ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་གྱི་དགེ་སྦྱོར་བ་སྨན་པ་སྒང་རུ་གཙུག་ཕུད་རྒྱ་མཚོའི་དཔྱད་དེབ་འགྲེམས་བརྡ།

དཔེ་དེབ་བསྔགས་བརྗོད།

སྨན་པ་བཀའ་བཅུ་པ་གཤེན་གྱི་དགེ་སྦྱོར་གཙུག་ཕུད་རྒྱ་མཚོ་མཆོག་ནས་ལོ་མང་རིང་གསོ་རིག་འབུམ་བཞི་སོགས་ལ་སྦྱངས་བརྩོན་ཧུར་ཐག་གནང་བ་དང་། དེ་ཡང་ཐོས་བསམ་ཙམ་མ་ཡིན་པར་ནད་པ་ལ་དངོས་སུ་ལག་ལེན་གྱི་ཐོག་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྦྲེལ་ཏེ། ཇི་སྐད་དུ། གཟི་བརྗིད་ལས། །དཔྱད་ལ་རྣམ་པ་བཞི་ཡིན་ཏེ། །རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང་། །ངོས་འཛིན་རྩ་ལ་དཔྱད་པ་དང་། །ཕན་གནོད་ཆུ་ལ་དཔྱད་པ་དང་། །འཆི་སོས་ཁམས་ལ་དཔྱད་པ་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། ཞེས་གསུངས་པ་ལྟར་ཁ་བཤད་ཙམ་མ་ཡིན་པར་ཀུན་གྱིས་མཐོང་ཐོས་སུ་ཚུལ་བཞིན་འབད་པར་བགྱིས། ད་དུང་དེ་ཙམ་མ་ཡིན་པར་ལོ་མང་རིང་ལོ་རེ་བཞིན་དུ་ཌོར་ཐང་ལ་ཕེབས་ནས་སྨན་རྫས་ངོས་འཛིན་དང་འཐུ་སྒྲུབ་སོགས་ལ་སློབ་སྦྱོང་དང་ལག་ལེན་སོགས་དཔྱིས་ཕྱིན་པར་གནང་། སློབ་སྦྱོང་གི་བརྒྱུད་རིམ་དེའི་ནང་དུ་ཉམས་མྱོང་དང་ཉིན་ཐོ་སོགས་ཕྱོགས་བསྡུས་གནང་སྟེ། དཔེར་ན་རླུང་ནད་གསོ་བཅོས་དང་དེ་བཞིན་མཁྲིས་པ་དང་བད་ཀན་སོགས་ལས་གྱེས་པའི་ནད་རིགས་སྣ་ཚོགས་གསོ་བཅོས་བྱེད་ཚུལ་སྟབས་བདེ་དང་ཁ་གསལ་གོ་བདེ་དང་། དེ་ཙམ་མ་ཡིན་པར་གསོ་རིག་འབུམ་བཞིའི་ལོ་རྒྱུས་དང་། གསོ་རིག་སྡོང་འགྲེལ། སྨན་ལྷའི་ཆོ་གའི་ལག་ལེན་སོགས་གལ་ཆེའི་ལེའུ་མང་རྣམས་ཕྱོགས་གཅིག་ཏུ་རྩོམ་བསྒྲིགས་གནང་བའི་<<གསོ་རིག་མདོ་དགུའི་བཅུད་གདུས་བདུད་རྩིའི་ཞུན་ཐིགས།>>ཞེས་པའི་དེབ་ཅིག་རིང་མིན་དཔར་བསྐྲུན་གནང་འཆར་འདུག་པར་ཡི་རང་དང་བསྔགས་བརྗོད་ཞུ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ལས། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མེད་དེ། ཞང་ཞུང་དཔྱད་ཕུག་པ་དང་། སྦྱར་ཏེ་བགྱྀས་སོ། ཞེས་པ་གསུངས་པ་ལྟར། སྤྱིར་