ངས་ད་དུང་ཁྱེད་མཇལ་བཞིན་འདུག
རྩོམ་པ་པོ། དགེ་བཤེས་སྐྱ་ཀ་ཁྲ་བོ།
༡ ༽ བསྟན་པའི་བདག་པོར་ཕེབས་པ་སུ་ཡིས་ཤེས།
སྤྱི་ཚོགས་ཡར་རྒྱས་ལ་མ་སླེབས་པའི་དུས་མཚམས་ཤིག་ལ། “ཁམས་ཉིན་”ཞེས་པའི་ཁྱུང་ཡུལ་ས་ཡི་ལྟེ་བ་དེར། རྒྱབ་ལྗོངས་འཐུག་པོ་མེད་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་ཤིང་། མཐུན་རྐྱེན་གྱི་ནོམས་པ་ཞན་ན་ཡང་། ཕ་དགོན་“གཡུང་དྲུང་བསྟན་རྒྱས་གླིང་”གི་འདུས་གྲྭའི་ཞོལ་ནས། ཁུ་བོ་དམ་པ་དགེ་རྒན་དུ་བསྟེན་ཏེ་འབྲི་ཀློག་ལ་སློབ་སྦྱོང་ཐོག་མར་གནང་། སྐབས་དེར་དུས་རབས་ཤིག་གི་བསྟན་པའི་བདག་པོ་རུ་ཕེབས་པ་སུ་ཡིས་ཤེས་ལ། སྔོན་གྱི་སྨོན་ལམ་བཟང་པོའི་མཐའ་དང་ཐུགས་བསྐྱེད་ཀྱི་མཐུ་བཙན་པའང་སུ་ཡིས་རྟོགས།
ཞང་པོ་ལྡོང་མདོ་ཚང་གི་གཞིས་ཀ་དེ་ནས། སློབ་གྲོགས་མང་པོ་དང་ལྷན་དུ་ཟས་སྐལ་དང་འཐུང་སྐལ་ལ་རོལ་ཞོར། ལྷ་བྲིས་དབུ་མཛད་རྣམ་པ་དགེ་རྒན་དུ་བསྟེན་ཏེ། ལོ་རྒྱུས་ཀྱི་བྱུང་བ་རིང་ཞིང་། བྱིན་རླབས་ཀྱི་རྒྱུད་པ་ལྡན་པའི་ལྡོང་ལུགས་རི་མོའི་སྒྱུ་རྩལ་དེ་ཉིད་ཕྱག་སོར་གྱི་འདུ་བྱེད་ལ་རྒྱན་དུ་བླངས། ཡུལ་གྱི་དགོན་སྡེ་རྣམས་སུ་ལྷ་རིས་འབྲི་བར་ཕེབས་སྐབས། ཀུན་གྱི་“འཆི་མེད་གཡུང་དྲུང་”དང་“འཆི་མེད་གཡུང་དྲུང་”ཞེས་ཐད་ཀར་དུ་འབོད་ཅིང་། ལས་ཀ་ཅི་ཡོད་ལ་ཁ་མངག་སྣ་མངག་བྱེད་བཞིན་ཡོད་ན་ཡང་། ཉམས་རྟོགས་ཀྱི་དགོངས་པ་མཐོ་ཞིང་། གྲུབ་རྟགས་ལ་ཐོག་པ་མེད་པའི་གྲུབ་ཆེན་བཟོད་པ་རིན་པོ་ཆེས། གཡུང་དྲུང་དཔལ་རི་དགོན་ནས་ཉིན་ལྟར་ཁྱེད་ཀྱི་སྤྱི་བོར་སྐུ་ཁྲུས་ཀྱི་བྱིན་རླབས་ཕབས། དམིགས་བསལ་དུ་བརྩེ་བས་གཟིགས་སྐྱོང་མཛད་པ་ནི། མ་འོངས་བསྟན་འགྲོའི་མགོན་དུ་ཕེབས་པའི་སྐྱེས་བུ་ཞིག་ཏུ་གཟིགས་པ་ཨེ་ཡིན་ནམ།
༢ ༽ ལས་ཀྱི་འཕྲོ་བཟང་པོ་སད་པ་ཨེ་ཡིན།
རྒྱབ་ནས་མོས་མཐུན་གྱིས་སྐྱེལ་མཁན་གཉེན་ཉེའི་དཔུང་ཚོགས་དང་། མདུན་ནས་ཕེབས་བཞུགས་ཀྱི་བསུ་མས་གྲ་སྒྲིགས་བྱེད་མཁན་མེད་ཀྱང་། སྐུ་ན་ཆུང་ཆུང་གི་དུས་དེ་ནས་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཁམས་ནས་དབུས་ལ་ཕེབས་པའི་སྐབས། ཕ་ཡུལ་ལ་ཕྱིར་མིག་ཐེངས་གཅིག་ག་ལ་ཤོར་ཏེ་ཞེན་ཆགས་ཡེ་ནས་མ་བྱུང་། དེ་ནི་སྔོན་གྱི་ལས་སྨོན་བཟང་པོའི་འཕྲོ་སད་པ་ཨེ་ཡིན། འོན་ཀྱང་དུས་དེ་ནས་བཟུང་བརྩེ་བའི་ཡུམ་ཆེན་དང་མི་ལོ་བཞི་བཅུ་ལྷག་ལ་ཁ་བྲལ་འགྲོ་བའང་ཐུགས་དགོངས་ལ་ཤར་ཨེ་ཡོད།
རབ་ལེགས་གཡུང་དྲུང་གླིང་གི་གཙུག་ལག་ཁང་ཆེན་མོའི་ལྷ་བྲིས་གནང་བའི་བར་གསེང་དུ། གདན་ས་དེའི་དགེ་སློང་རྣམས་ཀྱི་དྲུང་ནས་དབང་ལུང་མན་ངག་གི་གདམས་པ་གསན་ཞིང་། དཔོན་སློབ་ཀྱི་མདུན་ནས་ཁ་དོག་དཀར་དམར་གྱི་རིགས་ལམ་ཀྱང་བསླབས། ལྷ་བྲིས་ཀྱི་ལས་དོན་ཡོངས་སུ་གྲུབ་ཀྱང་ཕ་ཡུལ་དུ་ཕྱིར་ལོག་འདུན་མ་གནང་བར། གྲྭ་ས་སྨན་གྱི་རི་ལ་ཕེབས་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་གསེར་གྱི་མེ་ཏོག་བདག་གིར་བཞེས་པས། འཆི་མེད་གཡུང་དྲུང་ནས་“བསྟན་འཛིན་རྣམ་དག་”ཅེས་པའི་མཚན་ཅན་དུ་གྱུར། དམར་སེར་གྱི་ནབ་བཟའ་སྐུ་ལ་ཐོག་མར་གསོལ་བའི་སྐབས་དེར། འདུལ་བ་ཁྲིམས་ཀྱི་བསྟན་པའི་བདག་པོ་དང་། སྟོན་པ་ཁྲི་གཙུག་རྒྱལ་བའི་རྒྱལ་ཚབ་ཏུ་ཕེབས་པའང་སུ་ཡིས་ག་ལ་ཤེས།
༣ ༽ གནས་སྐོར་དེའི་ནང་རྟེན་འབྲེལ་དང་ལས་སྨོན་ཡོད།
བར་མཚམས་དེར་རྡོག་ཁྲེས་རྒྱབ་ལ་ཁུར། རི་ཆུ་གོམས་པས་བཅད་ནས་རི་བོ་ཧི་མ་ལ་ཡའི་ས་མཚམས་བརྒལ་ཏེ་གནས་སྐོར་ལ་ཕེབས། བལ་ཡུལ་མཆོད་རྟེན་རྣམ་གསུམ་དང་། ལྷག་པར་དུ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་ཞབས་ཀྱིས་བཅག་མྱོང་བའི་གནས་མཆོག་བྱིན་རླབས་ཅན། འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་མདུན་དུ་མཆོད་འབུལ་དང་སྨོན་ལམ་གནང་མཛད་པ་དེས། མ་འོངས་པར་བསྟན་པའི་འགྲོ་དོན་རྒྱ་ཆེན་ཞིག་འདིའི་ཕྱོགས་ནས་འབྱུང་བའི་རྟགས་དང་རྟེན་འབྲེལ་སྔོན་ནས་འགྲིག་སོང་བ་ཨེ་ཡིན་ནམ། དེ་ནས་ཕྱིར་ལོག་པའི་ལམ་ཁ་ནས་ཀྱང་། སྙན་རྒྱུད་མི་ཚིག་གིས་སླད་མ་ཞུགས་པའི་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་“ཞང་ཞུང་སྙན་རྒྱུད་”ཀྱི་ཕ་ཡུལ་ལྟ་བུའི། ས་གནས་ཁྱད་དུ་འཕགས་པ་གློ་ཡུལ་ཀླུ་བྲག་གི་གནས་དེར། བླ་མ་གོང་མའི་གདན་ས་དང་སྒྲུབ་ཕུག་རྩ་ཆེན་རྣམས་མཇལ་ཏེ་གསོལ་འདེབས་རྩེ་གཅིག་ཏུ་གནང་བས། ཁྱེད་ཉིད་གདམས་པ་དེའི་བདག་པོ་རུ་འགྱུར་བའི་ལས་སྨོན་དེ་ནས་འགྲུབ་སོང་བ་འདྲ།
སླར་ཡང་ཧི་མ་ལ་ཡ་བརྒལ་ཏེ་ཕྱིར་སྟོད་ཀྱི་མངའ་རིས་ཕྱོགས་སུ་ཆས། གནའ་བོའི་བོན་གྱི་ཕ་ས་ངོ་མ་དང་ཞང་ཞུང་རྒྱལ་པོ་རྣམས་ཀྱི་མངའ་ཐང་ཆགས་སའི་ཡུལ་ཁམས། གངས་རི་མཚོ་གསུམ་གྱི་མཛེས་སྡུག་དཔལ་དུ་འབར་བའི་ཞིང་དེར། གྲུབ་མཐའ་རིས་མེད་ཀྱི་གནས་དགོན་གང་འཕྲད་རྣམས་མཇལ་སྐོར་གནང་ཞོར། གྲུབ་ཆེན་གོང་མའི་ཉམས་རྟོགས་ཀྱི་རྗེས་ཤུལ་ཉུལ་བས། སྔ་དར་རིགས་འཛིན་དང་གྲུབ་ཐོབ་གོང་མའི་བྱིན་རླབས་ཀྱི་ཟིག་མ་རེ་རེ་ཁྱེད་ཀྱི་སྐུ་ལུས་ལ་ཐིམ་པར་ངེས། སྐབས་དེ་རྣམས་ཀྱི་བགྲོད་ལམ་དུ་བཀྲེས་ལྟོག་འཁྱག་གསུམ་གྱི་དཀའ་ངལ་གང་མང་ཞིག་འཕྲད་ཡོད་ན་ཡང་། གུ་ཡངས་དང་བག་ཕེབས་ཀྱི་ཀློང་ནས་ས་ཆ་མི་འདྲ་བ་དང་ཡུལ་ལུང་མི་འདྲ་བར་ཅི་དགར་དུ་བསྐྱོད་ཆོག་པས། དུས་ཡུན་དེར་ཁྱེད་ལ་རང་དབང་ལོངས་སུ་སྤྱོད་པའི་བདེ་སྐྱིད་ཀྱི་དབུགས་རྒྱུན་ཞིག་ཐོབ་ཡོད་ཀྱང་སྲིད།
༤ ༽ སྙིང་རུས་དང་ཆོག་ཤེས་ཀྱིས་སློབ་གཉེར་གནང་།
