ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གྲུབ་དབང་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས།

རྩོམ་པ་པོ། ཁུ་དབོན་ཤེས་རབ་བློ་གྲོས།

ཕྱི་ལྟར་ལམ་ལྔའི་སྤངས་རྟོགས་སེམས་ལ་རྫོགས། །ནང་གི་རླུང་སེམས་སྒྱུ་ལུས་ཀློང་ལ་རྫོགས། །

གསང་བ་ཡེ་ལྔའི་སྙིང་པོ་མན་ངག་རྫོགས། །རྫོགས་པ་ཆེན་པོའི་གྲུབ་ཆེན་ཉི་མ་མཆོག །

གང་དེའི་ཕྱི་ནང་གསང་བའི་མཛད་རིམ་རྣམས། །རྒྱས་པར་དགོས་ན་ཡོངས་འཛིན་སྨན་སློབ་ཀྱིས། ། 

མཛད་པའི་རྣམ་ཐར་ཟུར་དུ་ཡོད་པས་གཟིགས། །ཉུང་བསྡུས་ཙམ་ཞིག་ཞུས་ན་འདི་ལྟར་རོ། །

   གྲུབ་ཆེན་ཉི་མ་རིན་པོ་ཆེ་མཆོག་ནི་སྤྱི་ལོ་ ༡༩༢༧ ལོར་ཁྱུང་སྟོད་མི་དབང་དམ་པ་ཁྲོམ་རབས་བརྒྱད་ཅུ་རིམ་བྱུང་དང་། ཁྱུང་སེར་བྱ་ཟེའི་མངའ་འོག་གཏེགས་པའི་ཁྲོམ་ཚང་འགག་སྒང་ཡུལ་གྲུ་ཡོངས་གྲགས་སུ་རྗེ་གསུམ་ཨ་ཁུ་ཚང་ཟེར་གྱིན་ཡོད་ལ་དོན་དུ་མཁན་པ་རྨེའུ་གདུང་ལས་གྲོལ་བའི་ལོ་རྒྱུས་ཡོད་པ་ལྟར་ཡབ་བསོད་ནམས་ཡེ་ཤེས་དང་། ཡུམ་གར་བཟའ་ཨ་འཇོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ནས་དགུང་ལོ་བཅུ་གསུམ་གྱི་བར་དུ་འབྲོག་ལས་གཙོ་བོར་བྱས་ཏེ་ཡབ་ཡུམ་གྱི་ཞབས་ཏོག་སྒྲུབ་ཞོར་དུ་ཡི་གེ་འབྲི་ཀློག་སོགས་ལ་གསན་པས་ལེགས་པར་མཁྱེན། དགུང་ལོ་བཅུ་གསུམ་ནས་བཅོ་བརྒྱད་བར་དུ་ཁྲོམ་ཚང་དགོན་ཀུན་གྲགས་གླིང་དུ་སྨན་རིའི་མཁན་ཆེན་བསྟན་པ་བློ་གྲོས་ཀྱི་མདུན་ནས་རབ་ཏུ་བྱུང་བ་དང་མཚན་ལ་ཉི་མ་བསྟན་པ་ཀུན་ཁྱབ་གསོལ། དེ་ནས་ཁྲོམ་ཚང་དགོན་པའི་སྲོལ་རྒྱུན་གྱི་ལོ་ལྟར་ཆོ་ག་ཕྱག་ལེན་སོགས་ཀྱི་དབུ་མཛད་གནང་ཞིང་བསྟན་པའི་རྒྱུན་སྐྱོངས། དེའི་ཞོར་དུ་བོན་གྱི་རྩ་བའི་གྲྭ་ས་གོང་འོག་བར་གསུམ་ལ་ཕེབས་སྟེ་རྒྱལ་བ་མཉམ་མེད་པའི་རིང་ལུགས་དྲི་མ་མེད་པ་འདོན་ཆོག་སོགས་ལ་གསན་པས་ཕུལ་དུ་བྱུང་བའི་གཟིགས་པ་ཡངས་ཤིང་མ་ཟད་གྲྭ་སའི་མཁན་སློབ་རྣམ་པའི་མདུན་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་དབང་ལུང་གདམ་ངག་དུ་མར་གསན། དགུང་ལོ་བཅུ་གསུམ་ནས་ཉེར་བརྒྱད་བར་ཁྱུང་པོ་བཟོད་པ་རྒྱལ་མཚན་དང་གཡུང་དགའ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་སྔོན་འགྲོ་དང་དངོས་གཞི་རྩ་རླུང་། མུན་མཚམས། ཐོད་བརྒལ་སོགས་སྒོམ་སྒྲུབ་ཉམས་ལེན་བར་མ་ཆད་པར་གནང་བ་དང་། གཞན་ཡང་ཕྱི་ནང་གསང་གསུམ་གྱི་དབང་ལུང་གདམ་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང་ཁོང་གི་མཚན་ལ་ཉི་མ་ལྷུན་འགྲུབ་རྒྱལ་མཚན་ཞེས་གསོལ། མ་ཟད་གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དུ་མའི་མདུན་ནས་བོན་ལུགས་ཀྱི་མདོ་སྔགས་སེམས་གསུམ་བཅུ་ཕྲག་རིག་གནས་བཅས་ལ་གསན་བསམ་མཐར་ཕྱིར་པར་མཛད་དེ་དགུང་ལོ་སུམ་བཅུའི་ཐོག་ཏུ་ཞེ་གཡུང་དྲུང་དཔལ་རིར་བཤད་སྒྲུབ་གཉིས་ཐོན་གྱི་མཚན་རྟགས་བཞེས། 

