ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐང་སྐུ་ཞེས་པའི་སྐོར་ལ་དཔྱད་པ།

རྩོམ་པ་པོ། དགེ་གཤེན་ཚེ་ཚང་།

འདིར་ཡོངས་གྲགས་བོད་སྐད་དུ་ཐང་ཀའམ་ཐང་ཁ། ཡང་ན་ཐང་སྐུ་སོགས་འབོད་ཀྱིན་པའི་དངོས་པོ་དེ་ཅི་ཞིག་ཡིན་རྒྱ་ཆེར་འགྲེལ་མི་དགོས་ལ། དེ་བཞིན་ཐང་ཀའམ་ཐང་སྐུའི་བྱུང་རིམ་དང་ལོ་རྒྱུས་སོགས་སྐབས་འདིར་གཙོ་བོར་གླེང་རྒྱུ་མིན། འདིར་གོང་སྨྲས་ཀྱི་ཐ་སྙད་དེའི་སྐོར་ཅུང་ཞིག་གླེང་ན་འདོད།

སྤྱིར་འདིའི་སྐོར་བོད་རྒྱའི་མཁས་པ་ཚོས་ཐེངས་མང་གླེང་ཟིན་ལ། ལ་ལས་ཐ་སྙད་འདི་རྒྱ་སྐད་ཡིན་ཚུལ་དང་། ལ་ལས་བོད་སྐད་ཡིན་ཚུལ་སོགས་སོ་སོས་རྒྱུ་མཚན་གང་རྙེད་གླེང་ཡོད།

ཐང་ཀ་ཞེས་པ་རྒྱ་སྐད་ཡིན་ཚུལ་གླེང་མཁན་གཅིག་ནི་ 西夏藏传绘画 (མི་ཉག་གི་བོད་བརྒྱུད་རི་མོ) རྩོམ་པ་པོ་རྒྱ་རིགས་ཀྱི་མཁས་པ་ཤིའི་ཅི་ཧྲེང་ (谢继胜) སོགས་ཀྱིས་ཐང་ཀའི་ཐ་སྙད་དེ་རྒྱ་སྐད་ཀྱི་སི་ཀྲིག་ 丝质 གམ་བོད་སྐད་དུ་དར་ཞེས་པ་དང་འབྲེལ་བ་ཡོད་པ་དང་། དེའང་ཁུངས་བཏུག་ས་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་(སྦ་བཞེད་)ལས་བོད་རྒྱལ་སྲོང་བཙན་སྐབས་སུ། “ ཅོང་ཆེན་པོ་བརྒྱད། དར་ཐང་ཆེན་པོ་གསུམ་ལ་སོགས་ ” བཞེངས་པའི་དར་ཐང་དང་རྒྱ་སྐད་ཀྱི་སི་ཐང་ཞེས་པ་སྒྲ་འགྱུར་སྔ་ཕྱི་ལས་དོན་དུ་གཅིག་ཡིན་ཚུལ་བཞེད།

དེ་དང་འདྲ་བ་བོད་རིགས་རི་མོ་མཁས་ཅན་དཀོན་མཆོག་བསྟན་འཛིན་གྱིས་ཀྱང་ “ ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་ཚུལ་བཤད་ལ། དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་འབྲི་སྣང་མོད་སྒྲ་འགྱུར་ལ་སི་ཐང་དང་། དོན་འགྱུར་ལ་དར་ཐང་ཞེས་བརྗོད་པ་ཡིན་ནམ་སྙམ་དཔྱོད་དོ། ” ཞེས་ཁོང་གིས་ཀྱང་དར་ཐང་དེ་སི་ཐང་ལས་བྱུང་བར་འདོད་པར་ཡིད་འཐད་བྱུང་ཡོད་པར་སྙམ།

གོང་སྨྲས་ཐ་སྙད་དེ་བོད་སྐད་ཡིན་པར་གླེང་མཁན་ཁག་ལས་ཅུང་རྒྱས་པར་དཔྱད་མཁན་གཅིག་ནི་གནའ་དཔྱད་བོད་རིག་པ་བ་ཚངས་དབང་དགེ་འདུན་བསྟན་པ་ལགས་རེད། ཁོང་གིས་གོང་དུ་ཐ་སྙད་དེ་རྒྱ་སྐད་ཡིན་པར་གསུང་མཁན་རྣམས་ལ་དགག་པའི་ཚུལ་དུ་(སྦ་བཞེད་)པར་མ་རྙིང་པ་ཁག་ཏུ་   “ དར་ཐང་ ” ཞེས་པའི་ཐ་སྙད་མེད་པ་དང་། དེ་ནི་ཕྱིས་བྱུང་རྩོམ་སྒྲིག་པས་སྦ་བཞེད་དུ་གསལ་བའི་མ་ཚིག་གི་དོན་མ་གོ་ནས་མཆན་བཏབ་རྗེས་རིམ་པར་ནོར་འཛུལ་ཐེབས་པར་གསུངས་ཡོད། ཚངས་དབང་དགེ་འདུན་བསྟན་པ་ལགས་ནི་གྲུབ་མཐའ་རིས་མེད་ཀྱི་དཔེ་ཆ་དང་ལོ་རྒྱུས་ཁག་ལ་གཟིགས་ཐུབ་མཁན་ཞིག་དང་། རང་ངོས་ནས་དཔྱད་པ་གནང་རྒྱུར་མཁྱེན་རྩལ་ཡོད་མཁན་ཞིག་རེད།