གནས་སྐོར་མཇུག་གྲུབ་མཚམས་སླར་ཡང་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དེར་ཕྱིར་བྱོན་ནས་དཔེ་ཆ་སློབ་གཉེར་གནང་རྒྱུའི་མགོ་ཚུགས་ཏེ། རིག་གནས་གཞུང་ལུགས་སོགས་ལ་ལོ་ཤས་སློབ་གཉེར་གནང་རྗེས། བྱང་གི་གནམ་མཚོའི་དོ་གླིང་ལ་ཆེད་གཉེར་གྱིས་ཕེབས། དབེན་གནས་དེར་ཉམས་ལེན་གྱི་རྒྱུན་སྐྱོང་བཞིན་བཞུགས་པའི་མཁས་མཆོག་སྨྲ་བའི་སེང་གེ་ཡོངས་འཛིན་ཚུལ་རྒྱན་གྱི་མདུན་དྲུང་དུ། གནས་མལ་བྲག་ཕུག་ཏུ་བྱས། འཚོ་བ་ཕྱེ་ནག་ལ་བསྐྱལ་ནས་རིག་པའི་གནས་དང་ཟབ་མོའི་གཞུང་ལུགས་མཐའ་ཡས་པ་རྣམས་ལ་གསན་བསམ་ངོམས་མེད་དུ་མཛད། བོན་སྔོན་འགྲོ་དངོས་གཞི་མུན་མཚམས་དང་བཅས་པའི་ཉམས་ལེན་གནང་། ཆ་རྐྱེན་ཇི་ཙམ་ཞན་རུང་ཆོག་ཤེས་དང་བཟོད་བསྲན་གྱིས་དཀའ་སྡུག་ཡོད་ཚད་དང་ལེན་གནང་སྟེ། དབྱར་ནས་དགུན་དང་དགུན་ནས་དབྱར་ལ་བསྐྱལ། མི་ལོ་ལྔ་ཙམ་རིང་ལ་དེ་ལྟར་སློབ་གཉེར་དང་དགེ་སྦྱོར་ཉམས་ལེན་གྱི་ཆུ་རྒྱུན་བསྐྱངས།
དེ་ནས་ཡོངས་འཛིན་ཚུལ་རྒྱན་གྱི་ཞལ་གསུང་སྤྱི་བོར་བླངས་ནས་གཙང་གི་གྲྭ་ས་གོང་མ་སྨན་རིའི་འདུས་གྲྭར་ཞུགས། མཁས་པའི་ཁྱུ་མཆོག་གི་མཚན་གྱི་ཅོད་པན་འཆང་བའི་སློབ་དཔོན་ཡོངས་འཛིན་སངས་རྒྱས་བསྟན་འཛིན་མཆོག་གི་ཞལ་སྔར། གྲྭ་སའི་འཚོ་བ་དཀྱུས་མ་ཁོ་ན་ལ་བརྟེན་ནས་སྙིང་རུས་རྡོ་བཞིན་བསྐྱེད། བརྩོན་འགྲུས་ཆུ་རྒྱུན་བཞིན་བསྐྱངས་ཏེ། བསྡུས་རྟགས་ནས་བཟུང་། ཐེག་འགྲེལ་དབུ་ཕར་འདུལ་མཛོད་དང་བཅས་པའི་མཚན་ཉིད་ཐེག་པའི་གཞུང་ལུགས་ཐམས་ཅད་དགག་སྒྲུབ་རིགས་ལམ་ཕྲ་མོས་མཐའ་བརྟོལ། གསང་སྔགས་མ་རྒྱུད་དང་། ཞང་ཞུང་སྙན་རྒྱུད། རྫོགས་ཆེན་ཚད་མ་གལ་མདོ་སོགས་ནང་རྒྱུད་གསང་བ་སྔགས་དང་ཟབ་མོ་རྫོགས་ཆེན་བཅས་ལ་གསན་བསམ་ཉམས་བཞེས་མཐར་ཕྱིན་པར་མཛད་མཐར། མཁས་མང་འདུས་གྲྭའི་དབུས་སུ་གཞུང་ཆེན་དམ་འཇོག་གིས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་དང་ལྷན། མཁས་པའི་མཚན་སྙན་གྱི་གོ་སར་བསྙེགས་ཅིང་དུས་དེ་ནས་བཟུང་ཁྱེད་ནི་གཞུང་ལུགས་སྨྲ་བའི་ཉི་མ་དང་། བཅུ་ཕྲག་རིག་པའི་བང་མཛོད་ཅིག་ཏུ་གྱུར།
༥ ༽ བསྟན་པའི་མཛད་འགན་ལྕི་མོ་འཕྲག་ལ་བཀལ།
སྐུ་ཚེ་ལ་གྲྭ་རྐྱང་དཀྱུས་མ་ཞིག་དང་དབེན་གནས་ཀྱི་རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ་ཞིག་ལས། ཆོས་དང་འཇིག་རྟེན་གང་གི་གོ་སར་བཞུགས་འདོད་མེད་ཀྱང་། རྩ་བའི་བླ་མ་མཁན་སློབ་རྣམ་པས་བཀའ་དགོངས་ཀྱིས་ཐུགས་ཐག་བཅད་དེ། སྨན་རིའི་དཔོན་སློབ་ཀྱི་ཁྲི་ལ་བཀོད། བོན་གྱི་བསྟན་པའི་མཛད་འགན་འཕྲག་ལ་བཀལ་བས། བསྐོས་པ་བཞིན་དུ་མཉམ་མེད་གསེར་ཁྲིའི་འགྲམ་དེར་བཞུགས་ནས། མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་དང་བཅས་པའི་སློབ་ཁྲིད་ཟམ་མི་ཆད་པའི་འོག། བུ་སློབ་གསོ་སྐྱོང་མཛད། བཤད་སྒྲུབ་ཀྱི་འདུས་སྡེ་བསྐྱངས་པས། དུས་དེ་ནས་བཟུང་ཁྱེད་ནི་“དཔོན་སློབ་དཔོན་བསྟན་འཛིན་རྣམ་དག་”སྟེ་བོན་གྱི་བསྟན་པའི་ཀ་ཆེན་ཞིག་ཏུ་གྱུར།
གྲྭ་སའི་མཁན་སློབ་གོང་མ་རྣམས་ཀྱི་གཙོས། རྒྱུད་པའི་བདག་པོ་བླ་མ་སྐྱེས་ཆེན་མང་པོའི་མདུན་ནས། སྔ་ཕྱིར་བར་གསུམ་དུ་ཁྲིད་ལུང་དབང་གསུམ་གྱི་མན་ངག་དང་། རྒྱུད་ཁ་གང་ཡོད་རྣམས་ཞུས་ཏེ། ཕྱི་འདུལ་བ་ཁྲིམས་ཀྱི་རྒྱུད་པ་དང་། ནང་གསང་སྔགས་དབང་དང་ཕྱག་ལེན་གྱི་རྒྱུད་པ། གསང་བ་སེམས་ཕྱོགས་མན་ངག་བྱིན་རླབས་ཀྱི་རྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་པར་མཛད་པས། ཁྱེད་ནི་དོན་དམ་པའི་གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོར་གྱུར།
༦ ༽ བསྟན་པའི་བར་ཆད་ཁྲོད་ནས་བསྟན་པའི་མེ་རོ་སྤར།
དུས་འགྱུར་རླུང་འཚུབ་ཀྱིས་ས་གཞི་གཡོ་ཞིང་འཁྱོམ་པའི་བར་མཚམས་དེ་ནས། ཁྱེད་ནི་སྟོད་དྭངས་ར་ནས་ལྷོ་མོན་ཡུལ་གྱི་ཕྱོགས་སུ་དབང་མེད་དུ་ཕེབས་དགོས་བྱུང་། མེ་མདའི་སོ་ཁ་ནས་ཞབས་ལ་རྨས་སྐྱོན་བྱུང་ཡང་སྐུ་སྲོག་ལ་མ་འཛེམས་པར། རིན་ཐང་བྲལ་བའི་སྨན་རི་ཚང་གི་རྟེན་གསུམ་རྣམས་སྲུང་སྐྱོབ་མཐར་ཕྱིན་པར་མཛད་ཅིང་། ཐུགས་དམ་གྱི་པོད་ཆེན་འགའ་སྐུ་རྒྱབ་ཏུ་ཁུར་ནས་ཞབས་འཐེང་བཞིན་ཡུལ་བྱོལ་ལ་ཕེབས། སྐབས་དེ་ནས་བཟུང་ཁྱེད་ནི་ལྷོ་ནས་ནུབ་དང་། ནུབ་ནས་བྱང་དུ་བསྐྱོད་དེ་ས་མཐའ་ནས་ས་མཐའ་རུ་འགྲིམ་པའི་ལས་དབང་གི་མངར་སྐྱུར་ཉམས་སུ་མྱང་དགོས་བྱུང་།
འོན་ཀྱང་བསྟན་པའི་མཛད་འགན་འཕྲག་ཐོག་ནས་མ་གཡུག་པར། དུས་ཀྱི་སྐབས་མཚམས་དེར་ལྷག་པར་བདག་གིར་བཞེས་ཏེ། རང་ལ་རྟེན་གཞིས་མེད་ཀྱང་གཞན་སར་གནས་ཚང་གཡར་བཞིན། བོན་དཔེ་འཚོལ་བསྡུ་དང་དཔར་བསྐྲུན་གྱི་ལས་གཞི་རྒྱ་ཆེར་བསྒྲུབས། བོན་གཞིས་གསར་འཛུག་གིས་བོན་སྡེ་ཁ་འཐོར་རྣམས་གཅིག་ཏུ་བསྡུས། གནས་དགོན་གསར་བཞེངས་ཀྱིས་གྲྭ་སའི་ལུགས་སྲོལ་བསྐྱར་གསོ་གནང་།
གྲྭ་བཙུན་གང་ཡོད་རྣམས་བསྡུས་ཏེ་བཤད་སྒྲུབ་སློབ་གཉེར་བཙུག དེ་ལྟར་བསྟན་པའི་བར་ཆད་ཁྲོད་ནས་སླར་ཡང་བསྟན་པའི་མེ་རོ་སྤར་བས། ཁྱེད་ནི་གཉེན་འཕྲང་གི་མཚམས་དེར་བསམ་བཞིན་དུ་ཕེབས་པའི་དུས་ཀྱི་སྟོན་པ་ཞིག་ཏུ་གྱུར།
༧ ༽ ལྷ་དང་སྲུང་མར་ནོར་འཆུག་ག་ལ་ཡོད།
མཆོག་གསུམ་སྐྱབས་གནས་དཔང་དུ་བཙུག་སྟེ་ཐུགས་བསྐྱེད་གནང་། དམ་ཅན་སྲུང་མ་རྣམས་ལ་བདེན་པ་བདར་ཏེ་རྟགས་རིལ་བསྒྲིལ་བས། ལྷ་དང་སྲུང་མས་གདམས་པ་ལ་ནོར་འཆུག་ཡོད་ག་ལ་སྲིད་དེ། ཞྭ་དཀར་རིང་ལུགས་འདི་ཡི་དབུ་ཁྲིད་བླ་ན་མེད་པ། ཤེས་འཇོན་གཉིས་འཛོམས་ཅན་ཞིག་སྨན་རིའི་ཁྲི་འཛིན་སོ་གསུམ་པར་ངོས་འཛིན་བྱུང་སྟེ་བསྐོ་བཞག་ཚུལ་བཞིན་གནང་བས། སླར་ཡང་བོན་གྱི་གྲུབ་མཐའ་ལ་མགོ་དང་མཇུག་ཡོད་པར་གྱུར།
བོད་གངས་ཅན་གྱི་མེས་པོའི་ཕ་ཆོས་དག་མ། རིག་གཞུང་དང་ཆོས་ལུགས་གཉིས་ཀྱི་ཆ་ནས་ནང་དོན་ཕུན་སུམ་ཚོགས་པའི་གྲུབ་མཐའ། སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འདི་ལ་ཆོས་རྒྱུད་གཞན་དང་མཚུངས་པར་འདྲ་མཉམ་གྱི་གནས་བབ་དགོས་འདུན་ཞུས་ཏེ་བླ་ཆེན་གྱི་ཐོབ་ཐང་ཆ་ཚང་བླངས། དུས་དེ་ནས་བཟུང་ང་ཚོའི་ཆོས་ལུགས་འདི་ལ་ཡང་། གཞན་དང་འདྲ་མཉམ་གྱི་བླ་ཆེན་ཞེས་པའི་ཐོབ་ཐང་ཞིག་ཡོད་པར་གྱུར་ཏེ། ཞྭ་དཀར་བ་ཞེས་པའི་གྲུབ་མཐའ་འདིའི་དབུ་འཕང་ཡར་ལ་མཐོ་བའི་མགོ་བརྩམས།