དགུང་ལོ་སུམ་བཅུ་སྤྱི་ལོ་ ༡༩༥༩ ལོ་ནས་ ༡༩༦༦ ལོའི་བར་མི་ལོ་བདུན་གྱི་རིང་དུ་རིག་གསར་གྱི་ལས་འགུལ་ལ་གཡོལ་བའི་ཞོར་དུ་གཡའ་རི་གངས་བྲག་སོགས་ལ་ཕེབས་ཤིང་སྔོན་བྱོན་རིག་འཛིན་གོང་མའི་མཛད་རྣམ་སྐྱོངས། ཡིན་ནའང་སྤྱི་ལོ་ ༡༩༦༦་ལོར་མི་ངན་ཁ་ཤས་ཀྱིས་ཐེར་འདོན་དང་མ་ཉེས་ཁ་གཡོག་འོག་ཏུ་སྤྱི་ལོ་ ༡༩༧༤ ལོའི་བར་དུ་ཆབ་མདོའི་བཙོན་ཁང་དུ་བཞུགས་དགོས་བྱུང་། སྐབས་དེ་དུས་སུ་ཉིན་མཚན་བར་མེད་དུ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་ཉམས་རྟོགས་ཐུན་མོངས་མ་ཡིན་པའི་གོང་འཕེལ་བྱུང་ཞེས་གསུང་སྒྲོས་ཡོད། 

སྤྱི་ལོ་ ༡༩༧༧ ལོར་བཙོན་ཁང་ནས་གློད་དཀྲོལ་བཏང་བ་དང་སྦྲགས་ཧོར་ཁྱུང་གི་བོན་འབངས་ཡོངས་ལ་བོན་སྦྱིན་གནང་བ་དང་དེ་ནས་དབུས་གཙང་གི་ཕྱོགས་སུ་ཕེབས་ཤིང་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེ་ལ་གསེར་ཞལ་སྒྲོན་པ་དང་དེ་གའི་རྟེན་དང་བརྟེན་པ་ཡོངས་ལ་མཇལ་ཁ་ཞུས། དེ་ནས་ཀོང་པོར་ཕེབས་ཤིང་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་སྤྲུལ་བོན་རི་ཆེན་པོ་ལ་ཕྱག་སྐོར་སོགས་ཕུལ། དེ་རྗེས་སུ་མདོ་ཁམས་སྨད་ཕྱོགས་སུ་ཕེབས་ཤིང་ཀུན་མཁྱེན་ཤར་རྫ་པ་དང་བྱ་བཏང་ཚེ་དབང་འགྱུར་མེད་སོགས་ཀྱི་གདན་སར་ཞབས་སུ་བཅགས་པ་དང་ཁམས་ཕྱོགས་སྨད་མའི་སྡེ་དགེ་དང་། ཉག་རོང་། བྲག་འགོ། ལི་ཐང་སོགས་ཀྱི་དགོན་སྡེ་རི་ཁྲོད་ཉེར་བརྒྱད་བསྐྱར་གསོ་གནང་བ་དང་། ལྷག་པར་དུ་ཟག་བྲལ་འཇའ་ལུས་ཆེན་མོ་ཀུན་མཁྱེན་ཤར་རྫ་པའི་རི་ཁྲོད་དང་། བྱ་བཏང་རི་ཁྲོད་གཉིས་ལ་དམིགས་བསལ་གྱི་བུ་སློབ་བརྒྱ་ཕྲག་དུ་མ་ལོ་མང་རིང་ལ་འཆད་ཁྲིད་ཀྱི་བོན་ཆར་ཕབས། ཡང་དགོས་ཤར་རྫའི་རི་ཁྲོད་ཀྱི་ཕྱི་ནང་གི་རྟེན་དང་བརྟེན་པ་རྣམས་སླར་གསོ་རྒྱ་ཆེན་པོར་གནང་བ་དང་འབྲེལ་དྲང་སྲོང་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་དེ་ཉིད་ཤར་རྫ་པའི་རྒྱལ་ཚབ་ཏུ་བསྐོ་བཞག་གནང་ཤིང་ཡུལ་དེར་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་པའོ།།

