༧སྐྱབས་རྗེ་མཁན་རིན་པོ་ཆེས་དད་འབངས་རྣམས་ལ་བོན་ཁྲིད་གནང་བ།
དད་འབངས་ཞེས་པ་ནི་བླ་མའི་བཀའ་ལུང་ལ་ཉན་ཐོས་བྱས་ཤིང་གནས་ལུགས་ཀྱི་ངོ་བོའི་ཐོག་ནས་དད་པ་རྙེད་པ་དང་། སྐྱབས་གནས་ལ་ཡིད་ཆེས་ཞིང་འཁོར་བའི་སྡུག་བསྔལ་གྱི་རྩ་བ་མ་རིག་པ་ཡིན་པ་ངོས་འཛིན་ཤེས་པ་མ་ཟད། དེ་སེལ་བའི་ཐབས་སུ་བོན་ལ་བློ་སྦྱངས་ནས་ཐོབ་པའི་ཤེས་རབ་དང་། བརྩོན་འགྲུས་ཀྱིས་དགེ་སྡིག་སྤང་བླང་གི་གནད་མ་ནོར་བ་འབྱེད་ཤེས་པ་དང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལེགས་ཉེས་བླང་དོར་ལ་འཇུག་ལྡོག་བྱེད་ཤེས་མཁན་ཞིག་ལ་ངོས་འཛིན་པ་ཡིན། དེ་ཡང་དགེ་བ་ཞེས་པ་ནི་ལུས་ཀྱིས་ཕྱག་དང་སྐོར་བ། ངག་གིས་ཁ་འདོན་བཟླས་བརྗོད། ཡིད་ཀྱིས་དད་འདུན་མོས་པའི་སྒོ་ནས་དགེ་སྦྱོར་བྱེད་པའི་ཚུལ་འདི་ནི་དགེ་བ་སྒྲུབ་ཅེས་པའི་ངོ་བོ་དངོས་དེ་ཆགས་ཡོད། དེ་ལྟར་འདི་གའི་དད་འབངས་མི་ཉུང་བ་ཞིག་གིས་ཀྱང་ལོ་བསྟར་མཆོད་འབྲེལ་དང་། དགེ་སྦྱོར་བྱེད་པའི་རྣམ་པ་ལོ་རེ་ནས་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ཏེ་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་སྐྱོད་བཞིན་པའི་སྣང་ཚུལ་དང་།
ལྷག་ཏུ་བྱམས་མ་ཚོགས་པའི་ནང་བཞུགས་བགྲེས་སོང་རྣམས་ཀྱིས་གཟའ་སྤེན་པ་གང་ཡིན་ལ་འདུ་འཛོམ་གནང་ནས་དགེ་སྒྲུབ་བྱེད་པའི་ཚུལ་འདི་ནི་ཕལ་ཆེར་ལོ་ངོ་ཉི་ཤུ་ཡས་མས་ཟིན་འདུག་པས་དགེ་བྱེད་པ་ཞིག་གི་ངོས་ནས་དགའ་གུས་ཡི་རངས་ཞུ་འོས་པ་ཞིག་ལོས་ཡིན། སྤྱིར་ན་དད་འབངས་མི་ཉུང་བ་ཞིག་ལོ་རེ་བཞིན་དཀའ་ཐུབ་ཀྱི་དུས་ཚིགས་ནང་བསྙེན་སྙུང་གི་སྡོམ་པ་ལ་གནས་པ་དང་། མཁན་སློབ་རྣམ་པས་ཀྱང་ཁྲིད་ལུང་དབང་གསུམ་དུས་ནས་དུས་སུ་བཀའ་དྲིན་སྐྱོང་བཞིན་ཡོད་པ་ལྟར་ཉིན་འདི་གར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་དད་འབངས་རྣམས་ལ་དམིགས་བསལ་ཁྲིད་ལུང་གནང་སྦྱིན་མཛད་པའི་ཚུལ་འདི་ནི་མཆོག་གི་མིག་སྔའི་མཛད་རྣམ་གྱི་ཆ་ཤས་ཞིག་དང་། གཞན་ལ་སྐུལ་ལྕག་དང་ཡི་རངས་ཀྱི་གསོས་སུ་སྤེལ་བ་ལགས་སོ། །
མེ་ལོང་ནས་ ༢༠༡༨། ༠༢། ༢༨ ཉིན།