ཆུ་སྒང་དབུས་སྤྱི་ཁྱབ་ཁང་ནས་གདུང་སེམས་མཉམ་བསྐྱེད་ཞུ་ཡིག
༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཞིང་གཞན་དུ་ཕེབས་པར་གདུང་སེམས་མཉམ་སྐྱེད་ཞུ་ཡིག
རྒྱལ་བ་གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པ། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་གྲངས་༡༠༠ཐོག་བལ་ཡུལ་དུ་ཞིང་ལ་ཕེབས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ཤིན་ཏུ་ནས་བློ་ཕམས་དང་འབྲེལ། རྗེས་འཛིན་སློབ་ཚོགས་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་རྒྱུ་ཡིན། གསང་གསུམ་བོན་གྱི་མངའ་བདག་མཁས་གྲུབ་ཀུན་གྱི་གཙུག་ནོར་ཡོངས་འཛིན་སྨྲ་བའི་དབང་ཕྱུག་རིན་པོ་ཆེ་མཆོག་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པའི་སྙིང་པོ་རྒྱུད་ལ་འབྱོངས་པར་བྱས་ཤིང་། གདུལ་བྱ་ཐུན་མོང་སྐལ་དུ་གཙུག་ལག་ཁང་རྟེན་བཅས་གསར་བཞེངས། གཞིས་བྱེས་གཡུང་དྲུང་བོན་གྱི་དགོན་མ་ལག་དང་བཅས་པའི་མཆོད་རྒྱུན་ཉམས་གསོ། གསུང་རབ་དཔར་བསྐྲུན། ཕྱག་དཔེ་གསར་རྩོམ་གནང་བ་སོགས་བསྟན་པ་ཆགས་འཇིག་མཚམས་སུ་བོད་རང་གི་ཆོས་བརྒྱུད་དྲི་མ་མེད་པའི་རིང་ལུགས་ཚུལ་བཞིན་འཛིན་སྐྱོང་སྤེལ་གསུམ་བགྱིས་ཏེ་རླབས་ཆེན་ཕྱག་རྗེས་བཞག་གནང་བར་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། གསང་གསུམ་མཛད་འཕྲིན་མཐའ་རུ་ཕྱིན་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ལས་ཁུངས་ནས། ༢༠༢༥ ཟླ་༦ ཚེས་༡༣ལ།