ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དུས་རབས་བཅུ་དགུ་པའི་ཁྱུང་གྲུབ་ཆེན།

རྩོམ་པ་པོ། དབྲ་ཁྱུང་མཁན་པོ།

     རྣལ་འབྱོར་པ།དེ་ཡང་སྤྱི་ལོའི་དུས་རབས་བཅུ་དགུ་པའི་འཇུག་ཙམ་དུ་བྱོན་པའི་གྲུབ་ཆེན་བཟོད་པ་རྒྱལ་མཚན་ནི། ཡབ་ཁྱུང་དཀར་དཔོན་གྱི་བློན་པོ་ལྡིང་དཔོན་ཨ་རྡོ་དང་། ཡུམ་རྟ་ཆེན་བུ་མོ་དཔལ་མཚོ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་དགུ་བའི་མེ་སྟག་སྟེ་སྤྱི་ལོ་ ༡༨༦༦ ལོར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། ཆུང་ནས་རང་བཞིན་གྱིས་ཀུན་སྤྱོད་དུལ་ཞིང་བྱམས་སྙིང་རྗེའི་རྒྱུན་བརླན་པས་ཡ་རབས་ཀྱི་སྣང་ཚུལ་ཁོ་ན་མཛད། དགུ་གྲངས་དགུ་ལ་སོན་སྐབས་འབྲི་ཀློག་བསླབ་པས་དཀའ་ཚེགས་མེད་པར་མཁྱེན་པར་གྲགས། དེ་རྗེས་གཡུང་དྲུང་དཔལ་རི་དགོན་དུ་བྱོན་ནས་ཁྱུང་སྤྲུལ་གཡུང་དྲུང་བསྟན་འཛིན་མཆོག་གི་དྲུང་ནས་དགེ་བསྙེན་གཏན་ཁྲིམས་རྣམ་ལྔ་ཞུས་ནས་ཚུལ་མིང་བཟོད་པ་རྒྱལ་མཚན་ཞེས་གསོལ། དེ་ནས་བོན་ཆོ་གའི་གྱེར་དབྱངས་དང་ཐིག་རྡུལ་ཚོན་སོགས་ལ་སྦྱངས་བརྩོན་མཛད། འགྲུ་ཞིག་བླ་མ་ཉི་མ་འོད་ཟེར་གྱི་དྲུང་ནས་དམར་ཁྲིད་དུག་ལྔ་རང་གྲོལ་ཞུས་ནས་བློ་ལྡོག་རྣམ་བཞི་ལ་འཇུག་ཅིང་སྔོན་འགྲོ་བསགས་སྦྱངས་རྒྱས་པར་གྲུབ། མཐོང་གྲོལ་རི་ཁྲོད་དུ་གྲུབ་པའི་གཙུག་རྒྱན་མེ་སྟོན་ཉི་མ་རྒྱལ་མཚན་དང་རྣལ་འབྱོར་སྨོན་ལམ་རྒྱལ་མཚན་ཟུང་གི་ཞབས་ལ་གཏུགས་ནས་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་གཙང་གཙུག་དང་དྲང་སྲོང་གི་ཁྲིམས་རྫོགས་པར་མནོས། དམ་པ་དེ་གཉིས་ཀྱི་དྲུང་ནས་ཡབ་སྲས་སྔོན་འགྲོ་དང་དངོས་གཞི་ཞུས། དེར་རྩ་རླུང་མཁའ་འགྲོ་གསང་མཛོད་ལ་ཞག་བརྒྱའི་བར་བརྩོན་པས་ཉམས་རྟོགས་ལྷང་དུ་འབར་ཞིང་མི་རྟོགས་པའི་ཡེ་ཤེས་རབ་ཏུ་རྒྱས། ད་དུང་ཨ་གསལ་ཉམས་ལེན་ལྔ་སྐོར་དང་། གཡས་རུ་ཨ་ཁྲིད་ཆེན་མོ། ཞང་ཞུང་སྙན་བརྒྱུད། ཚེ་དབང་བོད་ཡུལ་མ་ལ་སོགས་གོ་ལོ་ཐོས་ལོ་ཙམ་མིན་པར་ཚིག་དོན་གཉིས་ཀྱི་ཐད་ལ་བརྩོན་འགྲུས་ཀྱིས་ཉམས་ལེན་རྡོ་རུས་འཕྲད་པ་ལྟ་བུ་རིག་པ་དམར་ཐག་ཆོད།

