ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ་དབུ་འབྱེད་མཛད་སྒོ་དང་དཔར་འགྲེམས་ཞུས་པ།

དྲིན་དུ་རི་བ་ལྔ་གཏད་ཚོམ་བུའི་གླེང་བརྗོད།

གཅིག དེ་ཡང་སྐབས་ཀྱི་གླེང་གཞི་<<དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ་>>ཞེས་པའི་ཆེད་རྩོམ་དེབ་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་འདིའི་སྐོར་བརྗོད་པར་བྱ་བ་ལ། ཆེད་དེབ་སྤེལ་བའི་ཐོག་མའི་ཀུན་སློང་ནི་སྤྱིར་ན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་ཞེས་དོན་གྱི་སླད་དུ་མཚན་ནས་སྨོས་ན་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༢༦བོད་མེ་སྟག་ལོར་སྐུ་སྐྱེ་བ་མི་རུ་བཞེས་པ་དང་། མཁྱེན་བརྩེ་ནུས་གསུམ་གྱི་ཐུགས་སྟོབས་ངང་གིས་རྫོགས་ཤིང་། སྐྱེས་བུ་དམ་པའི་རྣམ་ཐར་བསྐྱངས་ནས་ཤེས་བྱ་རིག་གནས་སྤྱི་དང་། མདོ་སྔགས་རྫོགས་གསུམ་གྱི་བོན་ལ་བློ་སྦྱངས་ཏེ་རྟོགས་གྲོལ་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པ་དང་། བོན་གྱི་གྲྭ་ས་གོང་འོག་གཙོས་གཙང་གི་གདན་ས་རྣམས་སུ་ཕེབས་ནས་མཁན་སློབ་གོང་མ་རྣམས་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ་ཐོས་བསམ་སྒོམ་སྒྲུབ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐུགས་བཅུད་བླངས་ཤིང་། མཁས་པའི་གོ་འཕང་བརྙེས་པ་མ་ཟད་དཔལ་རྒྱལ་བ་སྨན་རིའི་དཔོན་སློབ་ཞེས་མཚན་གྱི་ཅོན་པཎ་གཙུག་ཏུ་བཅིངས་ནས་སློབ་ཚོགས་བསྐྱངས། རྗེས་འཛིན་མཆོག་གྱུར་མཁན་པོ་དང་སློབ་དཔོན་ཡང་མངའ་གསོལ་ཞུས་རྗེས་བསྟན་དོན་ཁོ་ནའི་ཆེད་དུ་གདན་ས་སྨན་རིའི་ཕྱི་ནང་གསང་གསུམ་གང་ཐད་ནས་སྐུ་ངལ་བརྒྱ་ཕྲག་བཞེས་པ་དང་། སྒོས་སུ་གཉན་འཕྲང་གི་དུས་ངན་ཁྲོད་རྒྱལ་བ་སྨན་རི་བའི་སྐུ་གསུང་ཐུགས་གསུམ་གྱི་མཛད་འགན་ཁུར་དུ་བཞེས་ནས་མཉམ་མེད་སྐུ་གདུང་གཙོས་རྩ་ཆེའི་རིག་དངོས་དང་གལ་ཆེའི་དཔེ་རྙིང་དུ་མ་སྲུང་སྐྱོབ་གནང་སྟེ་སྐུ་སྲོག་ཕངས་མེད་ཀྱིས་སྙིང་རུས་དང་ཞེ་བཅད་གནང་། ཧ་ཅང་ཛ་དྲག་གི་སྐབས་སུ་རིག་དངོས་རྣམས་གཏེར་དུ་སྦས་པ་བཅས་ཀྱི་རླབས་ཆེའི་འཕྲིན་ལས་ལ་སུས་ཀྱང་འགོག་ཏུ་མེད་པའི་ཕྱག་རྗེས་བཞག་གནང་ཡོད་ལ། ལྷག་པར་བྱེས་སུ་ཕེབས་རྗེས་བསྟན་པ་ཉག་ཕྲ་ས་ནས་བསྐྱངས་ཏེ། བོན་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་རྣམས་རྒྱལ་སྤྱིའི་རིག་གནས་པའི་སྤྱི་ཚོགས་སུ་ངོ་སྤྲོད་ཆེད་བོན་གྱི་བསྟན་འབྱུང་ཉུང་བསྡུས་བརྩམས་པ་དང་། ཐེག་དགུའི་རྣམ་བཤད་མི་རིགས་གཞན་པའི་སྐད་ཡིག་ཏུ་ཕབ་པ། དེ་བཞིན་བོན་གྱི་དཔེ་རྙིང་གསུང་རབ་འབོར་ཆེན་པར་སྐྲུན་དང་འགྲེམས་སྤེལ་གྱི་ཕྱག་ལས་གཞི་རྒྱ་ཆེན་པོ་གནང་ཡོད་ལ། ཡང་ཁྱད་སྐྱབས་གནས་བླ་སྤྲུལ་དང་ལྷ་འབངས་རྣམས་ཀྱི་བདེ་གནས་དང་ཐུགས་རེ་ལ་དགོངས་ནས་སྐུ་ཚེགས་འོ་བརྒྱལ་བརྒྱ་ཕྲག་དུ་མ་དང་དུ་བླངས་ཏེ། མི་མང་རྣམས་རང་མོས་འཚོ་ཐབས་ཀྱི་བདེ་དོན་ལ་བརྩོན་ཐུབ་པ་དང་། མེས་པོའི་ཆོས་ལུགས་དང་རིག་གཞུང་ལ་གོ་རྟོགས་སྤེལ་ཏེ་བོན་ལ་སློབ་སྦྱོང་ཉམས་ལེན་བྱ་ཐུབ་པ། གསུང་རབ་ཀློག་འདོན་དང་བཀུར་བསྟི་ཞུ་བ་བཅས་ཀྱི་གོ་སྐབས་དང་། རང་དབང་ལ་ལོངས་སུ་སྤྱོད་ཆོག་པའི་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་གཞིས་ཆགས་རྩ་འཛུགས་གནང་བ་མ་ཟད་དེ་རུ་མི་མང་རྣམས་འཚོ་ཐབས་ཀྱི་ཟས་གོས་དང་། བཟོ་གྲྭ། ལས་ཁུངས། སློབ་གྲྭ། འཕྲོད་བསྟེན་སོགས་ཆ་རྐྱེན་ཚང་བའི་སྒྲིག་འཛུགས་དང་རོགས་ཚོགས་བཅས་འཐུས་སྒོ་ཕུན་སུམ་ཚོགས་པ་གནང་བའི་མཛད་འཕྲིན་དང་། བཀའ་དྲིན་གཅིག་པུར་བསམ་ན་ཡང་སྟོང་གསུམ་གསེར་གྱིས་བཀང་ཡང་དྲིན་ལན་གསབ་ཐབས་དབེན་པའི་རིན་བྲལ་གྱི་ལོ་རྒྱུས་ཡོད་ལ། ཡང་སྒོས་སྐྱབས་མཆོག་གོང་མ་རྣམས་ཀྱི་ཐུགས་རེ་བཞིན་བྱེས་ཀྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་པ་དབུ་བཙུགས་ཤིང་ཁྲི་འཛིན་མཁན་པོ་མངའ་གསོལ་ནས་གཡུང་དྲུང་བོན་གྱི་བླ་ཆེན་དུ་བཀུར་བཟོས་གོང་མཐོང་གནང་བ་དང་། དེ་བཞིན་བཤད་སྒྲུབ་གཉིས་ཀྱི་བསྟན་རྒྱུན་སླར་གསོ་གནང་སྟེ་ལོ་ཟླའི་ཕྲེང་བ་བསྟར་ཆགས་སུ་འཛད་དུ་མེད་པའི་བོན་འཁོར་བསྐོར་བའི་གྲུབ་འབྲས་རྨད་དུ་བྱུང་བ་ཐོབ། དེ་ཡང་ཕྱི་༡༩༧༨ནས་ད་བར་སྐྱབས་རྗེ་མཁན་ཆེན་དམ་པ་སོ་གསུམ་པ་མཆོག་དང་ཕྱག་དཔུང་གཅིག་ཏུ་སྒྲིལ་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་རྒྱུན་ཡར་ངོའི་ཟླ་བ་བཞིན་བསྐྱངས་ནས་དར་ཞིང་རྒྱས་པ་དང་། རྒྱུན་འཛིན་སློབ་བུའི་ཚོགས་རྣམས་རྒྱུ་སྐར་ཕྲེང་བ་བཞིན་བྱོན་པ་ལས་མཁན་པོ་དང་སློབ་དཔོན་མང་པོ་བསྐྱེད་བསྲིང་བྱུང་ཡོད་ལ། དེར་མཚུངས་དགེ་བའི་བཤེས་གཉེན་གྱི་ན་རིམ་རྒྱུན་ཆད་མེད་པར་གཏོང་རྒྱུའི་སྐལ་བཟང་གི་ཉག་ཐག་ད་བར་མུ་འབྲེལ་མཐུད་ཐུབ་པ་བྱུང་ཡོད།

ལྷག་ཏུ་སྐྱབས་རྗེ་མཆོག་ནི་དུས་རྣམ་ཀུན་ཏུ་སྒོ་གསུམ་དགེ་བྱེད་པའི་ངོ་བོར་གནས་ཞིང་། འཇིག་རྟེན་ལ་ཐེ་ཇུས་གནང་བའི་ལུགས་སྲོལ་མེད་པ་དང་། འདུལ་འཛིན་པའི་སྤྱོད་ལམ་སོགས་ཀུན་སློང་ཀུན་སྤྱོད་གང་ནས་ཀྱང་གཞན་འགྲན་བྲལ་བ་ཞིག་སྟེ། གྲྭ་ས་གོང་འོག་གི་མཁན་པོ་དང་རྩ་བའི་བླ་མ་རྣམས་མཉེས་པ་གསུམ་གྱིས་བླ་རུ་བཀུར་ཞིང་ཡང་ནས་བསྐྱར་དུ་ཁྲིད་ལུང་དབང་གསུམ་གྱི་བཀའ་འོག་ཏུ་བཞུགས་ནས་དམ་ཚིག་བསྲུང་བྱ་རྣམས་གཅེས་པར་བཟུང་བ་དང་། ཁྲི