དེའང་ཁོང་གིས་སྤྱི་ལོ་ 1980 ལོའི་ཟླ་ 6 ལ་པར་གཞི་དང་པོ་བསྒྲིགས་ཤིང་། སྤྱི་ལོ་ 1982 ལོའི་ཟླ་ 9 པར་པེ་ཅིན་ལ་པར་ཐེངས་ 2 པ་བརྒྱབ་པའི་(སྦ་བཞེད་)དེའི་ཤོག་ལྡེབ་ 46 སྟེང་དུ་བཀོད་པ་ཞིག་ལུང་འདྲེན་བྱས་པ། “ རྒྱུད་རིས་ཐམས་ཅད་མདོ་སྡེ་དང་བསྟུན། ལྡེར་ཚོ་ཐམས་ཅད་གསང་སྔགས་དང་བསྟུན། དེ་ལྟར་ན་ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་སོ་དྲུག སྒོ་ཆུང་ཆུང་བཞི་བཅུ་ཞེ་གཉིས། གྲུ་སྐས་ཆེན་པོ་དྲུག ཅོང་ཆེན་པོ་བརྒྱད། དང་དང་དར་ཐང་ཆེན་པོ་གསུམ་ལ་སོགས་པ། ཞེས་པའི་གོང་གི་གུག་རྟགས་ནང་གི་དར་ཐང་དེ་ད་ལྟ་ཚང་མས་གཞི་འཛིན་སའམ་ཁུངས་གཏུགས་ས་དེ་རེད། ” ཅེས་དང་། དེའང་(སྦ་བཞེད་)ཀྱི་དཔེ་རྙིང་རྣམས་དང་དེ་དག་ནས་བོད་ཀྱི་རྒྱལ་རབས་ཚད་ལྡན་རྣམས་སུ་ལུང་དྲངས་པའི་གོང་ཚིག་དངོས་ནི། ‘ དང་དང་ ’ ཆེན་པོ་གསུམ་ལ་སོགས། ཞེས་བྲིས་ཡོད་པ་ཁོང་གིས། “ སྟབས་ལེགས་པ་ཞིག་ལ་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་དུ་ཉར་ཚགས་བྱས་ཡོད་པའི་(སྦ་བཞེད་)ནང་དུ། དང་དང་བྱ་བ་ལས་དར་ཐང་གི་ཐ་སྙད་མི་འདུག་པས། དར་ཐང་ནི་ཕྱིས་སུ་རྩོམ་སྒྲིག་པས་གསེར་གྱི་ཀ་བ་ལ་ཤིང་གི་ལྷན་པ་བཏབ་པའི་གནས་ཚུལ་ཞིག་ཡིན་པ་གཞི་ནས་ཤེས། དེ་བཞིན་(ཆོས་འབྱུང་མཁས་པའི་དགའ་སྟོན་) དུ་ཡང་། (སྦ་བཞེད་) ཀྱི་ནང་དོན་ལྟར་བཀོད་ཡོད་པ་འདི་ལྟ་སྟེ། ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་སོ་དྲུག སྒེའུ་ཆུང་བཞི་བཅུ་རྩ་གཉིས། གྲུ་སྐས་ཆེན་པོ་དྲུག ཅོང་ཆེན་པོ་བརྒྱད། དང་དང་ཆེན་པོ་གསུམ་གྱིས་བརྒྱན་པ་བྱས་སོ། །” ཞེས་སོགས། (སྦད་བཞེད་)དུ་གསལ་བའི་ “ དར་ཐང་ ” ནི་ཕྱིས་སུ་ནོར་བ་རྒྱུན་འཇམ་དུ་སོང་བ་ལས། (སྦ་བཞེད་)ཀྱི་མ་ཚིག་དངོས་ནི་ “ དང་དང་ ” ཡིན་པ་དང་། དེ་ནི་རོལ་མོའི་བྱེ་བྲག་པ་ཞིག་ཡིན་པ་སོགས། གང་ལྟར་ད་དུང་སི་ཐང་དང་འབྲེལ་བའི་སྐོར་ལའང་དགག་བཞག་མང་པོ་ཞིག་མཛད་མོད་ཀྱང་འདིར་ཡིག་ཚོགས་མང་ཕྱིར་མ་སྨྲས་སོ། །

