ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲན་པའི་གསོལ་འདེབས་དད་སྐྱེད་འཁོར་ལོ་ཞེས་བྱ་བ།

གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་དུ་ལུང་བསྟན་པ་ཁོད་སྤུངས་དྲན་པ་ནམ་མཁའ་རྗེས་དྲན་གྱི་གསོལ་འདེབས་

དད་སྐྱེད་འཁོར་ལོ་ཞེས་བྱ་བ་བཞུགས།

༄༅། །ལྷག་པའི་ལྷ་དང་དབྱེར་མེད་བླ་མར་ཕྱག་འཚལ་ལོ། །ཇི་སྙེད་མཆོད་པའི་ཚོགས་དང་སྦྲེལ་ཏེ་དངས་ཤིང་དད་པའི་བློ་ཡིས་ཟིན་པར་བྱེད་དེ་དབྱངས་ལ། ཨེ་མ་ཧོ། གསུང་བསྟན་དུས་འཁྲུངས་ཐུགས་བསྟན་གཉེར་དཔོན་མཛད། །བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁའ་ཉིད། །ཀུན་ཏུ་བཟང་པོ་འགྲོ་ཕྱིར་སྐུར་བཞེངས་པ། །དྲི་མེད་འོད་ཅིག་སྟག་གཟིག་ཡུལ་གྱི་དབུས། །པད་མ་སྔོན་པོའི་ཚལ་གྱི་ཟེའུ་འབྲུ་ལ། །ཕོག་པ་ལས་འཁྲུངས་ཁྱེའུ་དྲི་མེད་ལ།། གསོལ་བ་འདེབས་སོ་དགོངས་རྟོགས་བདག་ལ་སྩོལ། །དེ་རྗེས་རིམ་བཞིན་ཁྱེའུ་ཀུན་ཤེས་དང་། །ཁྱེའུ་གསལ་བ་ཁྱེའུ་ཏྲི་ཏྲ་དང་། །ཁྱེའུ་ཀུན་ཐུབ་རྫུ་འཕྲུལ་ཡེ་ཤེས་བཅས། །ཡང་སྤྲུལ་བསྟན་འགྲོའི་མགོན་ལ་གསོལ་བ་འདེབས། །དགོངས་རྒྱུད་རྟོགས་པ་བདག་ལ་འཕོ་བར་མཛོད། །བདེར་གཤེགས་

རྒྱལ་བ་སྲས་དང་མཁའ་འགྲོ་ཡིས། །དབང་བསྐུར་བྱིན་རླབས་རྒྱ་མཚོས་ཡོངས་འཚོ་བ། །རྒྱལ་བསྟན་མངའ་བདག་སྙིགས་འགྲོའི་དཔལ་མགོན་རྗེ། །འཆི་མེད་སྐྱེས་བཙན་གཡུང་དྲུང་སྐུ་བརྙེས་པ། །ཁྱེད་ཀྱིས་འགྲོ་ཕྱིར་དགོངས་ཚད་མངའ་མཛད་པ། །སྤྲུལ་པའི་རིག་འཛིན་རྒྱ་ཡིས་རྒྱལ་བའི་བསྟན། །གཏེར་ནས་བཞེས་ཏེ་འགྲོ་ལ་སྤེལ་བར་དགོངས། །རྒྱལ་འཕགས་གོང་མས་སྤྲུལ་དང་བྱིན་བརླབས་པའི། །སྐྱེས་མཆོག་རྣམས་ཀྱིས་བསྟན་པ་སྤེལ་བར་དགོངས། །ཉིད་ཀྱི་སྤྲུལ་པས་རྒྱལ་བསྟན་སྤེལ་བར་དགོངས། །སྲིན་པོའི་གདུག་རྩུབ་གནོད་འགལ་མནན་པར་དགོངས། །སྐུ་ལས་སྲས་སྤྲུལ་བོན་བསྟན་སྤེལ་བར་དགོངས། །བར་མེད་འགྲོ་ལ་གཟིགས་པ་མི་ངལ་བར། །ཁོད་སྤུངས་བླ་མ་རྗེ་ལ་གསོལ་བ་འདེབས། །དོན་རྒྱུད་རྟོགས་པ་བདག་ལ་འཆར་བར་མཛོད། །དང་པོ་ཁྱད་འཕགས་གཏེར་ཆེན་གཤེན་པོ་ནི། །གོང་མས་སྤྲུལ་ཞིང་དྲན་པས་བྱིན་བརླབས་པ། །དེ་དུས་མ་འོངས་བསྟན་པ་འཛིན་སྤེལ་ཚུལ། །གསལ་བར་ལུང་བསྟན་ཐར་པའི་རིག་པ་འཛིན། །དྲང་རྗེ་བཙུན་པ་ཀུ་ས་སྨན་པ་དང་། །གཤེན་ཆེན་ཀླུ་དགའ་གྱེར་མི་ཉི་མ་འོད། །རྨ་སྟོན་སྲིད་འཛིན་རྨ་ཡི་ཤེར་འབུམ་མཚན། །གཉན་གྱི་རེ་ངན་དྲན་ནམ་གསས་ཆེན་ཞེས། །ས་སྟོད་འབྲུག་ལྷ་དྲན་པ་ཡེ་ཤེས་འབྱུང་། །ཁྱུང་བྱིད་མུ་ལྟོ་དམུ་གཤེན་དྲན་པ་རྗེ། །ལུང་བོན་ལྷ་གཉེན་སུམ་སྟོན་མེ་བྲག་འབྱུང་། །བྲ་སྒོམ་ཏིང་གསལ་སེ་སྟོན་གཡུང་དྲུང་ཡོང་། །བཞོད་སྟོན་དངོས་གྲུབ་ཆག་སྟོན་ནག་རིང་འབྱུང་། །སྤྲུལ་པའི་གཏེར་སྟོན་རྣམས་ལ་གསོལ་བ་འདེབས། །དོན་རྒྱུད་དགོངས་རྟོགས་བདག་ལ་འཆར་བར་མཛོད།།