དེས་ནས་མདོ་སྨད་ཨ་མདོའི་ཁུལ་དུ་ཕེབས་ཤིང་རྔ་བ་སྣང་ཞིག་དགོན་པའི་བླ་རྒན་བྱ་འཕུར་བསྟན་འཛིན་རྒྱལ་མཚན་དང་། རྒྱ་འོབ་བསྟན་འཛིན་དབང་རྒྱལ་སོགས་ལ་མཇལ་འཕྲད་གནང་བ་དང་སྦྲག་ཕན་ཚུན་དབང་ལུང་སོགས་འབུལ་རེས་གནང་བ་དང་། མ་ཟད་ཁོང་གིས་སྣང་ཞིག་དགོན་ཆེན་ལ་སྒོམ་གྲྭ་བཙུགས་རྒྱུའི་བཀའ་ལུང་ལྟར་སྣང་ཞིག་དགོན་ལ་ཀུན་མཁྱེན་ཤར་རྫ་པའི་སྒོམ་གྲྭ་དངོས་སུ་འགོ་ཚུགས། རྔ་ཡུལ་རྟོགས་ལྡན་དགོན་དུ་ཕེབས་ཏེ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་བཀའ་འབུམ་རྣམས་ཀྱི་དབང་་ལུང་སོགས་ནི་བླ་རྒན་བཟོད་པ་རྒྱལ་མཚན་གྱིས་མདུན་ནས་གསན། དེ་རྗེས་སུ་རྒྱ་ནག་གླང་ཆེན་འགྱིང་རི་དང་རི་བོ་རྩེ་ལྔ་སོགས་ལ་གནས་མཇལ་དུ་ཕེབས་པ་དང་རྒྱལ་ས་པེ་ཅིང་དུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ལ་བརྒྱུད་དེ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིང་ཞོ་ཕིང་ལ་གཡུང་དྲུང་བོན་གྱི་རིག་སློབ་ཁང་ཞིག་བསྐྲུན་རྒྱུའི་ཆོག་མཆན་དང་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་ཏེ་པེ་ཅིང་ལ་ཟླ་བ་གཅིག་ཙམ་བཞུགས། དེ་ནས་ཐེ་དབན་ལ་ཕེབས་རྒྱུ་དང་ཐེ་དབན་གོང་མ་ལ་མཆོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་གྱི་བསྟན་པ་རིན་པོ་ལ་རྒྱབ་བཅོལ་གནང་རྒྱུ་རེ་འདུན་ཞུ་བ་དགོངས་ཀྱང་རྒྱལ་མཚམས་ནས་གྲོལ་མ་ཐུབ་ཏེ་བོད་དུ་ལོག་ཕེབས་གནང་། སྐབས་དེར་གོང་གསལ་གྱི་རེ་ཞུས་དེ་དག་ཀྲུང་དབྱང་ནས་མཐོང་ཆེན་གནང་བར་བརྒྱུད་ནག་ཆུ་ས་གནས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཡུང་དྲུང་རྒྱལ་བ་ལ་བརྒྱུད་དེ་གོང་རིམ་ནས་ཆོག་ཆོག་ཐོབ་ཡོད་པ་རེད། དེ་ནས་རང་རྒྱལ་སྲིད་གཞུང་ནས་ཕྱི་ཡི་རྒྱལ་ཁབ་ཏུ་འགྲོ་བསྐྱོད་ཆོག་པའི་ལམ་ཡིག་ཞུ་རྒྱུའི་སྟ་གོན་བྱེད་བཞིན་པའི་སྐབས་སུ་ལའང་བསྟན་འགྲོའི་བསོད་ནམས་དམན་པའི་དབང་གིས་དགུང་ལོ་དྲུག་བཅུ་རེ་གཅིག་བོད་རབ་བྱུང་བཅུ་དྲུག་མེ་སྟག་ལོའི་ཟླ་བ་བདུན་པའི་ཚེས་ཉེར་གཉིས་ཉི་ཤར་སྐབས་སུ་ཐུགས་དགོངས་བོན་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའོ། །

ཞེས་ཁུ་དབོན་ཤེས་རབ་བློ་གྲོས་ཀྱིས་བྲིས་པའོ། ། (མ་རྩོམ་ཡོང་ཁུངས། ཧི་མ་ལ་ཡའི་བོན།)

(སྤྱིའི་གཟིགས་གྲངས། 866 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།