ཁོང་གིས་ཐང་ཀ་ཞེས་པ་བོད་སྐད་ཡིན་པའི་སྒྲུབ་བྱེད་གཙོ་ཁག་ཅིག་ནི། (བཀའ་ཐང་སྡེ་ལྔ) ལས་གསལ་བའི་དབངས་སྤྱིའི་ཁྲིམས་ལུགས་དང་དེའི་ཡིག་ཚང་ལ་འཇུག་པའི་ཐང་ཁྲིམས། ཞེས་པ་དང་། རྒྱ་ཆེན་པོའི་དོན་ལ་འཇུག་པ་(མཁས་པའི་དགའ་སྟོན་)ལས། ཕྱྭ་མཁན་འཁོར་བཅས་ལ་བྱ་དགའ་ཆེ་ཐང་དུ་བསྩལ། ལྟ་བུ་དང་། གཞན་ཡང་ཐང་དང་འབྲེལ་བའི་མིང་བརྡ་རིན་ཐང་དང་། ཐང་ཕྲོམ། ཐང་ཡིག གསོས་ཐང་སོགས་བོད་ཀྱི་ལོ་རྒྱུས་ཁུངས་མ་རྣམས་སུ་འཁོད་པའི་ཐང་རྣམས་བོད་སྐད་གཙང་མ་ཤ་སྟག་ཡིན་པ་སོགས་དང་། དེ་མིན་བོད་ཀྱི་ལོ་རྒྱུས་ཡིག་ཚང་སོགས་ནས་བྱུང་བའི་ཐང་དང་འབྲེལ་བའི་ཐ་སྙད། དཔེར་ན། པདྨ་བཀའ་ཐང་། ཐང་ཡིག་ཆེན་མོ། བཀའ་ཐང་སྡེ་ལྔ། ཐང་ཁྲིམས། ཐང་ཁྲམ། ལོ་ཐང་། ཡིན་ཐང་། ཉིན་ཐང་སོགས་ནི་གཙོ་བོ་ཉིན་ཐོ་ལྟ་བུའི་རི་མོ་དང་ཡི་གེ། བཀའ་ཚིག་སོགས་ཤོག་གུ་དང་རས་གཞི་སོགས་ལ་འབྲི་བའི་ལུགས་ལས་བྱུང་བའམ། ཡང་ན་བོད་བཙན་པོའི་སྐབས་སུ་གཡུལ་འགྱེད་ལ་འགྲོ་དུས་རུ་དར་འཕྱར་ནས་བསྐྱོད་པ་དང་། རུ་དར་སྟེང་དུ་རང་རང་གི་དགྲ་ལྷ་དང་ཡང་ན་བླ་རྟེན་སོགས་ཀྱི་རི་མོ་འབྲི་བའི་ལུགས་ཡོད་པ་དག་ལས་བྱུང་བ་ཡིན་སྲིད་པར་འདོད་ཡོད།

ད་དུང་ནན་ཏན་དུ་གསོ་རིག་འབུམ་བཞི་དང་རྒྱུད་བཞི་སོགས་སུ་གསུངས་པའི་ “སྨན་ཐང་” ཞེས་པ་དེར་འབྲེལ་བ་ཆེན་པོ་ཡོད་པར་འདོད་ཡོད། མ་ཟད་བོད་ཀྱི་སྐྱེས་ཆེན་རྣམས་ཀྱི་མཛད་པའི་གསུང་རྩོམ་དཔེར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་རྩོམ་དང་། རྭ་ལོ་ཙཱ་བའི་རྣམ་ཐར་སོགས་སུ་ཐང་ཀ་བྱ་བའི་མིང་དངོས་སུ་བཀོད་ཡོད་པར་སོགས་ཀྱང་གསུངས་ཡོད།

