ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཕྱི་ལོ་ ༢༠༢༢ ལོའི་གཤེན་བསྟན་དར་རྒྱས་གླིང་གི་སྒོམ་གྲྭའི་བཅས་མཚམས་ལེགས་གྲུབ་བྱུང་བ།

ཕྱི་ལོ་ ༢༠༡༩ ལོར་བླ་མེད་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་གྱི་བཅའ་གཞི་ཕྱག་ལེན་གནང་ནས་བཟུང་ད་སྔོན་ལོ་གཉིས་ཙམ་གྱི་རིང་རིམ་པ་ལྟར་སྔོན་འགྲོ་དངོས་གཞིའི་ཁྲིད་ལུང་དང་། བསགས་སྦྱོང་། ཉམས་ལེན་བཅས་དུས་བསྟུན་རེའུ་མིག་བཞིན་ཞག་གྲངས་བདུན་བཅུ་ཐམ་པ་གཉིས་ཅན་མཐར་གྲུབ། འདི་ལོར་དམིགས་བསལ་ལུས་སྦྱོང་རྩ་རླུང་སྐོར་གྱི་ཉམས་ལེན་ལ་འཇུག་པའི་དུས་ཚིགས་ཡིན་སྟབས་རྫོགས་ཆེན་རྩ་རླུང་འོད་གསལ་འཁྲུལ་འཁོར་དང་། ཡང་རྩེའི་རྩ་རླུང་གཞུང་གི་དམིགས་པ། རྩ་རླུང་གེགས་སེལ་གྱི་དམིགས་ཁྲིད་བཅས་རྩ་བའི་སློབ་ཚན་གྱི་ཁྲིད་གཞི་རུ་གཏན་འབེབ་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༠༥ ཉིན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུས་པའི་བླ་གྲྭ་ལྷན་རྒྱས་ཀྱིས་དབུ་འཛུགས་གེགས་སེལ་དང་བཅས་ཏེ་བཅད་རྒྱ་བསྡོམས་ནས་ཉམས་ལེན་པ་རྣམས་སྒྲུབ་མཚམས་ལ་བཞུགས། དེ་མུས་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་གིས་གཙོ་འགན་བཞེས་ཏེ། རྩ་རླུང་སྦྱོང་མཁན་མི་གྲངས་སུམ་ཅུ་ཐམ་པ་ལ་སྐབས་བསྟུན་ལམ་སྟོན་དང་། ཉིན་རེའི་ཁྲིད་ལུང་། ལུས་སྦྱོང་འཁྲུལ་འཁོར།  ངག་སྦྱོང་བཟླས་བརྗོད་དང་འདོན་པ། རྩ་སྦྱོང་རླུང་སྦྱོར། སེམས་སྦྱོང་དམིགས་རིམ། སྦྱིན་བཞིའི་ཉམས་ལེན་བཅ༷ས་ཉིན་རེའི་དུས་བསྟུན་རེའུ་མིག་བཞིན་བསྟར་ཆགས་སུ་སྒྲུབ་གནང་ནས་དེ་རིང་བར་ཉིན་གྲངས་བདུན་ཅུ་ཕྱིན། དེའི་རིང་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་མཆོག་དང་། དགེ་བཤེས་ལུང་རིག་རྣམ་དག དགེ་བཤེས་བསམ་གཏན་གཙུག་ཕུད་གསུམ་གྱིས་རིམ་པས་གཤེན་བསྟན་དར་རྒྱས་གླིང་གི་བདུན་ཕྲག་དྲ་ལམ་དཔེ་ཁྲིད་ཆགས་མེད་བཀའ་དྲིན་བསྐྱངས། དེ་རིང་ནི་སྒོམ་གྲྭའི་བཅད་མཚམས་ཟིན་པའི་མཇུག་སྡོམ་མཛད་སྒོ་ཡིན་པས་སྔ་ཞོག་བསང་གསོལ་གནང་གྲུབ་རྗེས་ཕྱི་ཐོ་གཤེགས་བསྐྱོད་གནང་བ་དང་། དེ་རྗེས་བསང་ཁང་གི་མདུན་དུ་ལམ་ལྷ་དང་སྒྲ་བླ་གསོལ་ཏེ། བསང་གསེར་སྐྱེམས་ཕུལ། ཞོག་ཇ་གྲུབ་རྗེས་སྒོམ་གྲྭ་བ་རྣམས་པ་གཙོས་པའི་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་་ལྷན་རྒྱས་མཉམ་བཞུགས་ཐོག་བླ་མ་ལི་ཤུ་སྟག་རིང་ལ་བཏང་རག་མཆོད་ཚོགས་རྒྱས་འབུལ་ཞུས་པ་དང་། ༧སྐྱབས་རྗེ་མཁན་སློབ་རྣམ་པའི་གསོལ་འདེབས་དབྱངས་སུ་གྱེར་ཏེ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་བ་སྨོན་ལམ་བཏབ། སྐབས་འདིར་མིག་སུ་ཀོ་ནས་ཡིན་པའི་ཉམས་ལེན་པ་ས་ལིས་ནིས་རེ་འདུན་ལྟར་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེར་དམིགས་བསལ་མན་དལ་སྐུ་གསུང་ཐུགས་རྟེན་དང་། རྣམ་ལྔའི་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། དེ་རྗེས་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་མཆོག་ནས་ཕྱི་ནང་གང་ཐད་ནས་ཕྱར་བ་གྲུ་འདེགས་གནང་མཁན་གོང་འོག་བར་གསུམ་ཚང་མར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། སྒོས་སུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་འཚམས་འདྲི་ལེགས་གསོལ་གནང་བ་ཐུན་མོང་ལ་སྙན་སྒྲོན་ཞུས། མཇུག་ཏུ་གྱེས་ཞུ་གུས་ཕྱག་ལྷ་དར་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་ངང་ནས་འདི་ལོའི་གཤེན་བསྟན་དར་རྒྱས་གླིང་གི་སྒོམ་གྲྭའི་བཅས་མཚམས་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

སྲིད་པའི་མིག་ཅེས་སུ་འབོད་པས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༢ ཉིན།

(སྤྱིའི་གཟིགས་གྲངས། 368 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐབས་མཁས་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།