་འཛིན་མཁན་ཆེན་སོ་གསུམ་པ་ཆེན་པོ་མཆོག་དང་ཕྱག་དཔུང་མཉམ་འདེགས་ཀྱིས་གཤེན་བསྟན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ལ་ཐུགས་དམ་དབྱེར་མེད་དུ་བསྲེས་པ་སོགས་ཀྱིས་སྐྱབས་འོག་པ་རྣམས་ལའང་སྤྱི་ཚོགས་ཁྲོད་དཔུང་པ་མཉམ་གཤིབ་དང་། དབུ་འཕང་ཡར་འདེགས་ཀྱི་ཐུགས་སྟོབས་དང་མཁྱེན་ཡོན་གྱི་བྱིན་རླབས་ཐོབ་ཡོད་པ་བཅས་བསམ་བརྗོད་ལས་འདས་པའི་རླབས་ཆེའི་མཛད་འཕྲིན་རྣམས་ཚིག་ཁ་རེ་གཉིས་ཀྱིས་ཞུ་སྤོབས་བྲལ། མདོར་ན་བོད་དང་བོན་འབངས་སྤྱི་ལ་བཀའ་དྲིན་གསབ་ཏུ་མེད་པའི་ཕྱག་རྗེས་བཞག་གནང་ཡོད་པ་ནི་དྲིན་དུ་རི་བའི་དགོས་པ་དང་པོའོ། །

གཉིས། ཕྱི་ལོ་༡༩༨༦ལོར་ཐོག་མར་བོད་དུ་གཞིས་སྐོར་ཕེབས་པ་ནས་བོད་ཡུལ་དབུས་གཙང་གཉིས་དང་། མདོ་ཁམས། ཤར་ཁོག རྔ་ལྗོངས་བཅས་སུ་རིམ་པས་ཞབས་ཀྱིས་གཅགས་ཏེ་བོད་དང་བོན་གྱི་གནས་རི་དང་། དགོན་པ་རི་ཁྲོད་གྲོང་སྡེ་དང་ཁྱིམ་དུད་བཅས་ལ་བྱིན་རླབས་ཀྱི་ཚན་ཁ་འཐུལ་བ་དང་། གདམས་ངག་གི་བདུད་རྩི་འབྲུག ཡར་ཐོན་གྱི་བསམ་བློ་བསླབ། བཤད་སྒྲུབ་ཀྱི་རྟེན་འབྲེལ་བསྒྲིགས། བསླབ་གསུམ་གྱི་ས་བོན་བསྐྲུན། སོ་བྱང་སྔགས་གསུམ་གྱི་སྡོམ་རྒྱུད་སྤེལ། ཁྲིད་ལུང་དབང་ཀའི་དངོས་གྲུབ་ཕོག་པ་བཅས་བསྟན་པ་ཉམས་ས་ནས་གསོས། ཆད་ས་ནས་མཐུད། འགྱེལ་ས་ནས་བསླངས་ཏེ། རྒྱལ་གཤེན་མི་ལུས་བསམ་ལེགས་དང་། བླ་ཆེན་དྲན་པ་ནམ་མཁའ། རྒྱལ་བ་མཉམ་མེད་ཆེན་པོ་བཅས་ཀྱི་སྣང་བརྙན་གཅིག་ཏུ་སྤྲུལ་ནས་འཛམ་གླིང་མཐོ་སྒང་གི་ཕ་ས་འདིར་བསྟན་རྒྱུན་སླར་གསོ་གནང་བར་ཕེབས་པ་དང་གཉིས་སུ་མེད་པའི་མཛད་པ་ཕྱག་ལེན་བསྐྱངས་པ་མ་ཟད། སླར་ཕྱི་ལོ་༡༩༩༢དང་༡༩༩༤།༡༩༩༩།༢༠༠༧བཅས་སྔ་ཕྱིར་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་ཆེད་ཕེབས་ནས་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེར་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་སྟེ་མཁས་པའི་བྱ་བ་དྲུག་གི་འཕྲིན་ལས་མཁའ་ལ་ཉི་ཟླའི་བགྲོད་པ་ཇི་བཞིན་ནམ་ཉིན་མཚན་ལྟོས་མེད་དུ་བསྐྱངས་པའི་སྐུ་དྲིན་གྱིས་རིམ་བཞིན་བཤད་སྒྲུབ་ཀྱི་བསྟན་པ་ནགས་ལས་མེ་མཆེད་པ་དང་། སྤང་ལས་ཤ་མོང་བརྡོལ་བ་ཇི་བཞིན་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་སྟོབས་མངོན་དུ་སྨིན་ཏེ། དེང་གི་ཆར་བཤད་སྒྲུབ་སྒོམ་གསུམ་གྱི་བསྟི་གནས་ཕྱོགས་ཀུན་ཏུ་རྒྱས་ཤིང་འཕེལ་བའི་བསྐལ་བཟང་ལ་ལོངས་སུ་སྤྱོད་པའི་བཀའ་དྲིན་གཞལ་མཐའ་བྲལ་བས་ན་དྲིན་དུ་རི་བའི་དགོས་པ་གཉིས་པའོ། །