    གཉིས་པ་བྱིན་རླབས་མངོན་སྤྲུལ་རིག་པ་འཛིན། །ཡ་ཟི་བོན་སྟོན་ཁྱེའུ་རྙེད་ལེགས་འཁྲུངས། །རིག་པ་རང་རྡོལ་ཁྱུང་སྒོམ་ནག་འབལ་ཞེས། །ཕོ་སྒོམ་སྐྱེ་མེད་སྨྱོན་པ་དར་སེང་དང་། །ཞིག་པོ་ཉི་སེང་ཏྲེ་སྟོན་གོ་ཆ་འབྱུང་། །མཁའ་འགྲོ་ཉ་ཉ་ཁྲོ་ཚང་འབྲུག་ལྷ་དང་། །ཁྱུང་འཕགས་སེ་བོ་ཁྱུང་པོ་རི་པ་འབྱུང་། །ཁྱུང་པོ་དར་སྐྱབས་མི་འགྱུར་གཡུང་དྲུང་མཚན། །དམ་པ་རྒྱ་གར་སེ་འཕགས་ཞིག་པོ་དང་། །ར་སྒོམ་ཞིག་པོ་ལས་སོགས་བཅུ་དགུ་ནི། །རྣམ་སྤྲུལ་འགྲོ་འདྲེན་ལུང་བསྟན་ཐོབ་རྣམས་ལ། །སྒོ་གསུམ་གུས་པས་རྩེ་གཅིག་གསོལ་བ་འདེབས། །དོན་རྒྱུད་རྟོགས་པ་བདག་ལ་འཆར་བར་མཛོད། །

    གསུམ་པ་དྲན་པའི་རྣམ་སྤྲུལ་བྱེ་བའི་གྲངས། །ཁྱད་པར་ལྔ་བརྒྱའི་དུས་སུ་བོད་ཡུལ་དུ། །སྤྲུལ་པ་དུ་མས་འགྲོ་བ་འདྲེན་པར་འགྱུར། །དེ་ལྟར་ལུང་གིས་ཟིན་པའི་སྐྱེས་བུ་གང་། །གང་ན་བཞུགས་པ་རྣམས་ལ་གསོལ་བ་འདེབས། །དོན་རྒྱུད་རྟོགས་པ་བདག་ལ་འཆར་མཛོད། །

གསལ་བཤད། དྲན་པ་ནམ་མཁའི་སྐུ་སྐྱེ་རིམ་བྱོན་གྱི་གསོལ་འདེབས་དད་སྐྱེད་འཁོར་ལོ་མ་འོངས་ལུང་བསྟན་གྱི་བདག་ཉིད་ཅན་འདི་ཉིད་༧ཡོངས་འཛིན་སློབ་དཔོན་སྨྲ་བའི་སེང་གེས་ཟུར་དུ་ཕྱུང་བའི་དཔེ་ལས་དྲངས།

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།