ཉེར་མཁོ་འདོད་འཇོ་འཁྲི་ཤིང་བསྐྱར་དུ་པར་སྐྲུན་ཞུས་པའི་མཇུག་གཏམ་གནས་བསྡུས།
ཐབས་མཁས་ཐུགས་རྗེ་ཆེན་པོ་གཤེན་རབ་མི་བོ་ཆེས་གདུལ་བྱའི་བློ་ཡི་ཐེག་སྟོབས་ལ་ལྟོས་ཏེ་བོན་ཡང་ཐེག་པ་རིམ་དགུས་མཚོན་པའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་པ་ཐམས་ཅད་བསྡུས་ན་ཕྱི་ནང་གཉིས་འདུས་ཤིང་། དེ་དག་ཉམས་སུ་ལེན་མཁན་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་གཤེན་སོགས་འཁྲུལ་བྲལ་རིང་ལུགས་དྲི་མ་མེད་པ་མང་དུ་ཡོད་པའི་ནང་ནས་སྤྱི་རྗེ་ལྟ་བུ་རྒྱལ་རིགས་བྲུ་ཡི་རིང་ལུགས་སུ་ལུང་དཀར་དཔོན་སློབ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་མཛད་པའི་གསང་སྔགས་ཀྱི་ལག་ལེན་ ༼ ཉེར་མཁོ་འདོད་འཇོ་འཁྲི་ཤིང་ ༽ འདི་ནི་སྔགས་ཀྱི་ཆོ་ག་ལག་ཏུ་ལེན་ཐབས་ཕྱག་བཞེས་ལྟ་བུ་སྟེ། སྔགས་ཕྱི་ནང་གསང་གསུམ་གྱི་སྟ་གོན་བཅའ་གཞིའི་རིམ་པ། རྫས་བསགས་དང་། དཀྱིལ་འཁོར་བཞེངས་ཚུལ། དངོས་གཞིའི་འཕྲིན་ལས་རིམ་པ། གྱེར་དང་། དབྱངས། སྐད་ཀྱི་བྱེ་བྲག འབུད་རྡུང་དཀྲོལ་གསུམ་བཅས་ཀྱི་ཚུལ་མཁན་ཆེན་ཉི་མ་བསྟན་འཛིན་དང་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་ཀྱི་དགོངས་བཞེད་བཅུད་དུ་བླངས་ཏེ་ཟབ་མོའི་བཀའ་ལུང་རྒྱབ་རྟེན་དྲངས་ནས་ཁ་གསལ་ལྟ་བདེར་བསྒྲིགས་པའི་སྤྱི་རྒྱུགས་ཉེར་མཁོ་གལ་ཆེན་ཞིག་ཡིན། རྗེ་མཉམ་མེད་ཆེན་པོས་མཛད་པར་གྲགས་པའི་གསང་སྔགས་སྤྱི་རྒྱུགས་དང་། གཞན་ཡང་གསང་སྔགས་ཀྱི་རྒྱབ་སྐྱོར། སྐད་ཀྱི་བྱེ་བྲག་སོགས་མང་དུ་ཡོད་ཀྱང་སྤྱི་རྒྱུགས་ལེ་ཚན་མང་པོ་ཞིག་ཟུར་ནས་འཁྱེར་མི་དགོས་པ་གལ་གནད་རྣམས་ཕྱོགས་བསྡོམས་བྱས་པའི་སྙིང་བཅུད་ལྟ་བུར་གྱུར་པ་ཉེར་མཁོ་འདོད་འཇོ་འཁྲི་ཤིང་འདི་ཉིད་ངེས་པས་ན།བོན་གྱི་གསང་སྔགས་ཕྱག་ལེན་གནང་མཁན་ཀུན་གྱིས་གདེངས་འཇོག་དང་སྤྱི་ཁྱབ་སྤྱོད་སྒོ་ཆེ་བ་ཞིག་ཏུ་གྱུར་པ་མངོན་མཐོང་ལག་ཟིན་དུ་གྱུར། ལྷག་པར་དུ་དགོན་འདིར་ལོ་རེ་བཞིན་གསར་ཞུགས་སློབ་གཉེར་བ་རྣམས་ལ་རྒྱུན་ལྡན་ཆོ་གའི་ཕྱག་ལེན་ལ་མཁོ་གལ་ཆེ་བ་སོགས་ལ་ཆེད་དམིགས་སུ་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་དགུ་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་གྲྭ་ཚང་གི་སྤྱི་གཉེར་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། ཚོགས་ཆེན་དགེ་བསྐོས་དགེ་བཤེས་ཤེས་རབ་མཆོག་རྒྱལ། ཚོགས་ཆེན་དབུ་མཛད་བཀའ་རམས་པ་ཚོགས་གཉིས་རྒྱ་མཚོ། མགྲོན་གཉེར་དགེ་བཤེས་ཀུན་སྐྱོང་རྒྱལ་པོ། དྲུང་ཡིག་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན། འཕྲོད་བསྟེན་འགན་འཛིན་དགེ་བཤེས་གཙུག་ཕུད་རབ་གསལ་བཅས་ཚང་འཛོམས་ཐོག་ ༼ ཉེར་མཁོ་འདོད་འཇོ་འཁྲི་ཤིང་ ༽ འདི་ཉིད་ཞུ་སྒྲིག་དཔར་བསྐྲུན་བྱ་རྒྱུར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་དགོངས་ཁྲོལ་ཐོབ་པ་ལྟར་གྲྭ་ཚང་དགེ་བསྐོས་དགེ་བཤེས་ཤེས་རབ་མཆོག་རྒྱལ་དང་། གྲྭ་ཚང་དབུ་མཛད་བཀའ་རམས་པ་ཚོགས་གཉིས་རྒྱ་མཚོ་རྣམ་གཉིས་ཀྱིས་ལས་གཞི་འདིའི་གཙོ་འགན་བཞེས་ཤིང་། དཔར་བསྐྲུན་གྱི་འགྲོ་གྲོན་ཆ་ཚང་གྲྭ་ཚང་རིན་པོ་ཆེ་ནས་བཏང་གནང་བ་ཞིག་རེད། མ་ཕྱི་ནི་ཁྲོམ་ཚང་རག་ཤི་གྲྭ་པ་གཡུང་དྲུང་དོན་ལྡན་གྱིས་བྲིས་པའི་ཉེར་མཁོ་རྒྱ་གར་འཕྲུལ་དཔར་ཅན་དང་། དེའི་མཉམ་དུ་གྲྭ་ལྗིབ་ཅན་བསང་བཀའ་སྐྱོང་བཅས་ལ་གཞིར་བྱས་ཏེ་མཚུངས་བསྡུར་དང་དག་ཞུས་བགྱིས་ཤིང་། མིང་གཞི། ཚིག་ཕྲད་སོགས་མངོན་གསལ་ཆད་ནོར་བྱུང་བ་རྣམས་ལས་གཞན་བརྡ་རྙིང་ཁག་དང་གཞུང་ཡིག་ལ་རང་འདོད་ཀྱིས་བཟོ་བཅོས་དང་སྣོན་འཕྲི་གང་ཡང་བྱས་མེད་པས་ཀློག་པ་པོ་རྣམས་ཀྱིས་མཁྱེན་གལ་ཆེ། ད་དུང་མཁོ་གལ་ཆེ་བའི་ལེ་ཚན་ཁག་གཅིག་གསར་སྣོན་བྱས་པ་མ་ཟད། ཞི་བ་ཨ་གསལ་སོགས་རྒྱུད་རིམ་དུ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེས་མཛད་པའི་ཁྲིི་འཛིན་སོ་གསུམ་པའི་མཚན་རྣམས་དགོས་དམིགས་ཆེ་བར་བརྟེན་ཡར་བསྣོན་ཞུས་ཏེ་གནའ་དཔེའི་གཟི་ཉམས་དང་ལྡན་པར་དག་སྒྲིག་ཞུས་ཡོད། ཞུ་དག་གནང་མཁན་བཀའ་རམས་པ་ཁྲོམ་ཡེ་ཤེས་རབ་གསལ། བཀའ་རམས་པ་ག་ཐ་ཡེ་ཤེས་རྒྱ་མཚོ་དང་། བཀའ་རམ་པ་ཁྱུང་པོ་ཡེ་ཤེས་རབ་གསལ། མ་ནི་གཡུང་དྲུང་མཐར་ཕྱིན་བཅས་དང་། མཐའ་མའི་ཞུ་དག་ནི་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཉིས་ལ་སྤྱན་འབུལ་ཞུས་ཤིང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་ཁུར་སྐྱབས་འཇུག་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་མ་ཟད། ལྷག་ཏུ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ནས་ལས་གཞི་འདིའི་ཐད་བཀའ་སློབ་ལམ་སྟོན་རྒྱ་ཆེར་གནང་བ་དང་། ལས་དོན་འདིའི་ཐོག་དཀའ་ལས་ཚད་མེད་གནང་མཁན་སྒྲིག་པ་པོ་བཀའ་རམས་པ་ཁྲོམ་ཡེ་ཤེས་རབ་གསལ་མཆོག་ལ་སྙིང་དབུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ། ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་ཉེར་མཁོའི་ཡིག་གཏག་མཐུན་འགྱུར་དང་། སྨན་རིའི་སློབ་གཉེར་བ་ཁྲི་གཙུག་རྣམ་རྒྱལ་གྱིས་བསང་དང་བཀའ་སྐྱོང་གི་ཡིག་གཏག་མཐུན་འགྱུར་གནང་བ་བཅས་ལ་བཀའ་དྲིན་ཆེ་ཞུ། མདོར་ན་ལས་དོན་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་མཉམ་སྤུངས་དང་ཕྱར་བ་གྲུ་འདེགས་ཀྱིས་ ༼ ཉེར་མཁོ་འདོད་འཇོ་འཁྲི་ཤིང་ ༽ གསུང་པོད་ཚར་ ༥༠༠ ཐམ་པ་དཔར་སྐྲུན་ལེགས་གྲུབ་བྱུང་བ་ཞིག་ཡིན་པས་ལས་དོན་འདི་དང་འབྲེལ་ཡོད་ཡོངས་ལ་བཀའ་དྲིན་ཆེ་ཞུ། འོན་ཀྱང་ད་དུང་སྒྲིག་པ་པོའི་ལག་བར་དང་མིག་བར་ནས་ཤོར་བའི་ནོངས་སྐྱོན་ཡོད་སྲིད་པས་མཁྱེན་ཡངས་གཟིགས་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་དང་། གསུང་རབ་འདི་པར་བསྐྲུན་ཞུས་པའི་དགེ་རྩ་ཐམས་ཅད་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དམུ་རྒྱལ་གཤེན་གྱི་གདུང་སྲས་རིན་པོ་ཆེ་རྣམ་གཉིས། རང་ཅག་གཡུང་དྲུང་བོན་གྱི་འདུལ་སྔགས་རྫོགས་གསུམ་གྱི་དབང་ལུང་ཁྲིད་དང་མན་ངག་གི་ཆུ་བོ་གཅིག་ཏུ་བསྡུས་ཏེ་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་ཤིན་ཏུ་ཆེ་བ་རྒྱུད་གསུམ་བསྟན་པའི་མངའ་བདག་མཁས་གྲུབ་བྱེ་བའི་བཤེས་གཉེན་༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་རྣམ་པ་གསུམ་དབུས་པའི་དགོན་འདིའི་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་ཀུན་གྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་ཐམས་ཅད་ལྷུན་གྱི་འགྲུབ་པ་དང་། དེ་བཞིན་འདུས་མང་རྣམས་ཀྱི་འགལ་རྐྱེན་བར་ཆོད་རྣམས་ཡོངས་སུ་ཞི་ཞིང་བསླབ་གསུམ་འདུས་སྡེ་རབ་ཏུ་རྒྱས་ཏེ། སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོང་འཕང་རིན་པོ་ཆེ་འཐོབ་པ་དང་། ལྷག་པར་དུ་དགོན་འདིའི་འབྲེལ་ཡོད་དད་སྦྱིན་རྣམ་པའི་རེ་འདུན་ཡིད་བཞིན་དུ་འགྲུབ་པ་དང་། འཛམ་གླིང་ཡངས་པའི་ཁམས་སུ་ནད་མུག་འཁྲུགས་རྩོད་འབྱུང་བའི་འཇིགས་པ་ཐམས་ཅད་མིང་མེད་དུ་ཞི་བའི་རྒྱུ་རུ་འགྱུར་བའི་བཅོས་མིན་རེ་སྨོན་དང་བཅས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་དགུ་པའི་བཙའ་སྐྱོང་ལྷན་ཚོགས་ནས་སྤྱི་ལོ་ ༢༠༢༢ ཟླ ༦ ཚེས་ ༡༨ ཉིན།
གསལ་འདེབས་ཞུ་དགོས་པ་ཞིག་ལ། ཉེར་མཁོ་འདི་ཉིད་གལ་ཏེ་ཚོང་གི་ཆེད་དུ་མ་ཡིན་པར་དགོན་སྡེ་རྣམས་ནས་དགོས་མཁོའི་ཆེད་དཔར་བསྐྲུན་གནང་མཁན་ཡོད་ཚེ་ཞུས་དག་སྒྲིག་སྦྱོར་ཟིན་པའི་མ་དཔེ་ཆ་ཚང་འདི་ག་ནས་རིན་མེད་དུ་སྤྲད་རྒྱུ་ཡིན་པས་དེ་ལྟར་ཐུགས་འཇོག་གནང་བར་འཚལ།
གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ཉིན།
པར་པ་ཚུལ་ཁྲིམས་དྲི་མེད།