སྐབས་འདིར་ངའི་བསམ་ཚུལ་གླེང་བྱ་གཙོ་བོ་ནི་ཐང་ཀའམ་ཐང་སྐུ་ཞེས་པའི་ཐ་སྙད་ “ ཐང་ ” ལ་ཞིབ་དཔྱོད་བྱ་རྒྱུ་དེ་ཡིན། གོང་སོང་བོད་སྐད་དུའའང་ཐང་ཞེས་པའི་ཐ་སྙད་འཇུག་ཡུལ་བརྒྱ་མ་ཟིན་ཙམ་བྱུང་བས་རེ་རེར་དཔྱོད་ཁོམ་མེད་ཀྱང་། གསོ་རིག་འབུམ་བཞི་དང་རྒྱུད་བཞི་ལས་བྱུང་བའི་ “སྨན་ཐང་” གི་འཇུག་ཡུལ་དག་དང་། བོན་གཞུང་ཁག་ལས་བྱུང་བའི་ཐང་དང་འབྲེལ་བའི་ཐ་སྙད་ཁག་ལ་དཔྱོད་ཐབས་བྱ་རྒྱུ་དེ་གཙོ་གནད་ཅིག་ཏུ་མཐོང་།

གསོ་རིག་འབུམ་བཞི་སོགས་སུ་བྱུང་བའི་སྨན་ཐང་སྐོར་ལ་དཔྱད་དགོས་པ་འདི་ཡོད་དེ། མཁས་པ་དེའུ་དམར་ཚང་གིས་ “ ལྡུམ་བུའམ་ཐང་སྨན་གྱི་སྡེ་བཤད་པ། བྱ་བ་དང་། ཐང་ཞེས་པ་དང་ལྡུམ་བུ་ནི་དོན་གཅིག ” ཞེས་པ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། “ ཐང་སྨན་ནི། དོན་གཉིས་ལ་འཇུག་སྟེ། ༡ གདུས་ཏེ་ཁུ་བ་འཐུང་རྒྱུའི་སྨན་རིགས་དང་། ༢ རྫ་རི་གཡའ་གངས་སོགས་རི་རྩེ་མཐོ་སར་སྐྱེས་པ་མ་ཡིན་པ་ཐང་ལ་ཤས་ཆེར་སྐྱེས་པའི་སྨན། ” ཞེས་བཤད་པའི་སྨན་གཞུང་དུ་གསལ་བའི་ “ ཐང་ ” ལ་གོ་བ་གཉིས་ཡོད། གཅིག་ནི་བཏུང་བྱའི་རིགས་ཀྱི་སྨན་ཐང་དང་། གཉིས་པ་ས་མཐོ་དང་རི་སྒང་སོགས་མ་ཡིན་པར་རི་འདབ་སྟེ་ཞིང་ཐང་སོགས་ལ་སྐྱེས་པའི་སྨན་ལྡུམ་རིགས་ལ་གོ།

དང་པོ། དེའང་གསོ་རིག་སྨན་འབུམ་དུ་གསལ་བའི་བཏུང་བྱའི་སྨན་ཐང་ནི་དོན་ངོ་མ་ཡིན་རྒྱུ་ཞང་སྐད་དག་མ་སྟེ། བཏུང་བྱའི་རིགས་ལ་ཞང་སྐད་དུ་ “ ཐང་ ” ཞེས་འབོད་པར་འདོད་ལ། ད་ལྟའི་ཆར་ཡང་གནའ་སྔོན་ཞང་ཞུང་གི་ཆར་གཏོགས་པའི་ཁུ་ནུ་དང་ལ་དྭགས། ལི་ཡུལ་ལྕང་ར་སོགས་སུ་བཏུང་བྱ་ལ་ “ ཐང་ ” ཞེས་དངོས་སུ་འབོད་ཀྱིན་པས་སོ། །

གཉིས་པ། ས་ཁད་ཡངས་པོར་སྐྱེས་པའི་སྨན་ལྡུམ་རིགས་ལ་ཐང་སྨྲས་པར་གོ་རྒྱུ་ཆེན་པོ་ཡོད་འདུག་སྟེ། ཞང་སྐད་དུ་ངོས་ཡངས་ཞིང་རྒྱ་ཆེ་བའི་དོན་ལ་ཡང་ཐང་ཞེས་བྱུང་བ་གཤམ་ནས་གསལ།