༨ ༽ གཞིས་སྐོར་དེ་ཡང་བསྟན་པའི་འཁོར་ལོ་ཞིག་ཏུ་གྱུར།
གནས་སྟངས་ལ་འགྱུར་བ་སོང་མཚམས་སུ་ཕྱིར་བོད་ཡུལ་ལ་ཐེངས་དང་པོར་ཕེབས་ཐུབ་པ་བྱུང། དེ་ནི་བོད་ཡུལ་དང་ཁ་བྲལ་ནས་མི་ལོ་ཉེར་བདུན་ཙམ་གྱི་རྗེས་ཡིན་ཡང་། ཕ་ཡུལ་དང་ཡུམ་ཆེན་ཁ་བྲལ་ནས་མི་ལོ་བཞི་བཅུ་ལྷག་ཙམ་འདས་པའི་རྗེས་ཡིན་པས། ཐོག་མར་མ་བུ་ངོ་མི་ཤེས་པ་ཙམ་གྱི་དགའ་སྐྱོ་ཆ་མི་འཚལ་བ་ཞིག་ཏུ་གྱུར། མདོ་དབུས་ཁམས་གསུམ་གྱི་ས་གནས་ཕལ་ཆེར་ལ་ཆེད་གཉེར་གྱིས་ཕེབས་བསྐྱོད་གནང་སྟེ། གཞིས་དགོན་དང་བསྟན་པའི་གནས་སྟངས་ཡོངས་ལ་མཚམས་གཟིགས་དང་ཐུགས་བརྩེའི་འབྲེལ་བཞག་གནང་།
གཞིས་བཞུགས་ཀྱི་སེར་སྐྱ་ཡོད་ཚད་དགའ་དད་སྤྲོས་བས་ཁེངས་ཤིང་། འཛུམ་ལ་འཛུམ་བསྟན། སེམས་པ་དང་སེམས་པ་འབྲེལ། དབུ་ཐོད་དང་དབུ་ཐོད་བཏུག ཕྱག་དང་ཕྱག་འཇུས། མཇལ་མོལ་གྱི་སྐལ་བཟང་ཐོབ་པས། མགོ་བཙུགས་དང་འཛུག་བཞིན་པའི་དགོན་སྡེ་རྣམས་ལ་བཤད་སྒྲུབ་ཀྱི་བསྟན་པའི་ས་བོན་འཛུག་རྒྱུའི་ལམ་སྟོན་གནང་། བོན་འབངས་ཁྲི་ཁྲག་ལ་དབང་ལུང་གི་བྱིན་རླབས་ཕབ། གྲྭ་བཙུན་སྟོང་ཕྲག་ལ་བསླབ་སྡོམ་གྱི་མེ་ཏོག་གཏོར། དེ་ལྟར་གཞིས་སྐོར་དེ་ཡང་སངས་རྒྱས་ཀྱི་བསྟན་པའི་འཁོར་ལོ་ཞིག་ཏུ་གྱུར་ཞིང། དེ་ནས་བཟུང་གཞིས་སྐོར་ཐེངས་མང་ཕེབས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པའི་འཁོར་ལོ་རེ་རེ་རུ་གྱུར་ཡོད།
༩ ༽ བསྟན་པའི་བདག་པོ་ཁྱེད་ལས་གཞན་ཨེ་ཡོད།
བསྟན་པའི་བསྟི་གནས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་སྟེ། བཤད་སྒྲུབ་ཀྱི་འདུས་སྡེ་རྒྱ་བལ་གཉིས་ལ་ཚུགས་ཤིང་། རིམ་བཞིན་སློབ་བུ་རྣམས་ཀྱི་བརྒྱུད་ནས་བོད་ཀྱི་དགོན་སྡེ་སོ་སོར་བཤད་སྒྲུབ་སློབ་གཉེར་དབྱར་སྤང་གི་མེ་ཏོག་ལྟར་རྒྱས།
སྒོམ་སྒྲུབ་ཀྱི་འདུས་སྡེ་ནུབ་ཀྱི་མཐའ་བར་དུ་དར་ཞིང་། འཁོར་དང་སློབ་མ་འཛམ་གླིང་ཕྱོགས་མཐའ་ཀུན་ནས་འདུས་ཏེ། ཁྱེད་ཀྱི་མཛད་འཕྲིན་ཉི་མའི་འོད་སྣང་བཞིན་དུ་ཀུན་ལ་ཁྱབ་ཞོར། ཉག་ཕྲ་བའི་ཞྭ་དཀར་བོན་གྱི་བསྟན་པ་འདི་ཉིད་ཀྱི་མཚན་དོན་འཛམ་གླིང་དུ་བསྒྲགས། ཁྱེད་ནུབ་གླིང་དུ་ཕེབས་ཐེངས་རེ་རེ་ནི། ཚོས་མདོག་མི་གཅིག་ཅིང་ཚོར་འདུ་སྐྱེན་པའི་མི་རིགས་ཀྱི་སློབ་མ་ཚོར་མཚོན་ན་སེམས་ཀྱི་ཞི་བདེའི་འོད་སྣང་རེ་རེ་ཡིན།
རྨ་མེད་འདུལ་ཁྲིམས་ཀྱི་རྒྱུད་པ་དང་། བྱིན་རླབས་དབང་གི་རྒྱུད་པ། ཟབ་མོ་གདམས་པ་ཡི་རྒྱུད་པ། སྔར་སྲོལ་ཕྱག་ལེན་གྱི་རྒྱུད་པ། བཀའ་མདོ་རྒྱུད་དག་གི་བཤད་རྒྱུད་དང་ཁྲིད་རྒྱུད། མདོར་ན་བོན་སྒོ་ཕྱི་ནང་གསང་གསུམ་གྱི་བསྟན་རྒྱུན་ཡོད་ཚད། དུས་རབས་གསར་རྙིང་བརྗེ་བའི་མཚམས་དེར་བོད་ནས་ལྷོ་ལ་བསྣམས། མི་རབས་སྔ་ཕྱི་འབྲེལ་བའི་མཚམས་དེར་ལྷོ་ནས་སླར་ཡང་བོད་ལ་མཐུད་ཐུབ་པ་གནང་སྟེ། བསྟན་པ་འདི་ཡི་བསྟན་རྒྱུན་སླར་གསོ་དང་། རྗེས་བཞག་གི་འཕྲོ་ཡོངས་སུ་བསྐྱངས་ཐུབ་པ་གནང་བས། དུས་རབས་ཀྱི་བསྟན་པའི་བདག་པོ་ཁྱེད་ལྟ་བུ་ལས་གཞན་ཞིག་ཨེ་ཡོད་ན།
