ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པ་ཁྱུང་ཁྲི་ལྡེའི་རྩོམ་དེབ་གསར་པ་གཉིས་འགྲེམ་ཐོན་བྱུང་བ།

དཔེ་སྐྲུན་གསལ་བཤད།

སྤྱིར་རིག་གནས་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། དེ་ལས་སྲོལ་རྒྱུན་རིག་གནས་ནི་ཆོས་ལུགས་རིག་གནས་དང་ཁ་བྲལ་ཐབས་མེད་པ་ཞིག་དང། ཡང་སྒོས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་བོན་གྱི་རིག་གནས་རྨང་གཞི་དང་རྩ་བ་བྱས་པའི་ཐོག ཕྱི་ནས་འོངས་པའི་ཆོས་ལུགས་རིག་གནས་ཀྱིས་ཁ་སྐོང་དང་ཕུན་སུམ་ཇེ་འཚོགས་སུ་བཏང་བའི་རྣམ་པ་ཅན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད། ཆོས་ལུགས་རིག་གནས་གྱི་གྲུབ་ཆ་གཙོ་བོ་བཀའ་དང་བཀའ་བརྟེན་གཉིས་ཀྱི་ཁྱབ་ཁོངས་སུ་འདུས་པ་དང༌། དེ་ཡང་ལོ་རྒྱུས་དང། རིག་གཞུང། རྩོམ་རིག་དང༌།སྐད་བརྡ། མཚན་ཉིད་དང། རྩིས་རིག གསོ་རིག་དང། བཟོ་རྩལ་རིག་པ་སོགས་རིག་གནས་སྣ་མང་འདུས་པའི་རྣམ་པ་ཅན་ཞིག་ཏུ་ངོས་འཛིན་བྱེད། ལྷག་ཏུ་བོན་གྱི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ཞིང་དུས་རབས་ཀྱི་འགག་འཕྲང་མང་པོ་བརྒྱུད་ནས་བྱུང་བ་ཞིག་ཡིན་པས་སྔ་ཡོད་ད་སྤེལ་དང༌། ཉམས་པ་བསྔོག་འདོན། མི་ཉམས་གོང་སྤེལ་དང་སྲུང་སྐྱོབ་ཀྱི་ལས་འགན་ནི་མི་རིགས་རང་ལ་ཁུར་དུ་འཁྲི་བའི་གལ་ཆེའི་ལས་དོན་ཞིག་ཡིན་ཕྱིར་ད་སྔོན་བོན་གྱི་དགོན་སྡེ་ཁག་གཙོ་བོར་བྱས་ནས་བཀའ་དང་བཀའ་བརྟེན་གྱི་དཔེ་རྙིང་མང་པོ་ཞིག་རིམ་པས་གཅེས་བཏུས་དང་ལེགས་སྒྲིག་པར་སྐྲུན་དང་འགྲེམ་སྤེལ་ཞུས་ཏེ་བསྟན་འགྲོའི་མཛད་འགན་ཕྲག་ཐོག་ཏུ་བཞེས་གནང་ཡོད། དཔེ་ཚོགས་དེ་དག་གིས་རྒྱ་ཆེའི་དད་ལྡན་དང་།ཞིབ་འཇུག་པ། སློབ་གཉེར་བ་རྣམས་ལ་དགོས་མཁོའི་མཐུན་རྐྱེན་དང་ཐུགས་འདུན་བསྐངས་ཡོད་ཀྱང་། ད་དུང་བོན་གྱི་སྐྱེས་ཆེན་དུ་མའི་གསུང་རྩོམ་ཁག་མང་པོ་ཞིག་བསྔོག་འདོན་ཉར་ཚགས་དང་དར་སྤེལ་བཏང་ནས་གནའ་དེང་ཞང་བོད་མི་རིགས་ཀྱི་ཤེས་བྱ་རིག་གནས་ཕུན་སུམ་ཇེ་འཚོགས་སུ་གཏོང་རྒྱུ་ནི་རྩ་བའི་དམིགས་འདུན་ཞིག་ཡིན། འདི་གའི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༢༠༠༣ ནས་བཟུང་བོན་གྱི་དཔེ་རྙིང་གསུང་རབ་ཁག་དང་། མཁས་པའི་གསུང་རྩོམ་མི་ཉུང་བ་ཞིག་སྒྲིག་ཞུས་གནང་ནས་འདོན་སྤེལ་ཞུས་དང་ཞུ་བཞིན་པ་ལས་མ་འོངས་ལས་འཆར་གྱི་ཁོངས་སུ། སློབ་ཐོན་པ་དང་སློབ་གཉེར་བ་རྣམས་ཀྱིས་གཞུང་ལུགས་དང། རིག་གནས་ལ་དཔྱད་པའི་རྩོམ་རིག་གཅེས་བཏུས་ཀྱི་ཕྱག་དཔེ་རྣམས་རིམ་པས་འདི་ནས་པར་སྐྲུན་ཞུ་རྒྱུའི་དམིགས་འདུན་ཡོད་པ་གཞིར་བཟུང་ད་ལམ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཀའ་རམས་པ་ཁྱུང་ཁྲི་ལྡེ་ལགས་ཀྱིས་བརྩམས་གནང་བའི་<<ཞང་བོད་ཀྱི་རིག་གྲོང་འགྲིམས་པའི་གཤེན་སྐད།>>ཅེས་པ་འདི་ཉིད་འདི་ནས་སྒྲིག་བཟོ་བྱས་ཏེ། པར་སྐྲུན་འགྲེམ་སྤེལ་ཞུས་ཡོད་པ་འདིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་སྟོང་ཆ་གང་འཚམས་ཤིག་ཁ་སྐོང་ཐུབ་རྒྱུའི་རེ་འདུན་དང་བཅས་ཏེ་ཕྱག་ལས་གནང་མཁན་འབྲེལ་ཡོད་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས།། །།

རྩོམ་པ་པོའི་སྔོན་གླེང་། 

སྲིད་པའི་འཇིག་རྟེན་ཀྱི་སྤྱི་ཚོགས་ཆེན་པོ་འདི་ཡི་ནང་མི་ཡི་ཤ་ཚུགས་བཟུང་ནས་འགྲེང་བའི་འུ་ཅག་ནི། ཚད་མཐོ་བའི་ཤེས་རིག་དང་། གྲངས་མང་བའི་ལོ་རབས་ཀྱི་ཁྲོད་དུ་ཡ་ཐོག་སྲིད་པ་རྒད་པོའི་བཞུད་ལམ་ནས་ལན་རེ་སྐྱིད་ནས་ཉི་མ་མི་འདང་པ་དང་། མཚམས་རེ་སྡུག་ནས་དུས་ཚོད་མི་ཆོད་པའི་ནམ་ཟླའི་ཁྲོད་ཤེས་རིག་གི་རིན་ཐང་གླེང་བཞིན་ལོ་རྒྱུས་ཀྱི་ཆོ་རབས་གྱེར་ནས་འོངས་བའི་མི་རིགས་རྙིང་པ་ཞིག་ཡིན། དུས་རབས་ཉེར་གཅིག་པའི་ས་སྒང་འདི་ནི་ལག་མཐིལ་བཞིན་ཆུང་ངུ་སོང་བ་དང་། མིག་དང་རྫི་མ་བཞིན་ཤིན་ཏུ་ཉེ་བའི་ལོ་ཟླ་གསར་པ་ཞིག་ཚེས་པ་སོང་། ཆོས་ལུགས་དང་མི་རིགས། ཤེས་རིག་དང་ལོ་རྒྱུས། གནའ་གཏམ་དང་ད་གཏམ་སོགས་འདས་མ་ད་གསུམ་གྱི་རི་མོ་ཡོངས་རྫོགས་ས་འོག་ནས་འདོན། ཁང་ཕུགས་ནས་འབྲུ། ཆུ་ཁ་ནས་རྙབ་སྟེ་གོ་བརྡ་འཕྲོས་མིན་ལ་མ་ལྟོས་པ་སྐད་གསང་མཐོན་པོས་མོལ་བའི་དུས་རབས་འདི། སྟོང་ཚོ་དུ་མའི་ལོ་རབས་ཀྱི་སྔོན་ནས་སྲིད་པའི་གངས་དཀར་ཏི་སེའི་གཡས་གཡོན་ཀྱི་རི་གྲོང་འདིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ཞང་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སོགས་ཨ་མྱེ་རྒད་པོས་བཞག་པ་དག  ཆོས་ལུགས་ཀྱི་རུལ་སུངས་འོག་ཏུ་ཤི་ལ་ཁད་དང་འགྱིལ་ལ་ཁད་དུ་སོང་བའི་རིག་གཞུང་རྙིང་པ་འདི་ཚོ། གདོང་དམར་མི་རིགས་ཀྱི་ཤ་ཁྲག་རུས་པའི་གཟུགས་བཞི་ལས་གྲུབཔའི་རྩམ་ཟན་བོད་མི་ཚོས་བདག་སྐྱོང་བྱེད་པའི་དུས་རབས་ཤིག་ལ་བསླེབས་པར་སོང་། ད་ལན་ཁོ་བོས་ལོ་མང་རིང་སློབ་སྦྱོང་གི་ཁྲོད་དུ་བོན་གྱི་རིག་གཞུང་སྣ་མང་ཞིག་སྦྱོང་ཞོར་འབྲི་རྩོམ་བྱས་པའི་དཔྱད་རྩོམ་ཁག་གཅིག་ཕྱོགས་གཅིག་ཏུ་སྤུངས་པའི་དེབ་ཆུང་<ཞང་བོད་ཀྱི་རིག་གྲོང་འགྲིམས་པའི་གཤེན་སྐད།>ཅེས་པ་འདི་ཉིད་ཞྭ་དཀར་བསྟན་པའི་གཙུག་རྒྱན༌༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་དགེ་ལས་རྣམ་པའི་ཐུགས་རྗེས་གཟིགས་སྐྱོང་གནང་བའི་གྲུབ་འབྲས་དང་། ཁོ་ཚོའི་བཀའ་དྲིན་མཚོན་ཆེད་དུ་མི་ཡུལ་འདི་རུ་དེབ་ཆུང་རྣམ་པ་རུ་རྒྱ་ཆེའི་གཟིགས་པ་པོའི་སྤྱན་སྔར་བཤམ་པར་འདོད། དེབ་ཆུང་འདི་ནང་འཁོད་པའི་དཔྱད་རྩོམ་འདི་དག་ལོ་མང་རིང་བྲིས་བཞག་པ་ཁག་གཅིག་ཕྲ་རབ་རྡུལ་བསགས་རི་རྒྱལ་ལྷུན་པོ་གྲུབ་པ་ལྟར་ཡིན་པ་ལས་ལོ་གཅིག་ནང་བྲིས་པ་མིན་སྟབས། དཔྱད་རྩོམ་གྱི་འགྲོས་དང་ཁ་ཕྱོགས་གཅིག་གྱུར་ཆགས་མེད། སྔར་རྩོམ་ཕར་ཆེར་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