གོང་ཞུས་ཞང་སྐད་དུ་ཐང་ཞེས་པར་རྒྱ་ཆེ་ལ་ངོས་ཡངས་བའི་དོན་ལ་ཇི་ལྟར་འཇུག་པར་སྨྲ་སྟེ། བོན་གཞུང་གལ་ཆེའི་ཡིག་ཆ་(སྲིད་པའི་མཛོད་ཕུག་ཆེན་མོ་)ལས་ཞང་བོད་སྐད་གཉིས་ཤན་སྦྱར་དུ་བྱུང་བ་དཔེར་ན། “ སླ་ཐང་རེ་ཧྲབ་འགི་གར་ཇུ། །ས་ཡི་ནམ་བུ་ཐུང་དང་བཤོས། །” ཞེས་པའི་སྐབས་སུ་སླ་ཐང་ནི་སྐབས་འདིར་ཡངས་པའི་ས་གཞི་ལ་གོ་བ་དང་། ཡང་། “ ཐང་གུན་ཤེས་རི་ཧ་ར་ཝངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །” ཞེས་པའི་སྐབས་སུ། ཐང་ནི་ཐམས་ཅད་དེ་རྒྱ་ཆེ་བའི་དོན་དང་། ཡང་། “ སྒྱུ་ཏུར་ཐང་ཙེ་ཧ་ར་ཝངས། །བདལ་པ་ཆེན་པོ་ཡེ་ཤེས་སྐུ། །” ཞེས་པའི་སྐབས་སུ། ཐང་ཙེ་ནི་ཆེན་པོའམ་ངོས་འཇམ་པ། ཡང་ན་གདལ་པ་ཆེན་པོ་སྟེ་མཐའ་མེད་པར་འཇུག་པ་དང་། ཡང་། “ གྱེར་ཞི་དི་ལིད་ཐང་ཀུན་ཁུམ། །བོན་ནི་བདེ་ལྡན་ཀུན་འདུས་ཁམས། །” ཞེས་པའི་སྐབས་སུ། ཐང་ནི་ཡོངས་སུ་འདུས་པ་ལ་གོ་བ་ལྟར་རོ། །

ཡང་བོན་གཞུང་ལས་གོང་གཉིས་དང་ཅུང་མི་འདྲ་བ་འགའ་ཞིག་བྱུང་བ་ནི། ཐང་ཞེས་པ་གཉན་པའམ་བཙན་པའི་དོན་ལ་འཇུག་ཚུལ་ཞིག་ཡོད། དེའང་(སྲིད་པའི་མཛོད་ཕུག་ཆེན་མོའི་)གནས་ལྔ་པ་སྐབས་སུ། “ མཚལ་གྱི་རི་བོ་ཟུར་གསུམ་མཐའ་སྐོར་ལ་དཔག་ཚད་དྲུག་སྟོང་དང་ལྡན་པ་ལྷ་རྣམས་ཀྱི་འདུན་ས་ཡོད་དོ། །འདུལ་དཔོན་ཐང་མོ་ཞལ་བཞིས་གང་བཀའ་ལས་འདས་པ་ཐོག་གིས་གསོད་པས་ན་གཉན་ཞེས་བརྗོད་དོ། །” ཞེས་དང་། འདིར་ཐང་མོ་ཞེས་པ་ནི་དབལ་གྱི་མ་མོ་སྐབས་སུ་བྱུང་བའི་གྱད་མོ་དང་ཐང་མོ། གཟེ་མ་དང་བྱིན་ཏེ་ཞེས་པའི་ཐང་མོ་ལ་གོ་དགོས་ལ། ཐ་སྙད་འདི་དག་ཞང་སྐད་ཁོ་ན་སྟེ། འདི་ཚོའི་དོན་གང་ཡིན་ཁྲོ་འགྲེལ་དུ་ཞིབ་ཚགས་བྱུང་བས་དེར་གཟིགས་དགོས།

ཡང་ཞང་བོད་ལྷ་སྲུང་གི་མཚན་ལའང་ཐང་ཞེས་པ་དཔེར་ན། གཉན་གསས་ཐང་ལྷ་ལྟ་བུ་སྟེ། འདི་སྐབས་ཐང་ལྷ་ཞེས་པ་ནི་གཉན་པའམ་བཙན་པ། ཡང་ན་ཡངས་ཞིང་རྒྱ་ཆེ་བའི་དོན་མིན་ནམ་སྙམ་སྟེ། དང་པོ། གོང་ཞུས་ཐང་ཞེས་པ་གཉན་པའི་དོན་ལའང་འགྲེལ་ཚུལ་བཤད་ཟིན་པ་དང་། གཉིས་པ། ཐང་ལྷ་གནས་སའི་ཡུལ་ནི་དབུས་འབྲོག་གི་ཤོད་ཆེན་བཞི་ཡི་ཡ་གྱལ་འདམ་ཤོད་སྣར་མོ་སྟེ། ཐང་ལྷའི་བྱུང་རབས་ལས། “ ཡུལ་དང་ས་བཙལ་བ། འདམ་ཤོད་སྣར་མོ་བཙལ། ། ” ཞེས་སོགས་ཏེ། ཤོད་ནི་བོད་སྐད་དུའང་རྒྱ་ཆེ་ལ་ཁོད་ཡངས་པའི་རི་འདབ་སོགས་ལ་གོ་བས་སོ། །