༡༠ ༽ བསྟན་པའི་གསལ་བྱེད་ཅིག་ཅི་ལ་མིན།
བསྟན་འབྱུང་དང་ལོ་རྒྱུས་རྣམ་ཐར་གསལ་འདོན་མཛད་ཅིང་། བོད་ཀྱི་རིག་གཞུང་གི་ངོ་བོ་ཚིག་ལ་བྲིས། མདོ་སྔགས་གཞུང་ལུགས་ཀྱི་འགྲེལ་དང་ཆ་ལག་མཛད་ཅིང་། ལྷག་པར་གསང་སྔགས་རྒྱུད་སྡེ་རྣམས་ཀྱི་གསལ་བྱེད་མཆན་འགྲེལ་གསལ་བར་བཀོད། རྫོགས་ཆེན་རྒྱུད་སྡེ་བཞི་ཡི་བཤད་ཁྲིད་སྤེལ། བསླབ་བྱ་དང་ལེགས་བཤད། རིག་གཞུང་དང་ལོ་རྒྱུས། དཀའ་གནད་ཀྱི་དོག་སེལ་སོགས། ཟབ་གདམས་གྱི་གཏེར་མཛོད་དུ་སྦྲུམ་པའི་གསུང་རྩོམ་པོད་གྲངས་ཉི་ཤུ་ལས་བརྒལ་བ་བརྩམས་མཛད་པས། དེ་དག་ནི་བསྟན་པ་འདི་ཉིད་རྗེས་སུ་འཛིན་པ་རྣམས་ལ་ཉིན་མོ་ལྟར་བྱེད་པའི་ལེགས་བཤད་འབའ་ཞིག་ཏུ་གྱུར་ཡོད། དེས་ན་ཁྱེད་ནི་བསྟན་པའི་གསལ་བྱེད་ཅིག་ཅི་ལ་མིན།
བོན་གྱི་བསྟན་པ་དང་འབྲེལ་བའི་གནད་དོན་ཆེ་འབྲིང་ཆུང་གསུམ་གང་གི་ཐད་ལ་ཡང་། ཕྱོགས་ཀུན་ནས་གོང་འོག་བར་གསུམ་གྱིས་ཁྱེད་ལ་བཀའ་འདྲི་དང་ལམ་སྟོན་མ་ཞུས་པ་ཞིག་ཕལ་ཆེར་ཨེ་ཡོད། ཁྱེད་ཀྱིས་ཕར་ལ་ལམ་སྟོན་གྱི་བཀའ་དྲིན་བསྐྱངས་མ་མྱོང་ས་ཞིག་ཀྱང་དེ་བས་ཨེ་ཡོད་ན། དེས་ན་ཁྱེད་ནི་ཀུན་གྱིས་སྐྱིད་སྡུག་གི་ཁ་བརྡ་དང་། བདེ་སྡུག་གི་ལམ་སྟོན་ཞུ་སའི་མི་རྒན་ཞིག་ཏུ་གྱུར་པས། བོན་གྱི་ཡབ་ཆེན་ཞེས་སུ་འབོད་པ་འང་དེའི་དོན་གྱིས་ཅི་ལ་མིན།
༡༡ ༽ ཁྱེད་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཞིག་རེད།
ཁྱེད་ཀྱིས་རྣམ་ཐར་ཁྲོད་བསྟན་འགྲོའི་དོན་གྱི་མཛད་པ་ཁག་གི་རྗེས་ཤུལ་ལ་བསམ་ན། ཉིན་བཞིན་ཡར་ཕེབས་མར་བྱོན་ཁོ་ནའི་མཛད་བྲེལ་དེས། ཅུང་ཟད་ཀྱང་ལྷོད་ལ་ཕབ་ནས་བཞུགས་ཁོམས་བྱུང་ཨེ་ཡོད་ན་བསམ་པ་ཞིག་ཡོད། སྒོམ་སྒྲུབ་ཉམས་ལེན་གྱི་རིམ་པའི་ཚུལ་ལ་བསམ་ན། མཚམས་བསྙེན་སྒྲུབ་དང་ཐུན་སྒོམ་ཉམས་ལེན་ཁོ་ན་གནང་ནས་བཞུགས་པ་ལས། གཞན་ནས་གཞན་དུ་ཕེབས་བཞུགས་ཀྱི་ཁོམ་པ་ཉིན་གཅིག་ཀྱང་ཨེ་ཡོད་ན་བསམ་པ་ཞིག་ཡོད། ཕྱག་གི་ཟིན་བྲིས་ཁོ་ནར་བཏབ་སྟེ་བྲིས་པའི་གསུངས་རབ་ཀྱི་པོ་ཏི་དག་མཇལ་ན། ཁྱེད་ནི་དཔེ་མཛོང་ཁང་ཞིག་ཏུ་དཔེ་གཟིགས་ཁོ་ན་མཛད་པ་ལས། ཕྱི་ལ་ཐོན་ལོང་ཙམ་ཡང་ཡོད་མྱོང་མེད་པ་ལྟ་བུ་ཞིག་ཡོད། ཁྱེད་ཀྱིས་བསྐྱངས་བའི་སློབ་མ་རྣམས་ལ་བསམ་ན། སྐུ་ཚེ་དགོན་པའི་དགེ་རྒན་གནང་ནས་སློབ་ཁྲིད་ཁོ་ནར་མཛད་བཞིན་བཞུགས་པ་ལྟ་བུ་ཞིག་ཡོད།
ཡོད་ཚད་རླབས་ཆེན་དང་གཟི་བརྗིད། ཐམས་ཅད་ལེགས་འགྲུབ་དང་ལམ་སློང་། མདོར་ན་ཁྱེད་ཀྱིས་དཀའ་སྡུག་གི་འཕྲང་ལམ་བཤར། སྐྱིད་སྡུག་གི་སྒང་གཤོང་འགྲིམས་ནས་ཐམས་ཅད་ལ་ཁ་ལོ་གྱེན་དུ་བསྒྱུར་བའི་མཛད་འཕྲིན་གྱི་ཆ་ཤས་རེ་རེ་ལ་བསམ་གཞིག་བྱེད་པའི་ཚེ། འདི་ལྟ་བུ་ནི་མི་གཅིག་གི་མི་ཚེའི་ནང་འགྲུབ་ཐབས་མེད་པ་ལྟ་བུ་ཞིག་རེད། འོན་ཀྱང་འདི་ནི་དངོས་ཡོད་གནས་ཚུལ་གྱི་མིག་མཐོང་ལག་ཟིན་དུ་བྱུང་བའི་ལོ་རྒྱུས་ཤིག་ལས། གཏམ་རྒྱུད་མིན་ལ་རྟོག་པའི་འཆར་ཡན་མིན་ཞིང་། རྫུ་འཕྲུལ་གྱིས་སྤྲུལ་པའང་དེ་བས་མིན། དེས་ན་ཁྱེད་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཞིག་ཡིན།
