ་རྗེས་འཕྱེ་བོ་ཀླུ། དེ་རྗེས་གནོད་སྦྱིན་བཙན། དེ་རྗེས་བདུད་དང་སྲིན་མོ། དེ་རྗེས་བདུད། དེ་རྗེས་མ་སངས་སྤུན་དགུ། དེ་རྗེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱིས་དབང་ཤིང༌། ཡུལ་གྱི་མིང་ཡང་རིམ་བཞིན་ལྷ་ཡུལ་གུང་ཐང་དང༌། གཉན་ཡུལ་གསེར་སྟེང༌། ཀླུ་ཡུལ་ན་ར་གསེང་སྔོན། གདོང་དམར་བཙན་གྱི་ཡུལ། ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ། 《བདུད་ཀྱིས་དབང་བྱས་པའི་སྐབས་ཡུལ་མིང་གང་ཡིན་མ་གསལ་》བོད་ཡུལ་སྟོང་སྡེ་བཅོ་བརྒྱད། བོད་ཡུལ་སྦ་ཁ་ཆེ་བརྒྱད་བཅས་འབོད་པར་བཤད་འདུག

3) གཟེར་མིག་ཤོག་ངོས་༡༤ལས་གསལ། དྲང་རྗེ་བཙུན་པས་གཏེར་ལས་རྙེད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌།

4) གཟི་བརྗིད་ཤོག་ངོས་༤༡༧ལས་གསལ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང༌།

5) 1) ཡི་དམ་སྤང་ལེན་བྱས་པ་ནི་རང་གིས་བསྟེན་པའི་ཡི་དམ་རྒྱབ་ཏུ་དོར་བ། 2) དམ་ཚིག་ཆག་ཉམས་ཤོར་བ་ནི་མནའ་སྐྱེལ་དཔང་བཙུགས་བྱས་པའི་དམ་བཅའ་བོར་བའོ། །མདའ་དང་འཕང་ལས་དུམ་བུ་དེ་ནི་ཕྱིས་སུ་སྒྱུར་བཅོས་ཆེན་པོ་བྱས་པ་ཞིག་ཡིན་པར་སྣང་ཞིང༌། མི་གཙང་བའི་སྤྱོད་པ་བཅུ་གཅིག་ནང་ལས་གཉིས་པ་དེ་དང་བཙོག་གྲིབ་བར་འབྲེལ་བ་མེད་ལ་དེ་ནི་ཕྱིས་སུ་སྣང་བའི་ནང་དོན་ཞིག་ཡིན་པར་སྣང་ཞིང༌། དེའི་སྐོར་དཔེ་ཆ་གསུམ་པ་དེའི་ནང་དུའང་འཁོད་མེད་དོ། །ཞེས་བཤད་ཀྱང་དམ་ཚིག་ནི་ལྷ་དང་གང་ཟག་ཁྱད་པར་ཅན་དཔང་དུ་བཙུགས་ནས་མནའ་སྐྱེལ་ཁས་ལེན་བྱས་པ་ཡིན་ལ་དེ་འདྲའི་ཁས་ལེན་དོར་བ་ལ་མནའ་འགལ་དུག་འཐུང་ཞེས་ཐ་ཤལ་གྱི་སྤྱོད་པར་བརྩི་བས་མི་གཙང་བར་འཇོག་ཆོག་ཅིང༌། མནའ་འགལ་གྱི་ཉེས་པས་ས་བདག་ཀླུ་གཉན་ཡང་མི་དགའ་བར་འགྱུར་བ་ས་བདག་ཀླུ་གཉན་པང་ཀོང་ལས་གསལ་བ་དང༌། བསང་སེལ་ཁུ་བྱུག་གདང་སྐད་ལས། དམེ་མུག་ནལ་གསུམ་སེལ་གྱིས་བསལ། །མནའ་བྱེད་《བྱད་》བཙོག་གསུམ་སེལ་གྱིས་བསལ། །ཐབ་གཞོབ་མཁོན་གསུམ་སེལ་གྱིས་བསལ། །ཆགས་ཉམས་རལ་གསུམ་སེལ་གྱིས་བསལ། །ཞེས་གསུངས་འདུག

