ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཞུ་སྒོམ་འཁྲུལ་ཞིག

རྩོམ་པ་པོ། དབྲ་ཁྱུང་མཁན་པོ།

      ཞུ་སྒོམ་འཁྲུལ་ཞིག་ནི། དེ་ཡང་ཐོག་མར་གཡས་བོན་ལྕགས་ཀྱི་བྱ་རུ་ཅན་ཞེས་ཞང་ཞུང་གི་རྒྱལ་པོའི་གདུང་ལས་གྲོལ་ཚུལ་བཤད། སྐྱེས་བུ་ཆེན་པོ་འདི་ནི། ཡབ་དབང་ལྡན་ཞུ་ཡི་གདུང་སྲས་ཞུ་སྐྱེ་སེ་ཆེན་པོའིསྐུ་སྲས་ཞུ་སྒོམ་འཁྲུལ་ཞིག་ཡིན། དེ་ཡང་ཞུ་ཡི་གདན་ས་སྐྱིད་མཁར་དུ་སྐྱེ་སེ་སྨྲ་བའི་སེང་གེ་སྐྱེ་སེ་དགུང་ལོ་དོན་གསུམ་བཞེས་ཚེ་ཇོ་མོ་རྒྱན་ཆུང་ལ་སྐུ་བལྟམས་ཞེས། ཞུ་སྐྱེ་སེ་སྤྱི་ལོ་ ༡༠༢༡ ལོར་འཁྲུངས་པ་ནས་ལོ་དོན་གསུམ་བརྩིས་པའི་ཞུ་སྒོམ་འཁྲུལ་ཞིག་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ཆུ་བྱ་སྤྱི་ལོ་ ༡༠༩༣ ལོར་སྐུ་འཁྲུངས་པར་ངེས། ཁོང་དགུང་ལོ་ཆུང་དུས་མཚན་ལ་ཞུ་འབུམ་མེ་གསོལ། ལྷ་རྗེ་ཇོ་མཁར་གྱིས་བདག་གཉེར་མཛད་པས་ཇོ་སྲས་ཀྱང་ཟེར། ཡབ་ཀྱིས་སྨན་མར་གསོལ་འཕྲོ་ཞིག་གནང་ནས། ཞི་ཁྲོའི་དབང་བསྐུར་བྱིན་རླབས་མཛད། གཏོར་དབང་སྐབས། “སྒོང་ནང་གཤོག་རྩལ་རྒྱས་པ་ལྟ་བུར་ཤོག ཚིག་བོར་དོན་ལ་ཞུགས་པར་ཤོག རང་ངོ་རང་གིས་ཤེས་པར་ཤོག སེམས་ཅན་འདྲེན་སྟོན་ནུས་པར་ཤོག” ཅེས་གསུངས་ནས་ཡབ་གཤེགས་རྗེས། ལྷ་རྗེ་ཇོ་མཁར་ལ་སྒོམ་མང་དུ་ཞུས། རི་རྩེ་སོགས་སུ་རྡོ་གཡའ་མ་བརྩིགས་ནས་སྒྲོམ་དུ་བཞུགས་ཏེ་དགོངས་པ་མཛད་པས་རྟོགས་པ་ཤར། དགུང་ལོ་བཅུ་བཞི་བཞེས་དུས་མཐུ་ནུས་འགྲན་ནས་སེར་བ་བཀག ཡུལ་མི་མགོ་གཙོ་རྒན་པ་དག་གིས་ཞུས་པ། ཇོ་སྲས་ཁྱེད་ནི་ཡབ་མེས་དང་གཅེན་པོ་བཞིན་སྟོན་ཆེན་མཛད་དམ། ཀུན་སྤངས་སྒོམ་ཆེན་བྱེད་ཅེས་པ་ལ་སྟོན་ཆེན་མི་འོང་སྒོམ་ཆེན་བྱེད། ཅེས་གསུངས།