༡༢ ༽ ཡོད་ཚད་མཐར་ཕྱིན་ནས་སྐུ་བདེ་བར་གཟིམས་སོང་།
གདན་སར་མཁན་དང་སློབ་དཔོན་རྣམས་རྒྱལ་བའི་རྒྱལ་ཚབ་ཏུ་ཁྲ་ཆིལ་ལེར་བསྐོས་ནས་བསྟན་པའི་མཛད་འགན་ཡོངས་སུ་མཐར་ཕྱིན་ཞིང་། དགུང་གྲངས་བརྒྱ་ལ་བཞུགས་ནས་སྐུ་ཚེ་ཡང་མཐར་ཕྱིན། མཐའ་མར་ཐུགས་དམ་གཡོ་མེད་དུ་བཞུགས་ཤིང་། ངོ་མཚར་གྱི་འདས་རྟགས་མངོན་སུམ་དུ་བསྟན་ནས་ཟབ་མོ་ཉམས་ལེན་ཡང་མཐར་ཕྱིན། མདོར་ན་བསྟན་འགྲོའི་དོན་དང་། རང་གཞན་གྱི་དོན་མ་འགྲུབ་པ་གང་ཡང་མེད་པར་ཡོངས་སུ་མཐར་ཕྱིན་པའི་ཚུལ་གྱིས། གསུང་མ་འགག་བོན་དབྱངས་རང་གྲགས་དང་། ཐུགས་མ་གཡོས་བདེ་སྟོང་ཡེ་ཤེས་ཀྱི་ངང་སྐྱོང་བཞིན། གནས་མཆོག་བྱེ་མ་རི་ཁྲོད་ཀྱི་ཡང་དབེན་ནས་སྐུ་ཞི་བར་གཟིམས་ཏེ་སོང།
དལ་རྟེན་གྱི་མི་ལུས་ཤིག་བླངས་པ་འདིའི་ཐོག བླ་མ་ཁྱེད་དང་མཇལ་ཞིང་ཁྱེད་ཀྱི་དྲུང་ནས་གདམས་པ་སྣ་རེ་ཉན་པའི་བསྐལ་པ་ཕྲན་བུ་བྱུང་སོང་བ་འདི་ཁོ་ནས། བདག་གི་མི་ཚེ་ནང་འདོད་པ་ཡོངས་སུ་ཁེངས་ཡོད། མཐར་ཡང་ཁྱེད་ཉིད་ཐུགས་དམ་གཡོ་མེད་དུ་བཞུགས་པའི་མདུན་དྲུང་དེར། སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དལ་འདོན་ཚར་གཅིག་བགྱིས་པའི་སྐལ་བཟང་བྱུང་བ་འདི་ཁོ་ནས། རང་གི་རྒྱུད་ཐོག་འདིར་བསོད་ནམས་ཟད་དུ་མེད་པ་ཞིག་བསགས་ཐུབ་སོང་བ་ཡིན་པས། ད་ནི་ངའི་མི་ཚེ་ལ་དོན་དག་གཞན་མེད་སོང་ཡང་ཅིའི་ཕྱིར་མི་ཆོག
༡༣ ༽ ཁྱེད་ད་དུང་ཡང་གཞན་ཞིག་ཏུ་ཕེབས་མེད།
ཁྱེད་ཀྱི་སྐུ་ཚེ་རྣམ་ཐར་ནང་བཀའ་མདོ་རྒྱུད་ཀྱི་དགོངས་དོན་གཞི་ལ་བཞག་ནས་རང་གི་རིང་ལུགས་སླད་མེད་དུ་བསྐྱངས། ཆོས་པ་ཆོས་པའི་སར་བཞུགས་པ་དེ་ལས། གཞན་དུ་ན་ང་ཚོ་དང་ཁོ་ཚོའི་བར། ཁོ་ཚོ་དང་གཞན་ཚོའི་བར་མི་མཐུན་པའི་འགའ་ཟླ་གང་ཡང་གནང་བ་མེད། ཤེས་རབ་དང་དྲང་བདེན་གྱི་གནས་ལུགས་ཁོ་ན་སྲོག་ཏུ་བཟུང་། མཐུན་འབྲེལ་དང་མཉམ་གནས་ཀྱི་ཐུགས་རྒྱ་ཡངས་པར་བསྐྱེད། འཆམ་མཐུན་དང་ཞི་བདེ་ཡི་བསླབ་བྱ་ཁོ་ན་གནང་བས། རང་སྡེའི་བོན་འབངས་ཡོངས་ཀྱིས་མ་ཟད། གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་དག་དང་། སྤྱི་ཚོགས་ཀྱི་མི་སྣ་མཐོ་དམན་མང་པོས་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱིས་རྗེས་དྲན་དང་གུས་འདུད་ཞུ་དོན་ཡང་དེ་ཉིད་ཀྱིས་ཡིན་ལས་ཆེ།
ཁྱེད་ཕེབས་ཤུལ་འདིར་ཁྱེད་ཀྱི་བྱིན་རླབས་ཀྱི་དྲོད་ཁོལ་ད་དུང་ཡལ་མེད། ཁྱེད་ཀྱི་འཕྲིན་ལས་ཀྱི་རྣམ་པའི་གཟུགས་བརྙན་རེ་རེ་ནི། ནམ་ཡང་ནུབ་པ་མེད་པར་ང་ཚོའི་བསོད་ནམས་ཀྱི་དཔལ་དུ་ལྷག་ཡོད། ཁྱེད་ཕེབས་ཤུལ་ན་ཁྱེད་ཀྱི་མཛད་རྗེས་དག་བསུབ་ཏུ་མེད་པར་ལོ་རྒྱུས་ཀྱི་ལེའུ་ནང་དུ་བསྐལ་པ་ཇི་སྲིད་བར་དུ་གནས་ངེས། དེས་ན་ངའི་སེམས་ངོས་སུ་ཁྱེད་ད་དུང་ཡང་གཞན་ཞིག་ཏུ་ཕེབས་མེད། གལ་སྲིད་མཛད་པ་མཐའ་རུ་ཕྱིན་ཞེས་པ་ཞིག་ཡོད་ན། བླ་མ་ཁྱེད་ལྟ་བུ་ལས་གཞན་མེད་པར་ངེས་པས། ངས་ཁྱེད་གཤེགས་པའི་རྗེས་སུ་དད་འདུན་གྱི་གསོལ་འདེབས་སྨོན་ལམ་ལས། སྐྱོ་གདུང་གིས་མནར་བའི་སྡུག་བསྔལ་གྱི་མིག་ཆུ་གཏོང་བཞིན་མེད།