3) མོ་ནག་མོ་དང་རྔུལ་འདྲེས་པ་ནི་ནལ་ཕྲུག་མོའམ་ཡང་ན་ཡུག་ས་མ་དང་མཉམ་དུ་རྔུལ་ཆུ་འདྲེས་པ། 4) དམེ་རག་མོ་དང་མལ་གཅིག་པ་ནི་དམེ་སྡིག་ཅན་གྱི་བུད་མེད་དང་མལ་གཅིག་པ། 5) ཡ་མ་ཅན་གྱི་གོས་གྱོན་པ་ནི་བཙོག་གྲིབ་གོས་པའི་གོས་གྱོན་པ་ལྟ་བུ་ཡིན་ནམ་སྙམ་སྟེ། རྒྱུད་འགའ་ལས་དམེ་ཅན་གྱི་གོས་གྱོན་མི་ཆོག་པའི་དམ་ཚིག་ཅིག་བཤད་《བཀའ་འགྱུར་པོད་༡༦༢གནམ་ལྕགས་ཐོག་མདའ་ཡང་གསང་གི་རྒྱུད་》འདུག 6) ཉམས་པ་ཅན་གྱི་ཟས་ཟོས་པ་ནི་དམེ་ཤ་སོགས་ཟོས་པ། 7)དེ་ནས་རིམ་བཞིན་རྟ་ཤ་ཟོས་པ་དང༌། 8) མི་རོ་ལ་རེག་པ། 9)སྔར་བསྟེན་པའི་སྲུང་མ་སྤང་པ། 10) རང་གི་སྲུང་མ་ལ་མི་བརྩི་བ་བཅས་སོ། །

6) གཡུང་དྲུང་དམེ་རྒྱས་༤ལས། ཕོ་ལྷ་དང༌། དགྲ་བླ། སྲོག་ལྷ། མ་ལྷ། ཞང་ལྷ་ལ་སོགས་འགོ་བའི་ལྷ་ལྔ་ལ་དམ་བདར། ཞེས་བཤད། ཡང་ལྷ་ལྔའི་འགུག་པ་༡༣༥༤ལས། སྒྲ་བླ། ཡུལ་ལྷ། ཕོ་ལྷ། མ་ལྷ། ཞང་ལྷ་བཅས་ལྔ་གསལ། སྟེང་དགོན་བརྟེན་འགྱུར་པོད་༢༢་པ།

7) ཡུག་ས་མོའི་ལྷམ་འཚང་དང་ལྷམ་ཀྲད་ལྟ་བུ་ཡིན་ནམ་སྙམ།

8) རྟ་ཡི་དཔུང་པའི་ནང་ངོས་སུ་ཡོད་པའི་འཛེར་པ་མཁྲེགས་པོ་ཞིག

9) རྐང་ཤུབ་ལ་འབོབ་ཅེས་གོ་བ་ཡོད་པས་འདིར་རབས་ཆད་ཀྱི་རྐང་ཤུབ་ཡིན་ནམ་སྙམ།

10) དོན་འདུས་རྩ་བའི་འགྲེལ་ཤོག་ངོས་༤༧།༤༨ལས་གསལ། སྤ་གྲོ་ནས་ཁུ་ཚས་གཏེར་དུ་རྙེད། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།

11) སྲིད་པའི་མཛོད་ཕུགས་ཀྱི་ཀླད་དོན་ཤོག་ངོས་༧༧ལས་གསལ། མཛད་པ་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།

12) སྲིད་པ་རྒྱུད་ཀྱི་ཁ་བྱང་ཤོག་ངོས་༡༠༩།༡༡༠ལས་གསལ། གཏེར་མ་ཁོད་པོ་བློ་གྲོས་ཐོགས་མེད། ༡༩༧༦ལོར་ལྡི་ལིར་དཔར་དུ་བསྐྲུན་པ།

13) ལས་གྲུབ་མཁའ་འགྲོའི་མནོལ་བསང་ཤོག་ངོས་༡༠༨།༡༠༩ལས་གསལ། དྲུང་མུ་ཧ་རའི་སྙན་རྒྱུད། སྟེང་དགོན་བརྟེན་འགྱུར་པོད། ༧༡ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