་ཐབས་དང་སྲོལ་རྒྱུན་གྱི་ལྟ་གྲུབ་བེད་སྤྱད་ནས་བྲིས་པ་ཡིན་པས་དེང་རབས་ཀྱི་ཞིབ་འཇུག་པ་ཚོའི་སྤྱན་སྔར་མི་མཛེས་ན་ཡང་ཆོག་མོད། ང་ཚོ་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་སྲོལ་རྒྱུན་གྱི་འཆད་རྩོད་རྩོམ་གསུམ་གྱི་ལམ་ལུགས་ཡོངས་རྫོགས་དེང་རབས་ཅན་དུ་བསྒྱུར་ན་འབྲོག་པའི་གནའ་མི་རྒད་པོ་ཞིག་གིས་འབྲོག་ཆས་གཡུགས་ནས་རྒྱ་ཆས་བརྒྱབ་པ་དང་མཚུངས་པས་སྲོལ་རྒྱུན་ཡོངས་རྫོགས་གཡུགས་མི་རུང་པའི་འབོད་སྒྲ་ཞིག་དུ་བརྩིས་ནས་བཞག་ཡོད། སྲོལ་རྒྱུན་ལ་འཁྲེང་པའི་ངར་ཤུགས་རྙིང་པས་དེང་རབས་ཀྱི་ལམ་བུ་ནང་གོམས་གང་མི་སྤོ་བའི་ཐ་ཚིག་བསྒྲགས་ན་འཛམ་གླིང་རླངས་འཁོར་ནང་བསྐྱོད་དུས་ང་ཚོ་ཁུར་པོ་ཁུར་ནས་སོང་བ་དང་མཚུངས་པས་ཅིས་ཀྱང་རྙིང་དོར་བཅུད་ལེན་བྱེད་ཤེས་པ་གལ། ཕྱིས་རྩོམ་མང་པོ་ཞིག་དེང་རབས་ཀྱི་དཔྱད་རྩོམ་འབྲི་ཐབས་དང་དེང་རབས་ཞིབ་འཇུག་པའི་ལྟ་གྲུབ་བཟུང་ནས་བྲིས་ཡོད་ལ། སློབ་སྦྱོང་གི་ལམ་བུ་རུ་ཤེས་རབ་ཀྱི་ན་ཚོད་སྨིན་རིམ་བཞིན་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བའི་སྐབས། སྔ་མའི་ལྟ་གྲུབ་དང་ཕྱི་མའི་ལྟ་གྲུབ་མི་འདྲ་འགྱུར་ཏེ་སྔ་མ་བྲིས་པ་ཁག་ཕྱིས་རང་གིས་ཁས་ལེན་མི་ཐུབ་ཆགས་པ་ཞིབ་འཇུག་གི་ཁྲོད་དུ་ཡོང་ངེས་པ་ཡིན་པའི་སྔ་རྩོམ་ཕྱིས་རྩོམ་ཡོངས་རྫོགས་ལྟ་གྲུབ་གཅིག་པ་ཡིན་པའི་གྲུབ་མཐའ་འཛིན་མི་ཉེན་པ་ནི་དཔྱད་རྩོམ་ཀློག་པ་པོ་ཚོས་སེམས་ལ་ངེས་དགོས་པའི་གནད་དོན་ཞིག་རེད། ལྷག་པར་དུ་སོ་སྐྱེ་བདག་ལྟ་བུ་སྔ་ལོ་ཁས་ལེན་ཕྱིས་ལོར་འགྱུར་འགྲོ་བ་དང་། དེ་རིང་དམ་བཅའ་སོང་ཉིད་འདོར་དགོས་པ་དུ་མ་ཞིག་ཆགས་ཀྱི་འདུག་པས་མཚན་ཉིད་པ་པོས་ཚ་ཟེར་བ་དེ་རྒྱག་སྲིད་པས་ཞིབ་འཇུག་པ་དང་རྟོག་གེ་པ་ཞིག་ཡིན་པའི་ངོས་ནས་ཚ་ཁ་ཤས་ཁྲེམ་པའི་མགྲིན་པ་ཡོད། ཁོ་བོས་བྲིས་པའི་དཔྱད་རྩོམ་འདི་