དེ་མིན་བོན་གཞུང་ལས་བྱུང་བའི་ཐང་ཞེས་པའི་སྐོར་གནད་འགག་ཆེ་བ་གཅིག་བྱུང་བ་ནི། ཐང་ཞེས་པ་གཟུགས་རིས་ལ་གོ་ཚུལ་ཡོད་པ་འདི་ཡིན། དེའང་(རྣམ་པར་དག་པ་འབུམ་བཞི་ལས་རིན་པོ་ཆེ་གཉན་འབུམ་)ལེའུ་བཅོ་བརྒྱད་པ་མི་དང་གཉན་བསྡུམ་པ་ལས། “ ཤིང་གི་ཕོ་ཐང་མོ་ཐང་བྱས། ས་སྐྱ་གླང་བརྒྱ་དང་། མོ་གླུད་འཕང་བརྒྱ་དང་། ” ཞེས་དང་། ཡང་(གསས་མཁར་རིན་པོ་ཆེ་རྩོད་པ་ཟློག་པའི་འཁོར་ལོ་)ལེའུ་ལྔ་པ་ལས། “ སྟེང་འོག་ཁྲོ་བཅུ་རྒྱལ་ཆེན་ཞལ། །དྲག་པོ་དབང་གི་ཕུར་པ་གདམ། །བྱང་བུ་ཕོ་ཐང་མོ་ཐང་གཟུགས། །ནམ་མཁའ་རྒྱང་འཕེན་གཞའ་སྤྲིན་གུར། ” ཞེས་དང་། (དྲི་མེད་གཟི་བརྗིད་)ལེའུ་བདུན་པ་ཕྱྭ་གཤེན་ཐེག་པའི་སྐབས་སུ། “ ནམ་རྒྱང་མདའ་འཕངས་ཤིང་རིས་དང་། །ཕོ་ཐང་མོ་ཐང་མཚེའུ་ཉུངས་དང་། ” ཞེས་དང་། ཡང་ལེའུ་བརྒྱད་པ། སྣང་གཤེན་ཐེག་པ་སྐབས་སུ། “ མི་ནོར་ཡུལ་མཁར་འདོད་ཡོན་རྫས། །ཕོ་ཐང་མོ་ཐང་ལན་ཆགས་གླུད། ” ཅེས་སོགས་ཀྱིས་མཚོན་དེ་འབྲེལ་ཐ་སྙད་འདི་ཐེངས་མང་ཐོན་ཡོད།

འདིར་གླེང་བཞིན་པའི་ “ ཕོ་ཐང་དང་མོ་ཐང་ ” ཞེས་པ་གང་ཡིན་སྐོར་བོན་དཔེ་གང་འཚམས་གཟིགས་མྱོང་མཁན་ཞིག་ཡིན་ན་ཤེས་མོད་ཀྱང་། ཐ་སྙད་འདི་གསར་པ་ཡིན་མཁན་ཚོར་གསལ་བཤད་ཞུ་དགོས་ངེས་ཡིན། འདིར་སྨྲས་མ་ཐག་པའི་ཕོ་ཐང་དང་མོ་ཐང་(བོན་དཔེ་ལ་ལར་ “ ཕོ་ཏོང་དང་མོ་ཏོང་ ” ཞེས་བྲིས་ཡོད་པའང་ཤེས་དགོས།) ཞེས་པའི་ “ ཐང་ ” ནི་གཟུགས་རིས་ལ་གོ་བ་སྟེ། ནད་པར་གཏོ་བཅོས་རིམ་འགྲོ་སྐབས་སུ་ཕར་རོལ་གནོད་པ་བྱེད་མཁན་དེའི་སྣང་བའི་ཡུལ་དུ་ཕོ་འདོད་པ་ལ་ཤོག་ངོས་དང་དར་ཟབ་སོགས་སུ་ཕོ་ཡི་གཟུགས་རིས་དང་། ཡང་ན་ཟན་བཅོས་པའི་ཕོ་ཡི་གཟུགས་སོགས་གླུད་དུ་གཏོང་ཚུལ་ཞིག་ཡིན། དེ་བཞིན་མོ་དང་བུ་སྲིང་སོགས་ལའང་རིགས་འགྲེ་དགོས། དཔེར་ན། བོན་གཞུང་ཁག་ནས། “ ཕོ་ཐང་དཔའ་བརྗིད་མདའ་འཕེན་ཤ་ར་ར། །མོ་ཐང་མཛེས་བཙུན་གླུ་ལེན་ཀྱུ་རུ་རུ། །བུ་ཐང་དར་ཆས་གར་སྟབས་ཁྱུགས་སེ་ཁྱུག ” ལྟ་བུ་གང་མང་བྱུང་ཡོད།