༡༤ ༽ ཁྱེད་ནི་འདི་དག་ལས་གཞན་ཞིག་མི་འདུག
ཁྱེད་ཀྱི་ཐུགས་བཅུད་ལོན་པའི་སློབ་མའི་ཐུ་བོ། གདམས་ངག་གི་རྒྱུད་པ་འཛིན་པའི་སྐྱེས་བུ་རྒྱལ་བའི་རྒྱལ་ཚབ་ཏུ་ཁྲ་ལམ་མེར་བཞུགས་པ་འདི་དག་ལས་གཞན་པའི་ཁྱེད་ཀྱི་སྐུ་ཚབ་ཅིག་མཇལ་རྒྱུ་ཨེ་ཡོད་ན། བསླབ་བྱ་དང་ལེགས་བཤད། ཞལ་གདམས་རེ་རེའི་ནང་དུ་ལམ་སྟོན་གྱི་སྒྲོན་མེ་གསལ་ཐིང་ཐིང་རེ་སྤར་ནས་ང་ཚོར་རྗེས་བཞག་གནང་ཡོད་པས། འདི་དག་ལས་གཞན་པའི་ཁྱེད་ཀྱི་གསུང་དབྱངས་ཤིག་ཐོས་རྒྱུ་ཨེ་ཡོད་དམ། ཁྱབ་བདལ་ཆེན་པོ་སྣང་སེམས་དབྱེར་མེད་ཀྱི་བོན་སྐུའི་དགོངས་པ་མ་འགག་པ་འདི་ཉིད་ལས་གཞན་དུ་ཁྱེད་ཀྱི་ཐུགས་ཉིད་ཅེས་པ་ཞིག་ད་དུང་ཐོབ་རྒྱུ་ཨེ་ཡོད་ན།
ངས་ཇི་ཙམ་བཙལ་ཡང་ཁྱེད་ནི་འདི་དག་ལས་གཞན་ཞིག་ཏུ་རྙེད་རྒྱུ་མི་འདུག་ཅིང། ཕལ་ཆེར་ཁྱེད་ནི་ཡེ་གདོད་མ་ནས་འདི་དག་ལས་གཞན་ཞིག་ཏུ་ཡོད་མ་མྱོང་བ་འདྲ། དེས་ན་ཁྱེད་ནི་འདི་དག་ཡིན་ལ་འདི་དག་ཀྱང་ཁྱེད་ཉིད་ཡིན་པས། ང་ཚོས་མུ་མཐུད་ཁྱེད་ཉིད་ལ་མཇལ་ཁ་ཡང་ནས་ཡང་དུ་ཞུ་ཆོག་ལ། ང་ཚོ་མུ་མཐུད་སེམས་ཀྱི་བར་ཐག་ཆེས་ཉེ་ས་ནས་ཁྱེད་ཀྱི་དྲུང་དུ་ལྷན་འཛོམས་ཡང་ཞུ་ཆོག
༡༥ ༽ ངས་ད་དུང་ཁྱེད་མཇལ་བཞིན་འདུག
མི་ཡུལ་དུ་བཞག་པའི་མཛད་རྗེས་མིག་མཐོང་ལག་ཏུ་ཟིན་པ་འདི་དག་ལས་གཞན་ན་ཁྱེད་མེད་པས། ངས་འདི་དག་གི་ཁྲོད་ནས་ད་དུང་ཁྱེད་མཇལ་བཞིན་འདུག མཛད་རྗེས་ཀྱི་རི་མོ་རེ་རེ། ཞལ་གདམས་གྱི་ཚིག་བཅད་རེ་རེ། ལམ་སྟོན་གྱི་བསླབ་བྱ་རེ་རེ། གསུང་རབ་ཀྱི་པོ་ཏི་རེ་རེ། ཕེབས་ཤུལ་གྱི་ཞབས་རྗེས་རེ་རེ། བཞུགས་ཤུལ་གྱི་གནས་མལ་རེ་རེའི་ཁྲོད་ན་ད་ལྟ་ད་དུང་ཁྱེད་བཞུགས་པ་ཚོར་བཞིན་འདུག། དེས་ན་ང་ཚོའི་མིག་མདུན་འདིར་ཁྱེད་ནི་ངེས་པར་དུ་འདི་དག་ལས་གཞན་ཞིག་ཏུ་ཅིའི་ཕྱིར་ཡོད་དགོས།
དེ་ལྟར་ཁྱེད་ཀྱི་མཛད་པའི་ཆ་ཤས་ཐམས་ཅད་ཀྱི་མདོ་ནི་ཐུགས་ཉིད་སྐྱེ་མེད་ཀྱི་དགོངས་པར་འདུས་པས། ཐུགས་ཉིད་སྐྱེ་མེད་དང་རང་སེམས་ཀྱི་ངོ་བོའི་བར་ལ་གཅིག་དང་གཉིས་སུ་དབྱེ་རུ་ཨེ་ཡོད་དམ། དེ་ལྟར་མཐར་གཏུག་ན་རང་སེམས་ཀྱི་རང་བཞིན་དྲི་མ་མེད་པ་འདི་ཉིད་རང་དྲིན་ཆེན་བླ་མ་ཁྱེད་ཉིད་ཀྱི་ངོ་བོ་ཡིན་པས། ང་སྐྱེ་འཆི་བར་དོ་གང་གི་སྐབས་སུ་ཡང་ཁྱེད་དང་ལྷན་ནས་ཁ་བྲལ་དོག་གཏན་ནས་མི་འདུག བླ་མ་ལགས། །
ཞེས་རྗེ་བླ་མ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཤར་ལ་རན་སྐབས་སུ་རྗེས་དྲན་གྱི་རྩོམ་དུ་དགེ་བཤེས་ཀྱི་མིང་ཙམ་འཛིན་པ་ཚུལ་ཁྲིམས་དྲི་མེད་འབོད་པ་དེས་༢༠༢༦/༥/༣༠འདས་མཆོད་ཀྱི་བཅའ་བཟོ་ཉིན་མཇུག་གྲུབ་པར་བྲིས་སོ། །