14) གོང་གསལ་གཟི་བརྗིད་ཤོག་ངོས་༤༡༥ལས་གསལ།

15) བྱམས་མའི་བྱད་བཀྲོལ་གྱི་ཟིན་རིས་ཤོག་ངོས་༩༧༢ནས་གསལ། སྟེང་དགོན་བརྟེན་འགྱུར་པོད།༧ ཀན་སུའི་མི་རིགས་དཔེ་སྐྲུན་ཁང

16) སྒྲུང་ལྡེའུ་བོན་གསུམ་གྱི་ཤོག་ངོས་༢༣༥ལས་གསལ། མཛད་པ་པོ་ནམ་མཁའི་ནོར་བུ། རྡ་ས་བོད་ཀྱི་དཔེ་མཛོད་ཁང༌།

17) གེ་ཁོད་ཀྱི་ལྷ་ཚན་བོད་ཨང་༡༦ལས་གསལ། རྨ་རྩ་རིན་ཆེན་རྒྱལ་མཚན་གྱིས་པར་དུ་བསྐྲུན།

18) གེ་ཁོད་གསང་བ་དྲག་ཆེན་གྱི་རྟེན་འཛུགས་བོད་ཨང་༦ནས་གསལ། གོང་དང་མཚུངས།

19) འགོ་བའི་ལྷ་དགུའི་བསང་མཆོད་ཅེས་པ་ལས་ཕོ་ལྷ་དང༌། དགྲ་ལྷ། མ་ལྷ། སྲོག་ལྷ། ཞང་ལྷ། ཡུལ་ལྷ། ཁྱིམ་ལྷ། མཚུན་ལྷ། ཕྱུགས་ལྷ་བཅས་དགུ་ལ་འགོ་བའི་ལྷ་དགུ་ཞེས་བཤད་པ་འདི་དང་གཅིག་པ་ཡིན་ནམ་སྙམ་ཡང་མ་ངེས་སོ། །སྟེང་དགོན་བརྟེན་འགྱུར་པོད།༧༡ ཀན་སུའི་མི་རིགས་དཔེ་སྐྲུན་ཁང༌།

20) མདའ་དང་འཕང་སྟོད་ཆ་༢༣༢ལས་གསལ། མཛད་པ་པོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང༌།

21) གནམ་སྒོ་བཅད་པ་ཤོག་ངོས་༡༠༣༥ནས་གསལ། སྟེང་དགོན་བརྟེན་འགྱུར་པོད།༧༦ ཀན་སུའི་མི་རིགས་དཔེ་སྐྲུན་ཁང༌།

22) སྒྲ་བླའི་དཔའ་བསྟོད་ཤོག་ངོས་༥༡༤ལས་གསལ། སྟེང་དགོབརྟེན་ན་འགྱུར་པོད།༧༡ ཀན་སུའི་མི་རིགས་དཔེ་སྐྲུན་ཁང༌།

23) མཚུན་བཅོས་གཏེར་བུམ་ཤོག་ངོས་༡༩༢ལས་གསལ། སྟེང་དགོན་བརྟེན་འགྱུར་པོད།༧༡ ཀན་སུའི་མི་རིགས་དཔེ་སྐྲུན་ཁང༌།

24) ཡུལ་ལྷ། ཕོ་ལྷ། སྒྲ་བླ། སྲོག་ལྷ། མ་ལྷ། ཞང་ལྷ། ལེ་གུའི་ལྷ། ཀླུ་རྒྱལ་དང་བརྒྱད་ལ་འདྲེ་སེལ་ལས་འགོ་བའི་ལྷ་བརྒྱད་དུ་བཤད། ཤོག་ཚལ་ཞིག

25) གོང་གསལ་གཟི་བརྗིད་ཤོག་ངོས་༤༡༨ལས་གསལ།

26) གཙང་མ་ལྷ་སེལ་ཤོག་ངོས་༡༢༣ནས་གསལ། སྟེང་དགོན་བརྟེན་འགྱུར་པོད།༧༡ ཀན་སུའི་མི་རིགས་དཔེ་སྐྲུན་ཁང༌།