དེ་ལྟར་གོང་དུ་དྲངས་པའི་བོན་གཞུང་ཁག་ནས་ཞང་སྐད་དུ་བྱུང་བའི་ “ ཐང་ ” གི་ཐ་སྙད་དེ་གཞི་གང་ལ་འཇུག་པ་དང་། སྐབས་བབ་འཇུག་ཡུལ་དང་འབྲེལ་ཏེ་གོ་བ་མི་འདྲ་བ་བྱུང་བ་དག་སྐབས་དོན་གླེང་བྱ་ཐང་སྐུ་དང་སྦྱར་ཏེ་དཔྱད་ན་བསམ་གཞིག་བྱ་རྒྱུ་འདི་ལྟར་ཡོད།

གཅིག གོང་སྨྲས་ཐང་ཞེས་པ་ཁོད་ཡངས་པ་ལེབ་མོ་ལྟ་བུ་ལ་གོ་ཚེ། ལྷ་སྐུ་རྟེན་བཞེངས་སྐབས་སུ་བཤད་པའི་རིས་སུ་བྲིས་པ་དང་འབུར་དུ་གཏོད་པ། ལུགས་སུ་བླུག་པ་བཅས་གསུམ་ལས་ཐང་སྐུ་ནི་རིས་སུ་བྲིས་པའི་ཁོངས་སུ་འདུ་སྟབས། རིས་སུ་འབྲི་སའི་གཞི་མ་ནི་ཁོད་ཡངས་ལ་ངོས་འཇམ་པའི་ལེབ་མོ་ཡིན་དགོས་པས་རྟེན་འབྲི་སའི་གཞིའི་གནས་སྟངས་ཀྱི་ཆ་ནས་ཐང་ཞེས་བཏགས་ཡོད་སྲིད་པ་དང་།

གཉིས། ཐང་ཞེས་པ་གཉན་པའམ་བཙན་པ་སྟེ་གལ་ཆེ་བའི་དོན་དང་སྦྱར་ཚེ། རྟེན་སྐུ་བཞེངས་སའི་ཡུལ་དག་ནི་ཞང་བོད་མི་རིགས་རྣམས་ཀྱིས་ཆེས་གལ་འགང་དང་མཐོང་ཆེན། བཀའ་གཉན་པ་དང་བཀུར་ཡུལ་དུ་རྩི་བ་ཡོངས་གྲགས་ཡིན་སྟབས་འདིར་འབྲེལ་བ་ངེས་ཅན་ཞིག་ཀྱང་ཡོད་སྲིད་སྙམ།

གསུམ། ཐང་ཞེས་པ་གཟུགས་རིས་ལ་གོ་བའི་དབང་དུ་སྦྱར་ཚེ། ཐང་སྐུ་བཞེངས་རྒྱུ་ནི་ལྷ་དང་བླ་མ། སྲུང་མ་དང་མགོན་སྐྱོབས་སྡོང་གྲོགས་བྱེད་མཁན་རྣམས་ཀྱི་གཟུགས་རིས་དང་། དེ་བཞིན་ཞིང་ཁམས་ཀྱི་བཀོད་པ་སོགས་གཟུགས་རིས་སུ་འབེབ་ནས་འབྲི་བ་ཤ་སྟག་ཡིན་རྩང་འདིར་ཆེས་ཁ་གསལ་ཞིང་གོ་བདེ་པོ་ཆགས་པ་ནི་ཞུ་མི་དགོས་སོ། །

རྩ་བའི་བོན་གཞུང་ནས་ཐང་ཀའམ་ཐང་སྐུ་ཞེས་པའི་ཐ་སྙད་བཀའ་བརྟེན་ཁག་ནས་མང་པོ་ཐོན་ཡང་། བཀའ་ཡི་ཁོངས་སུ་གུས་པས་མཇལ་བ་ནི་དཔེར་ན། (རིན་པོ་ཆེ་གཏོར་བཟློག་གི་མདོ་) ལས། “ ལུག་སྐུའམ་ནི་ཐང་ཀ་བཀྲམ། མདའ་བཞི། མེ་ལོང་བཞི། རལ་གྲི་བཞི། རྒྱལ་མཚན་བཞི། ཕྱོགས་བརྒྱད་རྒྱན་དུ་བཀོད། ” ཅེས་དང་། (གོ་ལྡེ་སྐལ་བཟང་འགྲོ་བ་འདྲེན་པའི་མདོ་)ཡི་ལེའུ་བཅོ་བརྒྱད་པ་དོན་གཉིས་མཐར་ཕྱིན་ཡིད་བཞིན་སྨོན་ལམ་བསྟན་པའི་སྐབས་སུ། “ དཀྱིལ་འཁོར་བུམ་པ་མཆོད་པ་བཤམས། །ལྷ་གཤེན་སྲིད་པའི་ཐང་སྐུ་བཀྲམ། །མཆོད་རྟེན་སྐུ་གདུང་རིང་བསྲེལ་བཀྲམ། །” ཞེས་དང་། (འདུལ་བ་རྒྱུད་དྲུག་)གི་ཉོབ་བེ་ལྔ་པ། འགྱུར་གྱི་དབྱེ་བ་བསྟན་པའི་སྐབས་སུ། “ ཕྱིས་དུས་དུས་འཚམས་བླང་བར་བྱ། །མ་ལོན་ཉམས་པ་ཆེན་པོའི་རྒྱུ། །ཐང་སྐུ་དཀའ་བ་(ཀ་བ་མིན་ནམ་སྙམ) ལ་སོགས་བེམ་པོས་བསྡམས་མི་ཐུབ། །” ཅེས་པ་ལྟ་བུ་འགའ་ཞིག་བྱུང་ཡང་། སྤྱིར་བོན་གཞུང་ཁག་ཏུ་བྲིས་པ་ནི་ “ ཐང་སྐུ་ ” ཞེས་བྲིས་པ་ཤས་ཆེ་བ་ལས་ “ ཐང་ཀའམ་ ” ཡང་ན་ “ ཐང་ཁ་ ” ལྟ་བུ་མཐོང་དཀོན་པའི་ཚད་དུ་སྣང་།