   གྱང་རིས་གྲུབ་ཆེན་གོང་འོག མདོར་ན་གྲུབ་ཆེན་རྣམ་གཉིས་ཀྱི་མདུན་ནས་ལོ་བདུན་བར་ཉམས་ལེན་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་དང་ཉམས་བཞེས་གནང་། མེ་སྟོན་ཆེན་པོས་ཀྱང་སྟོད་སྨད་བར་ལ་བུ་སློབ་མང་ཡང་བསྟན་ལ་ལྷག་བསམ་དཀར་བ། འདོད་ཆུང་ཆོག་ཤེས་ལྡན་པ། ཉམས་ལེན་ལ་བརྩོན་འགྲུས་ཆེ་བ་ཐུགས་སྲས་ཁྱེད་ལས་ལྷག་པར་མེད་ཞེས་གསུངས། བླ་མས་ཀྱང་རི་ཁྲོད་ལ་འགྲིམས་ནས་སྒོམ་སྒྲུབ་ཀྱི་ཉམས་ ལེན་ལ་བརྩོན་འགྲུས་ཚུལ་བཞིན་བྱ་བའི་ཞལ་གདམས་ལྷུག་པོར་གསུངས། དེ་ནས་བཟུང་གངས་རྒྱལ་གཡུང་དྲུང་དཔལ་རི་ལ་སྒྲུབ་པར་བཞུགས་ཏེ་ཉམས་ལེན་ཚུལ་བཞིན་བསྐྱངས་ནས་དགུང་གྲངས་སོ་བདུན་བར་བཞུགས། དེ་ནས་སྟོན་པའི་ཐུགས་སྤྲུལ་ཀོང་པོ་བོན་རིར་གནས་སྐོར་དུ་བྱོན་ནས་ཉི་ཟླ་སྒྲུབ་ཕུག་ནང་ལ་ལོ་བཞི་རིང་རྫོགས་པ་ཆེན་པོའི་ཉམས་ལེན་རྒྱུན་བསྐྱངས་ནས་བཞུགས། དེར་གྲུབ་པའི་རྟགས་སྣ་ཚོགས་བཞག་པ་མ་ཟད་དུག་དྲངས་ཀྱང་མ་སྐྱོན་པར་གྲགས། དེ་ནས་རང་ཡུལ་དུ་ཕྱིར་ཕེབས་མཚམས། གངས་ཏི་སེ་ལ་སོགས་སྟོད་ཀྱི་གནས་རི་ཁག་ལ་གནས་བསྐོར་དུ་བྱོན། དང་ཐོག་གཙང་སྨན་རིར་བྱོན་ནས་མཁན་ཆེན་ཕུན་ཚོགས་བློ་གྲོས་དང་མཇལ་འཕྲད་གནང་། དེར་འདུས་ཚོགས་ལ་མང་ཇ་དང་སྐུ་འགྱེད་ཕུལ་བ་མ་ཟད་མཉམ་མེད་རིན་པོ་ཆེའི་གསེར་ཁྲིར་རྐྱང་ཕྱག་འབུམ་གཅིག་ཕུལ། མཁན་ཆེན་ནས་སྨན་རིར་གཏན་བཞུགས་དགོས་ཚུལ་གསུངས། བཟོད་པ་རིན་པོ་ཆེ་ནས་ཚེ་དབང་དང་ཚེ་སྒྲུབ་སོགས་སྐུ་རིམ་གང་འགྲུབ་ཞུས། སྨན་རི་ནས་ལ་སྟོད་གངས་ཏི་སེ་དང་བལ་ཡུལ་རྒྱ་གར་སོགས་ཀྱི་གནས་རི་དང་སྒྲུབ་གནས་སོགས་ལ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་འབྲལ་མེད་བསྐྱངས།

    སྤུ་ཐོག་བླ་མཚོ།དེ་རྗེས་རང་ཡུལ་དུ་འབྱོར་མཚམས་གཡུང་དྲུང་དཔལ་རིའི་རྟེན་དང་བརྟེན་པ་བཅས་གང་ལེགས་བཞེངས་བསྐྲུན་མཛད། བུ་སློབ་འཕེལ་ཚུལ་ནི་སྤྱིར་སྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་བུ་སློབ་བསམ་གྱིས་མི་ཁྱབ་པར་བྱོན་ཡོད་ནའང་བསྟན་དང་འགྲོ་བ་ལ་ཕན་ཐོགས་པའི་ཐུགས་སྲས་མཁན་ཆེན་ཕུན་ཚོགས་བློ་གྲོས། སྨན་སློབ་སངས་རྒྱས་བསྟན་འཛིན། གཡུང་གླིང་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན། རྩེ་དྲུག་བླ་མ་ཚུལ་ཁྲིམས་རྣམ་རྒྱལ། སྨོན་སྲས་ནམ་མཁའ་གྲགས་པ། ནག་རི་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས། སྣང་ཞིག་བསྟན་པ་རབ་རྒྱས། རི་ཁྲོད་གྲུབ་ཆེན་ཀུན་དགའ་རྒྱལ་མཚན། ཀོང་པོ་རྒྱལ་རི་སྤྲུལ་སྐུ། དབུས་ཕུག་མཚམས་པ་རྒྱལ་བ་ཚུལ་ཁྲིམས། ཤིང་རོང་མཚམས་ཆུང་གཡུང་དྲུང་ཕུན་ཚོགས། ཁྲོ་ཚང་ཉི་མ་ཚུལ་ཁྲིམས་བཅས་བླ་མ་དམ་པ་ཁོང་གི་བྱིན་མཐུས་སློབ་བུ་རྣམས་ཉམས་རྟོགས་ཁོང་ནས་ཤར་ཞིང་གནས་ལུགས་གདེང་དུ་ཆུད་པ་ཤ་སྟག་བྱོན། མཐར་སྐུ་ཚེ་མཐར་ཕྱིན་ནས་དགུང་གྲངས་དོན་དགུ་བ་སྤྱི་ལོ་ ༡༩༤༥ ལོར་སྐུ་ཞི་བར་གཤེགས་པའོ།། །།

17090cookie-checkདུས་རབས་བཅུ་དགུ་པའི་ཁྱུང་གྲུབ་ཆེན།
(སྤྱིའི་གཟིགས་གྲངས། 5 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།