     དགུང་ལོ་བཅུ་བཞི་ནས་ཉེར་བཞིའི་བར། ཇོ་གཤེན་མདུན་དུ་ཐོས་བསམ་སྒོམ་པ་ཟུང་འབྲེལ་དུ་སྦྱངས་པ་ནན་ཏན་མཛད། གཅེན་སྒྲོལ་བ་གཤེན་རྒྱལ་རིན་པོ་ཆེ་ནས་ཟས་གོས་ཇི་ལྟར་གནང་ན་ཡང་ལོངས་སྤྱོད་དང་སྲིད་པའི་ཕུན་ཚོགས་ལ་མི་མཉེས་པར་འཁྲི་བ་རྦད་ཀྱིས་བཅད། འཁོར་དང་ཟང་ཟིང་ལ་མི་དགའ་བར་གཅིག་པུར་དབེན་གནས་བསྟེན། སྔར་ཡོད་ཀྱི་དཔེ་གླེགས་བམ། ས་ཞིང་ཁང་ཁྱིམ་སོགས་ཡབ་ཀྱིས་སྐལ་ཕོག་གནང་བ་མཐའ་དག་གཅེན་ཇོ་གཤེན་ལ་ཕུལ་ནས། རྩེ་སྨན་རིར་ལོ་ལྔ་ལ་བཞུགས་ནས་ཚིག་བོར་དོན་ལ་ཞུགས་པའི་སྒོམ་སྒྲུབ་མཛད། ཀུན་ཏུ་བཟང་པོ་ཚད་མེད་འོད་ལྡན་གྱི་ཞལ་མཇལ། ཤངས་ནས་རྣག་ཁྲག་སོགས་བུད་ནས་སྒྲིབ་པ་བྱང་བའི་རྟགས་ཤར་ཀྱང་དཀའ་སྤྱད་མཛད་ནས་ཕྱག་འཚལ་སྒོམ་སྒྲུབ་ལ་འབད། དེ་ནས་ལོ་ལྔར་རིག་པའི་ཡེ་ཤེས་ཀུན་བཟང་ཐིག་ལེ་ཉག་གཅིག་གི་ཞལ་མངོན་སུམ་དུ་མཐོང་ནས་འཁྲུལ་བ་དབྱིངས་སུ་ཞིག རྫོགས་པ་ཆེན་པོའི་བདེ་གསལ་མི་རྟོགས་པའི་དགོངས་པ་རྒྱུད་ལ་ཤར་བས་མཁྱེན་པའི་རྒྱ་རལ། སྒོམ་ཆེན་མ་པདྨ་རྒྱན་དང༌ར་མོ་བཀྲ་ཤིས་སྐྱིད་ཕྱག་རྒྱ་མར་བསྟེན་ནས། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་ཏེ། དབང་བཞི་བའི་ཉམས་ལེན་མཐར་ཕྱིན། སྐལ་ལྡན་ཕོ་མོ་མང་པོ་སྨིན་གྲོལ་མཛད། ལྷ་རྗེ་ཇོ་ཐོག་པས། རིགས་རུས་ཆོ་འབྲང་བཟང་པའི་ལྕམ་བཞེས་དགོས་ཚུལ་བཀའ་བཀྱོན་དང་བཅས་ཏེ་གསུངས་པ་ལ་ཆགས་མེད་འགག་མེད་ཀྱི་མགུར་བླངས་པས། ལྷ་རྗེ་ནས་ཀྱང་སྣང་ཚུལ་མི་རུ་འདུག་པ་ལས། རྟོགས་པ་ལྷ་སྐུར་ཤར་འདུག་ཅེས་ཐུགས་དགྱེས་དགྱེས་མཛད། དེ་ནས་ཚོགས་ཁ་ལྷ་ཁང་དུ་བཞུགས་ནས། རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་མནན་ཅིང་འགྲོ་དོན་མཐའ་རྒྱས་བྱུང༌། སྒོམ་ཆེན་ཕོ་མོ་མང་དུ་འདུས། སྐྱིད་མཁར་དུ་བྱོན་ནས་གདམས་ངག་མང་པོ་གསུངས། དམ་པ་འདི་ཉིད་སྤྱིར་བོད་ཡུལ་སྟོད་སྨད་བར་གསུམ་ལ་འགྲོ་དོན་བྱིན་རླབས་རྒྱ་ཆེ་ལ།