གསུམ། བལ་པོའི་རྒྱལ་ཁམས་ཀྱི་འགྲོ་བའི་བདེ་སྡུག་ཐུགས་སུ་བཞེས་ནས་བྱམས་དང་བརྩེ་བའི་འཕྲིན་ལས་ཀྱི་འཇུག་པ་མངོན་དུ་སྨིན་པར་མཛད་པ་སྟེ། ཕྱི་ལོ་༡༩༨༦ནས་གནས་གཞི་ཚུགས་པ་དང་། ༡༩༨༧ལོར་གཤེན་གྱི་གདན་ས་དཔལ་ལྡན་རི་རྒྱལ་རྩེ་ཁྲི་བརྟན་ནོར་བུ་རྩེ་ཞེས་པའི་མཚན་གནས་བྱིན་རླབས་ཅན་གྱིས་མཚོན་པའི་བལ་ཡུལ་དུ་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ཞེས་དགོན་པ་ཕྱག་བཏབ་པ་མ་ཟད་རྨ་རོང་དགེ་བཤེས་ཉི་མ་དབང་རྒྱལ་མཁན་པོར་མངལ་གསོལ་གནང་། ཕྱི་ལོ་༡༩༩༤ལོར་སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་རྣམ་གཉིས་ཟུང་དུ་སྦྲེལ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བའི་རབ་གནས་ཀྱི་མཛད་སྒོ་བྱིན་རླབས་ཆེ་བ་དང་། ཕུན་སུམ་ཚོགས་པ། མིག་ལྟོས་ཀྱི་རྒྱན་དུ་ཆེ་བ་ཞིག་བཀའ་དྲིན་བསྐྱངས། ཡང་སྒོས་དོན་གྱི་དམིགས་སྒོ་བཤད་སྒྲུབ་གཉིས་ཀྱི་ཉིན་རེའི་སྒྲིག་འཛུགས་སློབ་ཚན་ཁག་གཏན་འབེབས་གནང་ནས་སླར་ཡང་བཤད་སྒྲུབ་སློབ་གཉེར་ཁང་གསུམ་པ་ཞིག་བལ་ཡུལ་དུ་དབུ་བརྙེས་པ་མ་ཟད་ཉིན་བསྟར་ཆག་མེད་ཀྱི་ཁྲིད་དང་ལུང་། ཐོས་པ་དང་བསམ་པ། རྩོད་པ་དང་སྒོམ་སྒྲུབ། གྱེར་དབྱངས་དང་འཕྲིན་ལས། དུས་མཆོད་སོགས་སྨན་རི་གྲྭ་ཚང་དང་བཤད་གྲྭའི་འཆར་ཅན་ལྟར་སློབ་གསོའི་རིམ་པ་མཐའ་དག་གཅིག་མཐུན་དུ་འཐུས་སྒོ་ཚང་བར་གནང་། དང་ཐོག་སྐྱབས་རྗེ་མཆོག་གིས་བླ་མ་དང་མཁན་པོ། དགེ་རྒན་དང་མགྲོན་བསུ་བཅས་ཕྱག་ལེན་གཅིག་ལྕོགསལྟ་བུ་གནང་བ་མ་ཟད་ཐ་ན་བཞེས་ལག་ཀྱང་ངན་ངོན་གྱིས་ཆོག་པར་མཛད་དེ་དཀའ་སྤྱད་སྙིང་རུས་དང་། སྐུ་ངལ་འོ་བརྒྱལ་བཅས་ལ་སུས་ཀྱང་བཟོད་དུ་མེད་པའི་བྱང་ཆུབ་སེམས་དཔའི་ངང་ཚུལ་བསྐྱངས། ཕྱི་ལོ་༢༠༠༡ལོར་བལ་ཡུལ་རྒྱལ་ཁོངས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་དེ་དགེ་བའི་བཤེས་གཉེན་གྱི་མཚན་གྱི་བ་དན་དཀར་པོ་འཛམ་གླིང་ནང་པའི་མི་མང་གི་སེམས་ཀྱི་དཀྱིལ་འཁོར་དུ་བཀོད་ཐུབ་པ་བྱུང་བ་ནས་བཟུང་ད་བར་གདན་ས་འདིའི་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་རྣམས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་རྣམ་པ་གསུམ་གཙོས་དེ་བཞིན་བཤད་སྒྲུབ་མཁན་སློབ་རྣམ་པ་དང་། རྩ་འཛིན་སློབ་དཔོན་སོགས་དགེ་རྒན་དང་ལས་སྣེ་རྣམས་ཀྱིས་ཕྱར་བ་གྲུ་འདེགས་གནང་བའི་ཕྱག་རྗེས་སུ་དགེ་བའི་བཤེས་གཉེན་དང་སྒྲུབ་ཐོན་དགེ་སྦྱོར་བ་བརྒྱ་ཕྲག་ལྷག་བསྟན་པའི་མཛད་འགན་བཞེས་པའི་མི་སྣ་རུ་བསྐྱེད་བསྲིངས་ཡང་དག་པ་བྱུང་ཡོད་པའང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་བྱམས་བརྩེའི་རུ་མ་ལས་འཁྲུངས་པ་ཤ་སྟག་ཏུ་ངེས། དེ་བཞིན་ཉི་ཧོང་རྒྱལ་སྤྱིའི་མི་རིགས་རྩད་ཞིབ་རིག་པའི་སྡེ་ཚན་དང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་གཉིས་མཉམ་ལས་ཀྱི་ལས་གཞི་ལས་བོན་གྱི་བརྟེན་འགྱུར་གྱི་དཀར་ཆག་ཆེན་པོ་དང་། ཞང་བོད་ཚིག་མཛོད། ཐང་ཀ་དང་། དཀྱིལ་འཁོར། མཆོད་རྟེན། མཁའ་ཀློང་མདོས་ཆེན་བཅས་སྔ་རྗེས་སུ་ཞིབ་འཇུག་གི་སྡེ་ཚན་མུ་འབྲེལ་རྒྱུན་བསྐྱངས་པ་དང་། ཕྱག་ལེན་གནང་མཁན་ཐམས་ཅད་ལ་སྐྱབས་རྗེ་མཆོག་གིས་ལམ་སྟོན་གནང་བ་མ་ཟད་སྐུ་ངལ་དཀའ་ཚེགས་མ་འཛེམས་པར་གང་ལ་གང་དགོས་ཀྱི་ཁྲིད་སྟོན་གནང་སྟེ། ཐོག་མཐའ་བར་གསུམ་ཀུན་ཏུ་བཀའ་དྲིན་གྱིས་གཟིགས་སྐྱོང་ཐོབ་པ་ལས་དེང་རྒྱལ་སྤྱིའི་རིག་གནས་པའི་སྡེ་ཁག་ཏུ་བོན་གྱི་སྐོར་ནས་གོང་གསལ་ཆེད་དེབ་མང་པོ་དཔེ་སྟོན་དང་དཔར་འགྲེམས་ཞུ་ཐུབ་པ་བྱུང་ཡོད་པས་བོན་གྱི་རིག་གནས་དང་སྒྱུ་རྩལ་ལ་གསོན་ཤུགས་སྦྱིན་ཐུབ་པ་བྱུང་ཡོད། ད་དུང་སྐྱབས་རྗེ་མཆོག་གིས་ལམ་སྟོན་དང་ཐུགས་ཁུར་ཆེ་བཞེས་གནང་བའི་སྐུ་དྲིན་གྱིས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་བོན་གྱི་མདོ་སྔགས་སེམས་གསུམ་གྱི་དཔེ་རྙིང་འཚོལ་བསྡུ་དང་དཔར་བསྐྲུན་ཞུས་པའི་དཔེ་ཚོགས་དེབ་ཕྲེང་ཉི་ཤུ་ལྷག་དང་། སྙན་རྒྱུད་རྒྱས་འབྲིང་བསྡུས་གསུམ། བོན་སྐྱོང་། ཁྲོ་ཕུར་གདངས་གྱེར་སོགས་ཉེར་མཁོའི་དཔེ་ཆ་མང་པོ་པོད་གཟུགས་སུ་དཔར་བསྐྲུན་ཞུས་པ་ལས་བོད་ཕྱི་ནང་གཉིས་སུ་མིག་ལྟོས་གྱི་རྒྱན་དུ་ཆེ་བ་བྱུང་ཡོད། གཞན་དུ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་སྔ་ཕྱི་ཐམས་ཅད་ལའང་སློབ་སྟོན་དང་། ཐུགས་ཁུར་གཟི་བརྗིད་བསྩལ་ཡོད་ལ། ཡང་སྒོས་གནའ་ནས་ད་བར་རི་བོ་ཧི་མ་ལ་ཡི་གདགས་སྲིབ་གཉིས་སུ་གནས་འཆའ་བའི་བོན་གྱི་དགོན་པ་དང་། རི་ཁྲོད། ཡུལ་སྡེ་བཅས་སུ་ཐུགས་བརྩེས་ཟིན་པའི་དངོས་འབྱོར་ཡིད་སྤྲུལ་གྱིས་ཕན་གདགས་པ་དང་གདགས་པ་ཆེན་པོ་ནི་མཐའ་ཡས་པ་ཞིག་ལགས་ཕྱིར་དྲིན་དུ་རི་བའི་དགོས་པ་གསུམ་པའོ། །

བཞི། དེ་ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས།1 “དུས་མཐར་བོན་དང་བདག་འཕྲད་སྟེ།༼དེ༽ །ཤ་མོང་སྤང་བརྡོལ་ཅི་བཞིན་དུ། །སྐལ་ལྡན་རྣམས་དང་འཕྲད་ནས་སུ། །མཐའ་ནས་དབུས་སུ་དར་བར་ཤོག །”ཅེས་སྨོད་བཙུགས་པ་དུས་སུ་བརྡོལ་བའི་ངང་ཚུལ་ཏེ། རྗེ་བླ་མ་མཆོག་གིས་ཕྱི་ལོ་༡༩༨༩ནས་ནུབ་གླིང་ཁུལ་དུ་བོན་གྱི་སློབ་ཁྲིད་དབུ་འཛུགས་གནང་བ་ནས་བཟུང་དེ་མུས་ཕྱི་ལོ་༡༩༩༡དང་། ཕྱི་ལོ་༢༠༠༤ཕྱི་ལོ་༢༠༠༣བཅས་སུ་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུང་གིས་བསྐུལ་མ་བསྩལ་བ་ལྟར་འབྲེལ་ཡོད་ཀྱིས་གདན་འདྲེན་ཞུས་པ་བཞིན་ཨ་རིའི་ནེའུ་ཡོག་དང་། ཨོ་སི་ཁྲི་རི་ཡ། ཧྥ་རན་སིའི་བཅས་སུ་སྔ་རྗེས་རིམ་པར་ཕེབས་ཏེ། མི་མང་ཁྲི་སྟོང་མང་པོར་བོན་འཁོར་སྐོར་བའི་སྐལ་བཟང་བདག་གེར་བཞེས་ཤིང་གསུང་གི་བདུད་རྩིས་འགྲོ་བའི་ཤེས་རྒྱུད་བཀྲོལ་ནས་བོད་ཀྱི་མེས་པོའི་ཤེས་ཡོན་རིག་གཞུང་ལ་གོ་རྟོགས་སྤེལ་བ་དང་། ཕྱི་ལོ་༡༩༩༨ལོར་ཨ་རིའི་གྲོང་ཁྱེར་སྦོ་སི་ཊོན་དུ་འཛམ་གླིང་མཚན་ཉིད་རིག་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གདན་འདྲེན་ཞུས་པ་བཞིན་སྐྱབས་རྗེ་སྟོན་འཁོར་རྣམ་གཉིས་ཕེབས་ཏེ། བོད་དང་བོན་གྱི་ཚད་མ་རིག་པའི་བགྲོ་གླེང་གི་ལྗགས་འདབ་བརྐྱངས་ནས་དམིགས་བསལ་རྩོད་སྤོང་སྨྲ་བའི་སེང་གེའི་ཐོག་ནས་རྫོགས་ཆེན་གྱི་ཚད་མའི་གསུང་སྒོ་ཕྱེས་པ་དང་། དེ་བཞིན་ཨི་ཊ་ལིར་མཁས་དབང་ནམ་མཁའི་ནོར་བུ་དང་། མཆོག་གི་སློབ་གྲལ་ལིག་མིན་རྐྱའི་བླ་མ་དགེ་བཤེས་བསྟན་འཛིན་དབང་རྒྱལ་ལ་སོགས་མིང་དུ་གྲགས་པ་ཆེ་བ་མང་པོའི་རེ་བསྐུལ་རྣམས་ཐུགས་འདོད་ལྟར་སྐོང་སྟེ། མེ་རི་སྒར་དང་། ལི་མིན་རྐྱ་གཙོས་རྫོགས་ཆེན་འདུས་སྡེ་མང་པོར་དཔེ་ཁྲིད་དང་ལམ་སྟོན་འབྲེལ་ལམ་བཅས་རྒྱུན་སྐྱོང་གནང་། ཡང་སྒོས་ཕྱི་ལོ་༢༠༠༥ལོར་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་ཕྱག་བཏབ་པ་ནས་བཟུང་ཕྱི་ལོ་༢༠༡༨བར་རྗེ་བླ་མ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་སྟོན་འཁོར་གྱིས་ལོ་བསྟར་ཆགས་སུ་ཡུ་རོབ་ཁུལ་དང་མེག་སི་ཀོ་བཅས་སུ་བསྟན་དོན་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་ནས་རྫོགས་ཆེན་བླ་མེད་སྡེ་བཞིའི་བསྟན་པ་ཉི་ཟླ་ལྟར་གསལ་བར་མཛད་པ་དང་། སློབ་མའི་ཁྱུ་ཚོགས་དགུང་གི་སྐར་ཚོགས་བཞིན་ཕྱོགས་མཚམས་ཀུན་ཏུ་ཁྱབ་ཅིང་བདལ་བ་རྣམས་ལ་ཁྲིད་ལུང་དབང་གསུམ་དང་། སྒོམ་སྡེའི་ལམ་སྲོལ་བཙུགས་པ་བཅས་རེ་རེ་བཞིན་སྐབས་འདིར་སྨྲ་བའི་ངལ་བ་འབྱུང་ཕྱིར་བཤད་པ་བསྐྱུངས། མདོར་ན་སོས་དལ་དུ་བཞུགས་པའི་གོམས་སྲོལ་ཉིན་གཅིག་ཀྱང་མེད་པ་ནི་དམ་པའི་རང་གཤིས་ལགས་པས་སྐད་རིགས་མི་གཅིག་པའི་སློབ་མ་རྣམས་ཀྱི་ཐུགས་འདོད་ལྟར་ཨ་རི་དང་། ཡུ་རོབ་ཁུལ་དུ་བོན་གྱི་ལྷ་ཁང་དང་། ཚོགས་པ། དགོན་པ་བཅས་མང་པོ་ཞིག་སྔ་རྗེས་རིམ་པས་གསར་དུ་བཙུགས་པ་དང་། དེ་བཞིན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ལ་ཐུགས་ཀྱི་བརྩེ་བས་ཟིན་པས་ན་སློབ་མ་རྣམས་ལ་ཡིད་ཆེས་དང་དད་པ་ཐོབ་སྟེ། ལོ་རེ་བཞིན་སློབ་ཚོགས་འཕེལ་རྒྱས་སུ་ཕྱིན་པས་དེང་རྒྱལ་ཁབ་སུམ་ཅུ་ཡར་ལྷག་ནང་བོན་ཆོས་ལ་དོ་སྣང་གནང་མཁན་བྱུང་ཡོད་པ་བཅས་ནི་རྩ་བ་རྗེ་བླ་མའི་བཀའ་དྲིན་དུ་ལགས་སོ། །གཞན་དུ་ཕྱི་ལོ་༢༠༡༡ལོར་ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་གླིང་ཨེ་ཤ་ཡ་ཨ་ཧྥི་རི་ཀའི་སློབ་གཉེར་ཁང་དང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཞང་ཞུང་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག། གནའ་བོའི་བོན་དང་ཞང་ཞུང་བརྗོད་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་འདུ་རུ་བོན་གྱི་ཐེག་དགུའི་སྐོར་གསུང་པའི་བཀའ་སློབ་བརྙན་ཐག་ལམ་ནས་བརྒྱུད་གཏོང་མཛད་པ་སོགས་རྒྱ་ཆེའི་མཛད་རྣམ་ཁག་ལ་འཛམ་གླིང་ཆེ་དགུའི་མཁས་དབང་དག་གིས་ཆེ་མཐོང་དང་གཟི་བརྗིད་བསྣན་ཡོད་པ་བཅས་དུས་རབས་ཀྱི་དཀྱོག་མཚམས་འདིར་རིན་པོ་ཆེ་མཆོག་ནི་གངས་ཅན་བོད་ཀྱི་ཚིག་མཛོད་ཆེན་མོ་དང་། ཕྱིས་འབྱུང་དེབ་ཐེར་ཁག་ཏུ་གསེར་ཡིག་འབྲི་འོས་པའི་མི་སྣ་ཞིག་ཏུ་གྱུར་ཡོད་པ་བཅས་ནི་བརྒྱ་སྟོན་སྐལ་བཟང་གི་མཛད་སྒོ་ཕལ་དང་མི་འདྲ་བའི་ཁྱད་བོན་དུ་གྱུར་ཕྱིར་དྲིན་དུ་རི་བའི་དགོས་པ་བཞི་པའོ། །

ལྔ། བརྒྱ་སྟོན་གྱི་མཛད་རིམ་སྐྱོང་བའི་སྐལ་བཟང་གི་ཉི་མ་ཤར་བ་འདི་ནི། སྐྱབས་འོག་པ་ཐུན་མོང་དང་། འགྲོ་བ་སྤྱི་ལ་བསོད་ནམས་ཀྱི་བགོ་སྐལ་ཐོབ་པ་ཞིག་ལགས་ཤིང་། དེས་ན་གདན་ས་འདིའི་མཁན་སློབ་རྣམ་པ་དང་བཙའ་སྐྱོང་ལྷན་ཚོགས་ཀྱིས་ཐུགས་གྲོས་ཟབ་མོས་གཏན་འབེབས་ཀྱི་འོག་ནས་ངེད་རྩོམ་སྒྲིག་ཚོགས་མི་གསུམ་ལ་བརྒྱ་སྟོན་གྱི་རྩོམ་ཡིག་བསྡུ་སྒྲིག་དགོས་པའི་བཀའ་ལུང་སྤྱི་བོར་ཕབ་པ་ལྟར་དེ་ལྟའི་སྐལ་བཟང་སེམས་ཀྱི་དཀྱིལ་སྙིང་དུ་བཟུང་ནས་ངེད་ཚོས་སྐྱབས་རྗེ་དཔོན་གསས་བླ་མའི་མཛད་པ་རྒྱ་ཆེ་གཏིང་ཟབ་ཁག་སྐུ་གསུང་ཐུགས་གསུམ་དང་། རྟོགས་བརྗོད། ཤིས་སྨོན། གསོལ་འདེབས་བཅས་ཀྱི་སྡེ་ཚན་ལས་བརྗོད་བྱ་ཁག་རེ་རེ་བཞིན་གཏན་འབེབ་ཞུས་རྗེས་རྒྱ་ཆེའི་བོན་གྱི་སློབ་གཉེར་བ་སྤྱི་དང་། སྒོས་སུ་ལྷག་བསམ་གྱི་ཐུགས་རྒྱ་ཡངས་པའི་བླ་སྤྲུལ་མཁན་གསུམ་དང་། མཁྱེན་དཔྱོད་ཀྱི་དཔལ་འབར་བའི་དགེ་བའི་བཤེས་གཉེན་རྣམ་པ། བློ་གྲོས་ཀྱི་རྩེ་རྣོ་བའི་རྩོམ་པ་པོ་བཅས་མི་ཉུང་བ་ཞིག་ལ་སྒེར་ངོས་ནས་ཐུགས་བསྐུལ་ཞུ་འཕྲིན་ཕུལ་ཏེ། <<དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ་>>ཞེས་པ་འདི་ཉིད་ཀྱི་རྩོམ་བརྡ་སྔ་ཕྱི་རིམ་པར་སྤེལ་བ་ལས་ད་ལམ་རྩོམ་ཡིག་ཁ་གྲངས་སྐུ་ཡི་སྐོར་ལ་༣༤དང་། གསུང་གི་སྐོར་ལ་༢༩། ཐུགས་ཀྱི་སྐོར་ལ་༥། རྟོགས་བརྗོད་སྐོར་༡༠བཅས་ཁྱོན་བསྡོམས་ཆེད་རྩོམ་༧༨འདི་ཙམ་འབྱོར་ཐུབ་པ་ནི་རྗེས་འཇུག་སློབ་མ་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་ཏུ་བབས་པའི་སྟོབས་དང་གཟི་བརྗིད་མངོན་པ་ཞིག་དང་། དགའ་སྤྲོའི་གླུ་གར་འབུལ་བའི་གནས་སུ་གྱུར་པ་ལགས་