ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་གཤེན་བསྟན་མཐའ་སྲུང་མཚོ་གླིང་དགོན་གྱི་རྟེན་གཙོ་སྐུ་བརྙན་ལེགས་གྲུབ་ཀྱི་རྟེན་འབྲེལ་མཛད་སྒོ།

 

 

 

 

དཔལ་གཤེན་བསྟན་མཐའ་སྲུང་མཚོ་གླིང་དགོན་གྱི་ནང་རྟེན་གཙོ་བོ་སྟོན་པ་གཤེན་རབ་རྫོགས་སྐུའི་ཆ་ལུགས་ཀྱི་སྐུ་བརྙན་རིན་པོ་ཆེ་གསར་བཞེངས་ཆེད་དུ། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ཀྱིས་ཐོག་མར་རྟེན་རྩ་བཙུགས་ནས་མཚོ་སྡེ་དགོན་གཉིས་ལ་རྟེན་བཞེངས་དགེ་སྐུལ་གནང་བ་ལ་བརྟེན་ནས་མཚོ་ཡུལ་དགོན་གཙོས་པའི་འབྲེལ་ཡོད་དད་སྦྱིན་ཁག་གིས་མཐུན་སྦྱོར་འོག་རྟེན་བཞེངས་ལེགས་པར་གྲུབ་སྟེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་བྱིན་རླབས་རབ་གནས་ཞུས་པ་དང་། ཕྱི་ལོ་ ༢༠༢༡ ༡༠ ༡༣ ཉིན་ཐད་འཕུར་གནམ་གྲུ་བརྒྱུད་མཚོ་ཡི་ལུང་པར་དངོས་སུ་གདན་འདྲེན་ཞུ་ཐུབ་པར་བྱུང་། ཚེས་ ༡༥ ནས་ཉིན་གཉིས་ཀྱི་རིང་ཀུན་མཁྱེན་ཉི་མས་མཛད་པའི་གཟུངས་གཞུག་ལག་ལེན་ལྟར་གཟུང་རྫོང་རྒྱས་པར་ཕུལ་ཏེ་སྐུ་གདུང་རིང་བསྲེལ་གཙོས་པའི་བྱིན་རྟེན་དང་། གསེར་དང་ཕ་ལམ་གཙོས་པའི་རིན་ཆེན་རིགས་སོགས་ལྷ་འབངས་རྣམས་ཀྱིས་མཐུན་སྦྱོར་ལས་སྐབས་བསྟུན་གྱི་རྫས་ཕུན་སུམ་ཚོགས་པར་བསགས། ཕྱི་ལོ་ ༢༠༢༡ ༡༠ ༡༧ ཉིན་མཚོ་ཡི་སྡེ་དགོན་རྣམས་ཀྱིས་དྭང་ར་གཡུང་དྲུང་མཚོ་མོའི་འགྲམ་གྱི་དར་phoksumdo lakeཞེས་པའི་ས་གནས་སུ་མཛད་སྒོ་གོ་སྒྲིག་གནང་བ་དང་། ཕྱི་ལོ་༢༠༢༡ ༡༠ ༡༩  ཉིན་གྱི་ཕྱག་ཚོད་ ༡༡ ཐོག་མཐའ་སྲུང་མཚོ་གླིང་དགོན་གྱི་སྐུ་བརྙན་རིན་པོ་ཆེ་མངའ་དབུལ་རབ་གནས་ཀྱི་མཛད་སྒོ་དབུ་ཚུགས་ཏེ། ཐོག་མར་བླ་མ་དགེ་བཤེས་རྣམ་པ་ནས་མངའ་དབུལ་བཀྲ་ཤིས་གཏེར་མཛོད་གསུངས་ནས་སྐུ་བརྙན་རིན་པོ་ཆེ་ལ་བྱིན་རླབས་རབ་གནས་མཛད་དེ་བསང་གསོལ་གསུང་། དེ་ནས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ་མཆོག་མཛད་སྒོའི་ཚོགས་མགོན་དུ་སྤྱན་རྒྱ་སྤོས་མེ་དང་བཅས་གདན་འདྲེན་ཞུས་ཏེ། མཚོ་གླིང་དགོན་གྱི་མཁན་པོ་དགེ་བཤེས་བསམ་འགྲུབ་ཉི་མ་ལགས་དང་བླ་མ་དགེ་བཤེས་ཤེས་རབ་གོ་ཆ།  ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་གཙོས་བླ་མ་དགེ་བཤེས་བའི་བཤེས་གཉེན་རྣམ་པ་དང་། ཕུག་སུམ་མདོའི་གྲོང་ཚོ་བརྒྱད་པའི་འགོ་འཛིན་ཉི་མ་བླ་མ་ལགས་དང་གྲོང་ཚོ་ལྔ་བའི་དབུ་འཛིན་སྤེན་པ་གུ་རུང་གཙོས་པའི་ས་གནས་ཀྱི་དཔོན་རིགས་རྣམ་པ་དང་། ཏ་པི་ཧྲི་ཙ་སློབ་གྲྭའི་དབུ་འཛིན་གཞོན་པ་ཟླ་བ་དོན་འགྲུབ་དང་། སློབ་དགེ་དགེ་བཤེས་བློ་གྲོས་གོ་ཆ་དང་། གཡུང་དྲུང་འགྲོ་འདུལ་གླིང་གི་སློབ་དགེ་བཤེས་ཤེས་རབ་ཉི་མ་དང་། ས་གནས་ཀྱི་ལྷ་སྡེ་མི་མང་བཅས་འཛོམས་ནས་འབྲེལ་མཐུད་པ་ཚེ་དབང་རྒྱལ་པོ་ནས་མཛད་རིམ་མཚམས་སྦྱོར་དང་འབྲེལ། མཚོ་ཡུལ་དགོན་གཉིས་ཀྱི་མི་མང་མཉམ་འཛོམ་ཐོག་ལྷ་རྒྱལ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་སྔོན་འགྲོའི་མཛད་རིམ་གྲུབ། དངོས་གཞིའི་མཛད་རིམ་ལ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ་དང་། མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་རིན་པོ་ཆེ་རྣམ་གཉིས་ནས་སྟོན་པའི་སྐུ་བརྙན་རིན་པོ་ཆེ་ཞལ་དབྱེ་གནང་བ་དང་། དེ་རྫེས་བཤད་སྒྲུབ་དཔོན་སློབ་མཆོག་དང་མཚོ་ཡུལ་དབུ་འཛིན་ཉི་མ་བླ་མ་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་སྤར། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་མཚོ་གླིང་དགོན་གྱི་སྐུ་བརྙན་བཞེངས་པའི་དགོས་ཆེད་དང་ཇི་ལྟར་བཞེངས་ཚུལ་དང་འབྲེལ་བའི་གནས་ཚུལ་སྐོར་ནས་གསུང་བཤད་གནང་བ་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་ཡུལ་འདིར་སྤྱོད་སྲོལ་ཆེ་བའི་མ་ཏྲིའི་ཕན་ཡོན་སྐོར་ནས་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ། མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོ་བསམ་འགྲུབ་ཉི་མ་རིན་པོ་ཆེ་ནས་ད་བར་མཐའ་སྲུང་མཚོ་གླིང་དགོན་གྱི་གནས་སྟངས་དང་ཁོང་གི་འཛིན་སྐྱོང་གནང་ཕྱོགས་སྐོར་ནས་བཀའ་སློབ་གནང་།  མཚོ་ཡུལ་གྱི་དབུ་འཛིན་ཉི་མ་ལགས་དང་ཕུར་བ་བསྟན་འཛིན་བཅས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཡུལ་གྱི་གནའ་བོའི་རིག་གཞུང་འཁྲབ་སྟོན་བཅས་གྲུབ་ནས།  སྨོན་ལམ་བརྟན་འབར་མ་གསུང་བཞིན་མི་མང་རྣམས་ནས་སྟོན་པའི་སྐུ་བརྙན་རིན་པོ་ཆེ་ལ་མཇལ་དར་ཕུལ། མཐའ་བཞི་བླ་བྲང་གི་རྟེན་གསུམ་བྱིན་ཆེན་རྣམས་མཇལ་ཁ་དང་རྟེན་ཁྲུས་གནང་། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་སྐུ་བརྙན་རིན་པོ་ཆེ་བཞེངས་སྐབས་མཐུན་སྦྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་འབྲེལ་དེ་དག་ལ་བཀྲ་ཤིས་ཁ་བཏགས་གནང་རྗེས་ཉིན་དང་པོའི་མཛད་རིམ་མཇུག་གྲུབ།