གང་ལྟར་ད་ལན་ཐང་སྐུ་ཞེས་པའི་སྐོར་ལ་བོན་ཕྱོགས་དང་སྦྲེལ་ཏེ་ཅུང་ཞིག་གླེང་པ་འདི་ནི་གོང་དུ་སྨྲས་པ་མཁས་པ་ཚོས་དཔྱད་པ་གནང་བ་དག་མི་འཐད་པ་དང་ཡིན་མིན་གྱི་ཐག་གཅོད་ཆེད་དུ་མིན་ལ། བོན་ཕྱོགས་ནས་བཤད་སྟངས་འདི་ཡིན་ཞེས་པའི་ཁ་ཚོན་བཅད་པ་ནི་དེ་བས་མིན་མོད། འོན་ཀྱང་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་སུ་མངོན་པའི་འདི་དང་འདི་འདྲའི་རིགས་ཀྱི་བརྡ་དང་ཐ་སྙད་སོགས་ལ་གོ་བ་གཏིང་ཟབ་རེ་ལེན་རྒྱུ་ཡོད་པ་དང་། བརྡ་དང་ཐ་སྙད་དེ་དག་གི་བྱུང་ཁུངས་ཇི་ཙམ་རིང་དུ་གཏོང་ཐུབ་ན་དེ་ཙམ་གྱིས་དེས་མཚོན་པའི་རིག་པའི་གཞུང་ལུགས་དེ་དག་གི་ཕུགས་ཀྱང་རྒྱ་ཆེ་ཞིང་ལོ་རྒྱུས་རིང་དུ་འགྲོ་ཐུབ་པའི་གནད་དེ་གལ་ཆེན་ཞིག་ཏུ་མཐོང་།

རྩ་བའི་བོད་ཀྱི་བཅུ་ཕྲག་རིག་པའི་གཞུང་ལུགས་ཁག་གི་འགོ་བོ་ནི་ཡ་ཐོག་ཞང་བོད་ཕ་མེས་ཀྱི་ལོ་རྒྱུས་རྣམས་དང་འབྲེལ་ནས་ཡོད་སྟབས། ཅི་སྟེ་གལ་ཆེའི་བརྡ་དང་ཐ་སྙད་དེ་དག་གི་གོ་དོན་ཡང་དག་པ་ཞིག་ཤེས་དགོས་ན་བོན་གཞུང་གི་དཔེ་ཆ་ཁག་ལ་ངེས་པར་དུ་གཟིགས་དགོས་པའི་བསྐུལ་མ་ཙམ་དུ་ཡིན་ལ། འདི་ནས་རིམ་པར་རྣམ་དཔྱོད་ལྡན་པ་སུ་ཞིག་གིས་འདི་འབྲེལ་ལ་དགག་བཞག་དང་ཡང་དཔྱད་གནང་ཐུབ་ན་དགའ་བསུ་དང་གུས་འདུད་ཞུ་མུས་བཅས།། །།

དགེ་མིང་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༥ སྟེ་གཟའ་མཇུག་གུང་གསེང་ཉིན་སྦྱར་བ་དགེའོ།། །།

མདུན་ངོས་པར་རིས་འབྱུང་ཁུངས་གདན་ས་ཁྲི་བརྟན་ནོར་བུའི་རྩེ།

(སྤྱིའི་གཟིགས་གྲངས། 495 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོད་པའི་ར…
error: རྩོམ་འདི་བདག་དབང་ཅན་ཡིན།