     ཁྱད་པར་དུ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་སློབ་མ་ཞིག་ཆེན་བཅོ་བརྒྱད་བྱུང་སྟེ། སྐུ་ཡིས་བྱིན་གྱིས་བརླབས་པའི་ཐུགས་སྲས་སྣང་ཞིག་དང་། འབྲུ་ཞིག ལྡོང་ཞིག གླང་ཞིག ཤེལ་ཞིག སྒ་ཞིག་བཅས་དྲུག་དང་། གསུང་གིས་བྱིན་གྱིས་བརླབས་པའི་ཐུགས་སྲས་ནག་ཞིག་དང་། གཡུ་ཞིག སྟག་ཞིག སྐྱང་ཞིག སེ་ཞིག དབྲ་ཞིག་བཅས་དྲུག ཐུགས་ཀྱིས་བྱིན་གྱིས་བརླབས་པའི་ཐུགས་སྲས་རྒྱལ་ཞིག་དང་། འགག་ཞིག བ་ཞིག གོ་ཞིག ཅོག་ཞིག འོལ་ཞིག་བཅས་བསྡོམ་པའི་ཞིག་ཆེན་བཅོ་བརྒྱད་དེ་འགྲོ་དོན་གཙོ་བོ་མདོ་སྨད་གཙོས་ཡུལ་གྲུ་ཁག་ལ་ཞིག་པོ་སོ་སོའི་འགྲོ་དོན་རིམ་བཞིན་འཕེལ། དཔལ་ཚུལ་བསྟན་འབྱུང་ལས་ཞུ་སྒོམ་འཁྲུལ་ཞིག་འདི་སྔ་ཕྱི་གཉིས་བཤད་ལ་སྔ་མ་དེ་སྐྱིད་མཁར་བྲག་ལ་བཞུགས་ནས་འདས་ཚུལ་ལྟ་བུ་དང་། ཕྱི་མ་ནི་ཞུ་སྒོམ་རྣམ་ཐར་དུ་སྤྲུལ་སྐུ་ཁྲོ་གཉན་ལ་ཞལ་གདམས་གནང་མཐར། སྐུ་བླ་བྲག་དཀར་དུ་ཕུང་པོ་ལྷག་མེད་འཇའ་ཡལ་བ་ལྟར་གྱུར་ཅེས་གསུངས་པ་ལ་དཔྱད་ན་དེ་གཉིས་གང་ཟག་ཐ་དད་ལྟ་བུ་དང་སྔ་མ་དེ་གཙང་ཁུལ་ཞུ་ཡི་གདན་སར་བཞུགས་ལུགས་དང་། ཕྱི་མ་དེ་ཡོངས་གྲགས་ཞིག་པོ་བཅོ་བརྒྱད་ཀྱི་ཡབ་རྗེ་དམ་པ་དེ་ཡིན་པའི་བཟོ་ཡོད་ཀྱང་། སྤྱིར་ཞུ་ཡི་གདུང་ལས་ཞུ་སྒོམ་འཁྲུལ་ཞིག་ཞེས་གཉིས་ཙམ་ཡོད་ཀྱང་། དོན་དངོས་ལ་ཞུ་སྐྱེ་སེ་ཆེན་པོའི་སྲས་ཞུ་སྒོམ་འཁྲུལ་ཞིག་གང་ཟག་གཅིག་ལས་གཉིས་མེད་པར་སེམས་ཏེ། ཞུ་སྒོམ་རྣམ་ཐར་ལས། རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོངས་སུ་བཞུགས་ནས་འདའ་ཀའི་ཞལ་གདམས་གནང་སྐབས་མི་ལོ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་སོང་ཞེས་པ་དང་། ཡང་ང་ལོ་བརྒྱ་ལོན་ནས་གཞོན་པར་སོང༌། ཞེས་པའི་གསུང་ཚིག་དག་ལ་བལྟས་ན་ཁོང་ནི་ཚེ་ལ་དབང་ཐོབ་ནས་ལོ་བརྒྱ་དང་གྱ་ལྔ་བཞུགས་པར་ཤེས་ཐུབ། འོན་ཀྱང་ཡབ་ཞུ་སྐྱེ་སེ་ལོ་དོན་གསུམ་ལ་ཁོང་འཁྲུངས་པའི་དབང་དུ་བྱེད་ན། ཁོང་རབ་བྱུང་དང་པོ་མ་ཤར་གོང་གི་བོད་ཆུ་བྱ་སྤྱི་ལོ་ ༡༠༩༣ ལོར་འཁྲུངས། དེ་ལྟར་ན་ཁོང་གི་ཞལ་སློབ་སྣང་ཞིག་དོ་འཕགས་ཆེན་པོ་རབ་བྱུང་དང་པོའི་མེ་ཡོས་ཀྱི་ཕྱི་ལོ་ས་འབྲུག་སྤྱི་ལོ་ ༡༠༢༨ ལོར་འཁྲུངས་པས་བླ་སློབ་གཉིས་ཀྱི་འཁྲུངས་དུས་གོ་ལྡོག་པའི་སྐྱོན་འདུག་སྙམ་པས་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ།། །།

(སྤྱིའི་གཟིགས་གྲངས། 78 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།