ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དགུ་བཅུའི་གོ་སྟོན་བསུ།

རྩོམ་པ་པོ། མེ་ལོང་།

གསེར་ཟམ་བྲག་ལ་བྱས་པའི་རྟེན་ཕུར་རེས། །
འབུམ་ཕྲག་འགྲུལ་པ་འདེགས་པའི་སྟོབས་ཤུགས་འདི། །
སྐུ་ཚེའི་ཀ་བ་བརྟན་པའི་རྟེན་འབྲེལ་དུ། །
ལེགས་སྐྱེས་སེམས་ཀྱིས་ཕུལ་བའི་ཁ་བཏགས་ཡིན། །

སྣ་བརྒྱའི་མེ་ཏོག་འཛུམ་པའི་གླིང་ཁ་ཡིས། །
སྒོ་ལྔའི་འཇུག་པ་འཕྲོག་པའི་མངར་ཁ་འདི། །
བསྟན་པའི་སོ་ནམས་རྒྱས་པའི་རྟེན་འབྲེལ་དུ། །
ཆགས་མེད་བློ་ཡིས་བླངས་པའི་མཆོད་པ་ཡིན། །

ཤེས་རིག་ནོར་བུས་གཏམས་པའི་བང་མཛོད་ཀྱི། །
ལོ་རྒྱུས་མིག་སྔར་བཤམས་པའི་རིན་ཐང་འདི། །
སྲིད་འབྱོར་རིག་ཚོགས་རྒྱས་པའི་རྟེན་འབྲེལ་དུ། །
སྨོན་ལམ་སེམས་ཀྱིས་ཞུས་པའི་གཏང་རག་ཡིན། །

ཕུན་ཚོགས་འདོད་དགུ་སྤུངས་པའི་ཁྲོམ་ར་ཡིས། །
ཚོགས་དྲུག་རྟེན་པ་འཕྲོག་པའི་དཔལ་ཡོན་འདི། །
འཁོར་འབངས་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་དུ། །
དམིགས་མེད་བརྩེ་བས་ཕུལ་བའི་དགའ་སྟོན་ཡིན། །

གློག་ཞུན་འོད་ལྔས་འཁྱུད་པའི་ཕོ་བྲང་གིས། །
ཉིན་མཚན་གཅིག་ཏུ་བསྲེས་པའི་སྣང་བ་འདི།།
ལུང་རྟོགས་བཤད་སྒྲུབ་འཕེལ་བའི་རྟེན་འབྲེལ་དུ།།
བཅོས་མིན་དད་པས་ཞུས་པའི་གོ་སྟོན་ཡིན།།

ཕྱོགས་བཞིའི་མགྲོན་པོ་འགུག་པའི་རོལ་ཚོགས་ཀྱིས།།
དྲི་ཟའི་རྒྱུད་མང་སྒྲེང་བའི་དབྱངས་རྟ་འདི།།
གསུང་གིས་འགྲོ་བ་འདྲེན་པའི་རྟེན་འབྲེལ་དུ།།
སྙན་ཚིག་ངག་ནས་གྱེར་བའི་འབུལ་ཚན་ཡིན།།

མཛེས་པ་མིག་ལ་བཀྲ་བའི་ཡུལ་ལྗོངས་ཀྱིས། །
སྐྱོ་གདུང་སེམས་ནས་འཕྱག་པའི་དགའ་བ་འདི། །
འགྲོ་ཀུན་ཞི་བདེ་འབྱུང་བའི་རྟེན་འབྲེལ་དུ། །
སྨོན་ཚིག་ཡིད་ཀྱིས་བཏེགས་པའི་མཆོད་སྤྲིན་ཡིན། །

མདོར་ན་ཚོགས་དྲུག་ཡུལ་གྱི་དག་སྣང་ཀུན། །
ཁྱེད་ཉིད་དགྱེས་བརྩེ་མཚོན་པའི་རྟེན་དོད་དང་། །
ཞབས་རྗེས་གླིང་བཞིར་བཀྲ་བའི་རྗེས་དྲན་ནམ། །
བཀའ་དྲིན་མཚོན་པ་བྲལ་བའི་དྲན་རྟེན་ཡིན། །

གཡུ་ཞུན་མནྜལ་བདལ་བའི་མཚོ་ཁ་ནས། །
རྟེན་འབྲེལ་ཚིག་ལ་བསྟར་བའི་ནོར་བུ་ཞིག །
སྤྲིན་དཀར་འདབ་མས་བཅབ་ནས་ཕུལ་བ་འདི། །
ལྷ་དབང་སྨྲ་སེང་དགྱེས་པའི་བརྟན་བཞུགས་ཡིན། །

  ཞེས་དུས་རབས་ཉི་ཤུ་དང་ཉེར་གཅིག་ནང་ས་སྟེང་འཛམ་གླིང་བོན་གྱི་གཙུག་རྒྱན་དུ་བྱོན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་གསང་གསུམ་གྱི་མཛད་འཕྲིན་ཐ་དག་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་ཆེད་དུ་ཕུལ་ཞིང་། དུས་རབས་ཀྱི་གཉན་འཕྲང་དུ་མའི་གདོང་བསུས་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་འགྱེལ་ས་ནས་བསླངས་པ་དང་། ཆད་ས་ནས་མཐུད་དེ་འཛམ་གླིང་འདིར་ཉི་ཟླ་ལྟར་གསལ་བར་མཛད་པའི་བཀའ་དྲིན་རི་བོ་ལས་དཔང་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པ་དང་། དེ་ལྟའི་བཀའ་དྲིན་རྗེས་དྲན་ཆེད་༧གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་གོང་ཉིད་སྐུའི་དགུང་གྲངས་དགུ་བཅུར་ཕེབས་པའི་བོད་ཤིང་ལུག་ལོ་གསར་དང་བསྟུན། མཛད་སྒོ་སྟབས་བདེ་ཞིག་སྡེ་དགོན་ཐུན་མོང་ནས་གནང་སྐྱོང་ཞུས་པའི་སྐབས་ཐོག་ཁོ་བོ་མེ་ལོང་ཞེས་སུ་འབོད་པས་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་མཆོད་ཚིག་ཀུ་ཤའི་ཉག་མ་ཙམ་འདི་ཕྱི་ལོའི་༢༠༡༥ ཟླ་༠༡ཚེས་༢༢དགོང་མོར་ཞི་བདེ་རྒྱ་མཚོའི་འཁྲིས་ནས་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག་གུ། །།

(སྤྱིའི་གཟིགས་གྲངས། 95 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།