ཕྱི་ལོ་༢༠༢༡ ༡༠ ༢༠ ཉིན་གྱི་ཕྱག་ཚོད་ ༠༢ པའི་ཐོག་སྐུ་བརྙན་རིན་པོ་ཆེ་དཔལ་གཤེན་བསྟན་མཐའ་སྲུང་མཚོ་གླིང་དགོན་དུ་ཡུལ་དགོན་གཉིས་ཀྱིས་དར་གདུགས་རྒྱལ་མཚན་རྔ་གཤང་རོལ་མོ་སོགས་མཆོད་སྤྲིན་མི་ཟད་རྒྱན་གྱི་བསྟར་ཕྲེང་གིས་བསུ་བ་ཞུས་ཏེ་གཙུག་ལག་ཁང་གསར་པའི་ནང་དུ་རྟེན་གཙོ་རིན་པོ་ཆེ་བཞུགས་སུ་གསོལ། བླ་མ་མཁན་པོ་དགེ་བཤེས་སྔགས་གྲྭ་བཅས་ཀྱིས་བླ་མ་མཆོད་པ་དང་སྨོན་ལམ་མང་ཇ་གསུངས་ནས་རྟེན་གཙོ་མཇལ་ཁ་ཞུས་པ་དང་། བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་རང་དགོན་ལ་ཕེབས་པར་རྟེན་འབྲེལ་ལེགས་མཚོན་དང་། སྐུ་བརྙན་རྟེན་བཞེངས་གཙོ་འགན་བཞེས་མཁན་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ལ་ཐུགས་རྗེ་ལེགས་འབུལ་ཞུས་རྗེས་རྣམ་གཉིས་ནས་རྗེས་བརྩེའི་བཀའ་སློབ་ལམ་སྟོན་ལྷུག་པོར་གནང་། མི་མང་གིས་རིག་གཞུང་ཞབས་བྲོ་ཕུན་སུམ་ཚོགས་པ་གཟིགས་འབུལ་ཞུས་པ་བཅས་ད་ལན་གྱི་མཛད་སྒོ་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༡༠ ༢༡ ཉིན་སྤེལ།

པར་པ་ཏི་སེའི་བུ།

(སྤྱིའི་གཟིགས་གྲངས། 1,132 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        ཧོ…
error: རྩོམ་འདི་བདག་དབང་ཅན་ཡིན།