27) ལྷ་གཞི་མེ་ཏོག་ཤོག་ངོས་༡༥༢༧ནས་གསལ། སྟེང་དགོན་བརྟེན་འགྱུར་པོད།༧༦ ཀན་སུའི་མི་རིགས་དཔེ་སྐྲུན་ཁང༌།

28) ལྷ་བོན་ཐོད་དཀར་ཞེས་པའི་མིང་འདི་གང་ཟག་གཅིག་ཁོ་ནའི་མིང་མ་ཡིན་པར་གང་ཟག་སྔ་ཕྱི་མང་པོ་ལ་འཇུག་འདུག་པས་སྔོན་གྱི་དུས་སུ་དཔྲལ་བར་བལ་དཀར་གྱི་ལ་ཐོད་དཀྲིས་པའི་སྣང་གཤེན་བལ་ཐོད་ཅན་གྱི་ལྷ་གསོལ་མཁན་གྱི་བོན་པོ་ཐམས་ཅད་ལ་ལྷ་བོན་ཐོད་དཀར་ཞེས་འབོད་པར་སེམས།

29) ཤོག་གྲངས་༧༡ལས། གཤེན་རབ་འཁྲུལ་པ་མེད་པ་ལ། །བདུད་ནི་འཁྲུལ་ནས་ལོག་པར་སྤྱད་པ་སྟེ། །གཤེན་ཆུང་གོ་བུ་ཆུང་ནི་བདུད་ཀྱི་བུ། །མོ་མ་ལྡིང་ང་ལྡིང་ལོམ་བསླུ་བའི་རྫུན། །ཕྱྭ་གཤེན་ཚུལ་སྟོན་སེམས་ཅན་སྲོག་ལ་རྒོལ། །སྲོག་རྩ་ལྟ་ཞིང་སྡིག་རྫུན་དམྱལ་བའི་རྒྱུ། །སྣང་གཤེན་ཡས་ལ་ཞེན་པ་གྱིམ་ཤང་གོང་གོང་བཞིན། །མ་མཐོང་ལྷ་འདྲེ་སྲོག་གིས་བརྔན་དགོས་ཟེར། །མ་ཉེས་སེམས་ཅན་མང་པོ་སྲོག་དང་ཕྲལ། །མི་དགོས་གཏོ་བྱེད་ནོར་ལྷག་རི་ལ་སྐྱེལ། །བླུན་པོ་རྨོངས་པ་མགོ་སྐོར་སླ་བ་ཕྲ་མོ་ཁྲི་འོད་འདྲ། །རྫུན་གྱིས་ཕུགས་ཐུག་ཁྲི་ཤང་ཤི་བ་བཞིན། །སྡིག་པ་རོགས་སུ་ཧ་དྷའི་ཕ་མ་ངན་པ་འདྲ། །བོན་བླུན་རྨོངས་པ་ཧ་དྷ་ནག་པོ་བཞིན། ། སྡིག་པའི་རྣམ་སྨིན་འཕྲལ་དུ་སྨིན་པ་མོ་བོན་ལྕེབས་པ་བཞིན། །སྲིད་གཤེན་འཁྲུལ་པ་བདུད་ཀྱི་ལས་སྤྱོད་པ། །འཁོར་བ་ཟོ་ཆུའི་རྒྱུན་འདྲ་སྐྱེ་ཤིའི་ལམ་མ་རྟོགས། །འདིར་ཤི་ཕ་རོལ་གཅིག་ན་འདི་བཞིན་ཡོད་རྫུན་སྨྲས། །རྟ་ནོར་ཟས་ནོར་མང་པོ་མུན་ནག་ཁྲོད་དུ་བླུགས། །གྱེར་སྒོ་འདི་ནི་འདུར་གཤེན་བདུད་ཀྱི་ལས། །དོན་མེད་ལས་ལ་སྡིག་པ་རི་ཙམ་བསགས། །རྣམ་སྨིན་ལྕགས་ཀྱུས་དམྱལ་བའི་གནས་སུ་འདྲེན། །རང་དབང་མེད་པ་བཙོན་དུ་ཁྲིད་པ་བཞིན། །འཁྲུལ་གཤེན་འཁྲུལ་པ་བདུད་ཀྱི་ལས་སྤྱོད་པ། །རག་ཤ་འདྲེ་བརྡུང་སྲིན་པོ་པྲ་ཏེ་ལྷ་མཆོད་བཞིན། །ཞེ་སྡང་རང་རྒྱུད་བསྲེག་པས་སེང་གེ་མཚོར་མཆོང་བཞིན། །ལྷ་མཚུན་སྒྲ་བླ་ཟེར་ཞིང་ལ་ཀའི་ཐོ་མོར་མཆོད། །མཐོར་གསས་བདར་གསས་ཟེར་ཞིང་དྲན་དྲན་བོན་དུ་གྱེར། །འདྲེ་སྲིན་དཀར་《བཀར་》ཟེར་ཞིང་རོང་ཕུང་ཆུ་ནང་འབོབ། །མེད་ལ་ཡོད་པར་འཁྲུལ་པ་རི་དྭགས་སྨིག་རྒྱུ་སྙོགས། །དགེ་སྡིག་བསྲེ་ཞིང་སྤྱོད་པ་གྷོ་གཉིས་བྱའི་ཡས་དུག་སྒུམ་བུ་ཐུ་བ་འདྲ། །བདག་གཞན་གཉིས་ཀ་ཕུང་བ་རྦད་ཀྱིས་རྦད་བསླང་འདྲ། །དེ་འདྲའི་སྲིད་གཤེན་གྱེར་སྒོ་ཁྱབ་པ་བདུད་ཀྱི་ལས། ཞེས་སོགས་གསུངས། གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད། ཨ་ཙ་ར་མི་གསུམ་གྱི་གཏེར་མ། གངས་ཅན་རིག་མཛོད་དེབ་ཕྲེང་ང་ལྔ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

