ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན།

རྩོམ་པ་པོ། དབྲ་ཁྱུང་མཁན་པོ།

     དེ་ཡང་སྤྲུལ་སྐུ་ཁྲོ་གཉེར་རྒྱལ་མཚན་ཞེས་པའི་བོན་གྱི་གཏེར་སྟོན་ཆེན་མོ་འདི་ནི། སྤྱིར་བསྟན་པ་དང་སེམས་ཅན་ལ་བཀའ་དྲིན་ཆེ་བ་མ་ཟད། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་གཏེར་སྙན་གྱི་བདག་པོ་ཡང་ཡིན། ཁོང་ནི་རང་རེའི་བོན་གྱི་ལོ་རྒྱུས་ཁག་ལས་གསལ་བ་ལྟར་ན། སྤྱི་ལོའི་དུས་རབས་བཅུ་བཞི་པའི་ ༡༣༦༨ ལོར་ཡུལ་རྨ་སྟོད་བྱང་འབྲོག་གི་རྩེ་སྒང་བྱ་བར། ཡབ་བེ་རུ་བསྟན་རྒྱལ་དང་ཡུམ་བྲ་ཟ་ཐར་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་ཆུང་དུས་ནས་སྙིང་རྗེ་ཆེན་པོ་རང་གཤིས་སུ་མངའ་བས་སྡུག་བསྔལ་གྱིས་གདུངས་པའི་ཉམ་ཐག་ཁས་དམན་ཞ་བོ་ལོང་སྤྲང་ཁྱི་དང་དུད་འགྲོ་རྣམས་ལ་གཟིགས་ནས་སྤྱན་ཆབ་ཤོར་བ་དང་། དངོས་པོ་ཅི་ཡོད་རིས་མེད་དུ་སྦྱིན་པ་གཏོང༌། ཨ་དཀར་སལེ་གསལ་བ་དགུ་འཛབ་དང་། དུ་ཏྲི་སུ་ངན་སོང་དོང་སྤྲུག་རྣམས། ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་གཞན་ལའང་སྤེལ། དངོས་དང་ཉམས་སྣང་རྨི་ལམ་གང་རུང་དུ་དྲན་པ་ཡབ་སྲས་དང་རིག་འཛིན་མཁའ་འགྲོ་དུ་མས་ལུང་བསྟན་ཐོབ། སྐྱེ་བ་ལྔ་བརྒྱ་ཙམ་གསལ་བར་མཁྱེན། དགུང་ལོ་བཅུ་བདུན་སྐབས་རྐྱེན་དང་འཕྲད་ནས་སྙིང་རྗེ་ཆེན་པོ་ཤ་རུས་བྲལ་བ་ཙམ་དུ་སྐྱེས་པས་བརྒྱལ་བ་ལྟར་གྱུར། ཉམས་སྣང་ལ་མདུན་གྱི་ནམ་མཁར་ཀུན་བཟང་གི་ཞལ་མཐོང༌། དེ་ནས་བཟུང་མ་བསླབ་པར་ཤེས་བྱའི་གནས་ལ་བྱང་ཆུབ། བཀའ་མདོ་རྒྱུད་མང་པོ་ཐོགས་མེད་དུ་བློ་ལ་ཤར་ནས་སྒྲོགས་ཐུབ་པ་བྱུང༌། རང་ཉིད་ཁྲོ་བོ་དབལ་གསས་ཀྱི་སྐུ་གསལ་བས་བདུད་སྲིན་རྣམས་ཀྱིས་མཐོང་ནས་སྐྲག་ཅིང་བསྟན་པ་སྲུང་བར་ཁས་བླངས། བསྐྱེད་རིམ་གྱི་གསལ་སྣང་ཆེན་པོ་ཐོན་པའི་རྟགས་ཐོབ།

       སློབ་དཔོན་ཀོ་དབུས་གཡུང་དྲུང་རྒྱལ་མཚན་དང༌། བྲ་ཟ་སྒོམ་མེ། བེ་རུ་གཡུང་དྲུང་སྙིང་པོ། བྲ་བོ་ཡེ་ཤེས་རྒྱལ་མཚན་སོགས་ལས་ཕྱི་ནང་གསང་བའི་བོན་སྡེ་དབང་ལུང་མན་ངག་དང་བཅས་པ་མང་དུ་གསན། ནམ་ཡང་དག་པའི་སྣང་བ་འབའ་ཞིག་ཤར། ཡེ་ཤེས་དབལ་མོས་ལུང་བསྟན་ནས་སྦས་པའི་ཚུལ་གྱིས་འགྲོ་དོན་གྱིས་ཤིག་གསུངས་པ་དང༌། རི་བྲག་ལ་ཟང་ཐལ་དུ་འགྲོ་ནུས་པ། ཆུ་ལ་མི་བྱིང༌བ། ནམ་མཁར་བྱ་བཞིན་འཕུར་བ། འབྲུག་ཁྱུང་སེང་གེ་ལ་བཅིབས་ནས་རྫུ་འཕྲུལ་སྟོན་པ། མཉམ་བཞག་སྐབས་འོད་གསལ་ངང་ཉི་མ་དགུ་ཕྲུག་ཤར་བའི་ཉམས་བྱུང་སྐབས། གཞན་གྱིས་འོད་ཀྱི་གོང་བུར་མཐོང་བ། འོད་གསལ་འཁོར་ཡུག་ཏུ་ཤར་བས་ཉིན་མཚན་གྱི་སྣང་བ་མེད་པ་སོགས་ཏིང་ངེ་འཛིན་གྱི་ཡོན་ཏན་མང་དུ་བྱུང༌། དགུང་ལོ་ཉི་ཤུ་ནས་ཚང་བའི་འཇིག་རྟེན་གྱི་ཁམས་གཅིག་ཆར་དུ་མཐོང་བ་དང༌། ཡུམ་སྲས་གཤེན་གསུམ་ཁྲོ་ཕུར་ཞང་གསུམ་སོགས་ཞི་རྒྱས་དབང་དྲག་གི་ལྷ་ཚོགས་དང་། རིག་འཛིན་མཁའ་འགྲོའི་ཞལ་གཟིགས། དགུང་ལོ་ཉེར་ལྔ་ནས་དུས་སྐད་ཅིག་མ་གཅིག་ལ་ཞིང་ཁམས་དུ་མར་བྱོན་པ་དང༌། རང་ལུས་དུ་མར་སྤྲུལ་བ། ཞིང་ཁམས་རྣམས་སུ་སངས་རྒྱས་ཀྱི་གསུང་ཉན་པ། འགྲོ་དྲུག་སོ་སོར་བོན་བསྟན་ནས་འདྲེན་པ། སྟོང་གསུམ་གྱི་ཁམས་གསལ་བོར་མཐོང་བ། སྔ་ཕྱིའི་གནས་དུ་མ་མཁྱེན་པ། བཀའ་རྒྱུད་བོན་སྡེ་ཐོལ་ཤར་དུ་སྒྲོགས་པ། མི་མིན་གྱིས་གུས་འདུད་བྱེད་པ་སོགས་ས་ཆེན་པོ་ལ་གནས་པའི་རྟགས་མང་དུ་བྱུང༌། སྟོན་པ་ཀུན་ཏུ་བཟང་པོ་ནས་ཆེ་དྲུག་གདུང་རྒྱུད་མཁས་བཞི་སོགས་ལ་མཇལ་ནས་དབང་ཐོབ་པ་སོགས། མཇལ་སྣང་ཐོག་མཐའ་བར་གསུམ་བྱུང་བ་སོགས་བརྗོད་ལས་འདས་ཏེ། རྩེ་ཞིག་གཅོད་ཁྲིད་ནས་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པ་ཡིན།

      ཁྱད་པར་གསང་གཅོད་ཡིད་བཞིན་ནོར་བུའི་གདམས་པ་ལེའུ་དྲུག་ཅུའི་བདག་ཉིད་ཅན་འདི་སྙན་བརྒྱུད་བབས་པའི་དགོས་པ་ཡང༌། རྩེ་ཞིག་གཅོད་ཁྲིད་ལས། སྟོད་གངས་ཏི་སེ་ནས། སྨད་ཙོང་ཁ་ཡན་གྱི་སེ་ཧོར་མུན་དམག་དང་སྙིགས་དུས་ཀྱི་པྲ་རྟགས་ལྟས་ངན་པ་ཟློག་པ་དང༌། སྤྱིར་ལུས་ཅན་མཐའ་དག་སྒོས་མི་མིན་གྱི་གདུལ་བྱ་བྱང་ཆེན་གྱི་སར་འགོད་པ་དང༌། གཤེན་བསྟན་སྒྲུབ་རྒྱུད་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་སྙན་བརྒྱུད་བྱུང་ཞེས་གསུངས་པ་ལྟར། མ་རྒྱུད་སྐུ་བླ་བྲག་དཀར་གྱི་སྒྲུབ་གནས་སུ་བཞུགས་ནས་གཅོད་གདམས་ཟབ་མོ་སྐལ་ལྡན་གྱི་སློབ་མ་རྣམས་ལ་གནང་ནས་སྤེལ། མཐར་གཤེན་ཚད་མེད་འོད་ལྡན་དང་དབྱེར་མེད་དུ་གྱུར་བའོ།། །།

(སྤྱིའི་གཟིགས་གྲངས། 122 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།