ཞང་བོད་ལྗོངས་སུ་གསོ་བ་རིག་པ་ལག་ལེན་བྱུང་ནས་མ་མཐར་ལོ་སྟོང་ཕྲག་གསུམ་བཞིའི་ལོ་རྒྱུས་ཡོད་པར་དངོས་ཡོད་ཡིན། དེའི་ནང་དུ་ཡབ་མྱེས་གོང་མ་རྣམས་ཀྱིས་ཉམས་མྱོང་ཕྱོགས་བསྡུས་བྱས་པའི་སྨན་དཔེ་གཙོ་བོ་ནི། གཡུང་དྲུང་བོན་གྱི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་གསོ་རིག་འབུམ་བཞི་འདི་ཉིད་ཡིན་པར་ཆོས་རྒྱལ་ནམ་མཁའི་ནོར་བུ་དང་མཁས་དབང་ཐུབ་བསྟན་ཕུན་ཚོགས་སོགས་དོན་དངོས་ཀྱི་ལོ་རྒྱུས་ཚུལ་བཞིན་སྨྲ་བའི་ལྷ་རྗེ་དང་མཁས་པ་རྣམ་པས་ངོ་སྤྲོད་བྱས་དང་བྱེད་བཞིན་པ་ལྟར་རོ།། བོན་གྱི་ལོ་རྒྱུས་ནང་དུ་སྨན་པའམ་ལྷ་རྗེ་མང་དུ་བྱུང་བའི་ཚུལ་བཤད་ནའང་སྤྱིར་སྨན་གྱི་བསྟན་བཅོས་དང་སྒོས་སུ་གསོ་རིག་འབུམ་བཞིའི་འགྲེལ་བ་ཕྱིས་བྱུང་ཉུང་ཤས་དང་བསྡུས་དོན་ཙམ་མ་གཏོགས་མང་དུ་མཐོང་ཡུལ་དང་ཐོས་ཡུལ་དུ་མ་གྱུར་པ་ནི་ཡིད་སྐྱོ་བའི་གནས་སུ་གྱུར། དེར་བརྟེན་ད་ལན་ལྷ་རྗེ་གཙུག་ཕུད་རྒྱ་མཚོ་མཆོག་ནས་རྩོམ་བསྒྲིགས་གནང་བའི་སྨན་དཔེ་འདི་ཀྱང་སྤྱིར་བོད་ཀྱི་གསོ་རིག་དང་སྒོས་སུ་གཡུང་དྲུང་བོན་གྱི་གསོ་རིག་ལ་ཁ་བསབ་དང་། མ་འོངས་པར་གསོ་རིག་གི་ལོ་རྒྱུས་ཀྱི་དཔྱད་གཞི། གཞོན་ནུ་དོན་གཉེར་ཅན་རྣམས་ལ་མིག་དཔེ་ཡར་ལྟ་དང་བསྐུལ་འདེད་ལ་སྨན་པའི་ལེགས་སྐྱེས་གལ་ཆེན་ཞིག་ཏུ་གྱུར་པ་དང་། ད་དུང་འདི་སྨན་གྱི་གཞུང་ཆེན་རྣམས་ལས་བཅུད་བསྡུས་པ་ཆང་གི་ཉིང་ཁུ་དང་། མར་གྱི་ཡང་ཞུན་ལྟ་བུ་རེད་འདུག་པས་བོད་ཀྱི་གསོ་རིག་ལ་དོན་གཉེར་ཆེ་ནའང་དཔེ་མང་ཀློག་པར་དཀའ་ངལ་ཡོད་པའི་ལྷ་རྗེ་གསར་བུ་ལྟ་བུ་ལ་ལག་ལེན་སྟབས་བདེ་དང་། གོ་བ་སླ་ཞིང་དགེ་ཚན་སྨན་པའི་དེབ་ཆུང་ཞིག་ཏུ་འཁུམས་སོ།། ཞེས་པ་འདི་ཡང་སྐྱབས་རྗེ་རྩ་བའི་བླ་མའི་གདན་ས་གསུམ་པར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་མཁན་པོ་གངས་སེང་ནས་སྤྱི་ལོ་༢༠༢༤ཟླ་བ་༡༢་པའི་ཚེས་༡༦ཉིན་བྲིས་སོ།།

(སྤྱིའི་གཟིགས་གྲངས། 221 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེང་འདིར་བ…
error: རྩོམ་འདི་བདག་དབང་ཅན་ཡིན།