30) སྲིད་པ་སྤྱི་མདོས་ཤོག་ངོས་ཤོག་ངོས་༡༦༤ལས། བདུད་བོན་གྱི་དམར་ཐབ་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆམ་ལ་ཕབ། །འབྲུ་དཀར་གྱི་གཏོར་མས་བསྐང༌། །ཞེས་སོ། །ར་སངས་ཁྲི་ནེ་ཁོད་ཀྱིས་བརྩམས། ཁུ་བྱུག་སྔོན་མོའི་གསུང་སྙན།(National Museum of Ethnology Osaka)ནས་དཔར་དུ་བསྐྲུན།

31) བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ཤོག་ངོས་༡༣ལས། ༡༩༨༡ལོར་བྲག་མགོའི་ཁ་ས་མཚོ་ཁ་ནས་༡༩༨༡་ལོར་གནའ་དུར་ལས་མི་རོ་བཞི་བཅུ་ལྷག་ཙམ་ཞིག་བུད་པ་དེ་དག་དང་ལྷན་ཅིག་ཏུ་གནའ་རྫས་ཀྱང་མི་ཉུང་བ་ཐོན་ཡོད། ཅེས་དང༌། ད་དུང་མི་རོ་དེ་དག་དང་ལྷན་དུ་རྡོ་ཆས་ཕྲ་མོ་སྣ་ཚོགས་དང༌། རུས་ཁབ་རུས་འབུག རུས་ལེབ་སོ་ཅན་སོགས་རུས་ཆས་སྣ་ཚོགས། ཟངས་ཀྱི་ཅ་ལག་བཅས་དང་གཞན་ཡང་རྫ་མའི་རིགས་ཁ་ཤས་སོགས་ཐོན་ཡོད། ཅེས་གསུངས། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌།

32) བོན་ལུགས་དང་འཇང་རིགས་གཏོ་པའི་ཁྱད་ཆོས་དཔྱད་བསྡུར་ཤོག་ངོས་༨༤ལས་གསལ། རྩོམ་པ་པོ་ལྷག་པ་ཚེ་རིང༌། མི་རིགས་དཔེ་སྐྲུན་ཁང༌།

 

                  རྩོམ་ཡིག་འདི་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ལོ་དེབ་བགྲེས་པོའི་འབེལ་གཏམ་དེབ་ཕྲེང་༡༡པ་ནས་ཟུར་འདོན་ཞུས།

(སྤྱིའི་གཟིགས་གྲངས། 201 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་བྲིས་…
error: རྩོམ་འདི་བདག་དབང་ཅན་ཡིན།