ཕྱིར་ཐམས་ཅད་ལ་བཅོས་མིན་སེམས་ཀྱིས་དགའ་བསུ་དང་བཅས་གུས་པས་བཏུད་དོ། །ད་ནི་མཇུག་བསྡུའི་གཏམ་ལ་བབ་ན། བརྒྱ་སྟོན་རྩོམ་སྒྲིག་ལས་ཀྱི་གོ་རིམ་དང་། སྡེ་ཚན་གྱི་རྣམ་པ། བརྗོད་བྱའི་སྙིང་པོ། རྩོམ་གྱི་ཁ་དོག་བཅས་གསལ་བཤད་གང་དགོས་མཇུག་གཏམ་དུ་ཡོང་བས་ན་འདི་ཙམ་གྱིས་གླེང་བརྗོད་ཀྱི་དགོས་པ་ཚང་བར་བྱའོ། །ཆེད་དུ་དབུ་ཡི་བྱིན་དུ་ཆེ་བའི་ཤིས་སྨོན་རྣམས་ནི་མ་བགོས་སྤྱི་ལ་ཁྱབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བཀུར་བསྟི་ཞུ་ཕྱིར་བསོད་ནམས་ཀྱི་བགོ་སྐལ་བཞེས་པའི་ལེའུ་ཞིག་སྟེ། མཚན་དུ་སྨོས་ན་གྲྭ་ས་ཐོག་འོག་གཙོས་གདན་ས་ཁག་དང་། གདུང་འཛིན་སྐྱེས་ཆེན། དགོན་ཆེན་ཁག་གི་བསྟན་བདག་མཁན་སློབ་རྣམ་པ་དང་། སྐྱབས་མགོན་རྒྱལ་ཚབ། བླ་སྤྲུལ་སྐྱེས་ཆེན་ཆེ་ལོང་བཅས་ཀྱིས་གསུང་གི་བདུད་རྩི་འཐིག་པའི་གསེར་ཡིག་ཏུ་མངའ་བ་རྣམས་ལ་ངེད་འབྲེལ་ཡོད་སྐྱབས་འོག་པ་རྣམས་ཀྱིས་འདུས་སྤྱི་ཐུན་མོང་གི་ཚབ་ཞུས་ཏེ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད་ཁྱེད་རྣམས་བསྟན་འགྲོའི་དཔལ་མགོན་དམ་པར་བཞུགས་སུ་གསོལ་བའི་གསོལ་བ་ལན་བརྒྱར་འདེབས་པ་ལགས། མཐར་དོན་གསང་གསུམ་བོན་གྱི་མཛོད་འཛིན་དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་གདོད་མའི་མགོན་པོ་སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་ལ་བརྒྱ་སྟོན་གསེར་གྱི་མཎྜལ་འདི་ཉིད་ཕུལ་བའི་བསོད་ནམས་བསགས་པ་གང་མཆིས་མཆོག་གི་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པའི་རིམ་འགྲོ་རུ་འགྱུར་ཏེ། སྐུ་མཆོག་ལྷུན་པོའི་གཟི་འོད་མཐའ་ཡས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་ལྷན་ནེ་ལྷམ་མེར་བཞུགས་པའི་གསོལ་འདེབས་དང་། ཐུགས་བཞེད་བོན་གྱི་དགོངས་པ་ཡིད་བཞིན་དུ་འགྲུབ་པར་སྨོན་ལམ་ཞུ་བའི་སྐལ་བཟང་ཚེས་པ་འདི་ནི་དྲིན་དུ་རི་བའི་དགོས་པ་ལྔ་པའོ།། །།

ཞེས་དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ་གྱི་གླེང་བརྗོད་ཀྱི་ཚུལ་དུ་ཕུལ་བ་འདི་ཉིད་མཁན་པོ་བསྟན་པ་གཡུང་དྲུང་དང་ཧོར་ཚང་དགེ་བཤེས་བསམ་གཏན་གཙུག་ཕུད་ཟུང་ནས་ཕྱི་ལོ་༢༠༢༤ཟླ་༡༢ཚེས་༡༩རེས་གཟའ་ཕུར་བུའི་འགྲུབ་སྦྱོར་དགེ་བའི་ཉིན་ཕུལ།

 1 གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་། པོད་༧༠ཐམ་པ། སྲིད་པ་རྒྱུད་ཀྱི་ཁ་བྱང་། ཤོག་ངོས་༡༦༥།གཏེར་མ། དབྲ་བཙུན་ནམ་མཁའ་རིན་ཆེན། ༼སྤྲུལ་སྐུ་བློ་ལྡན་སྙིང་པོ།༽

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་ཏེ་…
error: རྩོམ་འདི་བདག་དབང་ཅན་ཡིན།