ནང་དེ་སྔོན་མཁས་པ་ཚོས་མ་དཔྱད་པ་དང་མ་གླེང་པ་དུ་མ་ཞིག་གསར་དཔྱད་དང་གསར་གླེང་བྱས་ཡོད་པས་མ་འགྲིག་པ་དང་མ་མཐུན་པ་བྱུང་འདུག་ན། ལུང་རིགས་དང་འབྲེལ་བའི་དགག་སྒྲུབ་ཀྱི་སེར་ཆར་ཕོབས་ཤོག་དང་། དེ་ནི་རིག་གཞུང་དག་ཐེར་གྱི་རྩོད་སྒྲུབ་ཡིན་པ་ལས། ཆོལ་ཁའི་ས་རྩོད་དང་། གྲོང་པའི་ཆུ་ཁྲོད་མིན་པས་དགའ་བསུ་དང་ངོས་ལེན་གྲ་སྒྲིག་ཨང་གསར་ཡོད། ལར་ནས་ལུང་རིགས་ཀྱི་མཚོན་ཆ་མེད་ཅིང་། བདེན་དཔང་གི་རུས་ཚིགས་བྲལ་བའི་དད་པ་ལོག་སྤྱོད་དང་། རྙིང་ཞེན་ཨུ་ཚུགས་ཀྱི་རུ་དཔུང་ངོམས་ཡོང་ན་གཡས་སྐོར་གཡོན་གཟུར་བྱེད་པ་ལས་གླང་གོག་རྡུང་ཁ་དུས་ནམ་ཡང་རྒྱག་འདོད་མེད། ཁྱད་པར་དུ་ང་ཚོས་དཔྱད་རྩོམ་འབྲི་སྐབས་ཡོད་ཚད་ནུབ་ཕྱོགས་པ་ལྟར་བྱེད་དགོས་པའི་ངེས་པ་མེད་ལ། ང་ཚོའི་སྲོལ་རྒྱུན་གྱི་རྩོམ་ཐབས་ནང་རིན་ཐང་དང་བྲལ་བའི་རྩོམ་ཐབས་དུས་མ་འདུག་པ་སྟེ། རྫོགས་ཆེན་ལུང་དྲུག་གི་འཆད་ཐབས་ལས། ཁྱུང་ཆེན་མཁའ་ལས་ལྡིང་བ་ལྟ་བུའི་ཁོག་དབུབ། རྒྱ་མཚོ་ལས་གཟའ་སྐར་ཤར་བ་ལྟ་བུའི་ས་བཅད། ཤིང་འཛམ་བུ་པྲི་ཤ་ལྟ་བུའི་དོན་བསྡུས། མུ་ཏིག་ལྟར་ལ་བརྒྱུད་པ་ལྟ་བུའི་འབྲུ་གཞོམ། དྲྭ་བའི་མིག་ལྟ་བུའི་ཡན་ལག་འཁྲུག་སྡེབས་ཞེས་པ་ལྟར་གྱི་གཞུང་དོན་འདི་ཚོ་ང་ཚོས་ལག་བསྟར་བྱེད་པ་དང་གླེང་ཐུབ་པ་ཡིན་ན་ང་ཚོའི་མི་རབས་རྙིང་པ་ཚོའི་གཟི་བརྗིད་ཞིག་ཡིན་པ་ལས་དེ་ཚོ་སྦས་ནས་སྟོན་མི་ཕོད་པ་ཞིག་གཏན་ནས་མིན། ད་དུང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མདོར་བསྡུ་བ་དེ་ཚོ་ཀློག་པ་པོས་ངེས་བདེ་བ་སོགས་བློ་དང་འཚམས་པའི་བོན་བསྟན་སྟངས་ཐུན་མོང་མ་ཡིན་ཞིག་ཡིན། ཁྱད་པར་དུ་མི་རིགས་གཞན་པ་གང་ལ་མེད་པའི་བོད་ཀྱི་རྩོམ་པའི་ལམ་ལུགས་ནང་ས་བཅད་ཕྱེད་ནས་འབྲི་བ་འདི་ནི་དེང་རབས་དཔྱད་རྩོམ་འབྲི་ཐབས་ལྟར་ན་ནང་དོན་གནད་བསྡུས་ཟེར་བ་དེ་དང་འདྲ་བའི་ཡོན་ཏན་འདུག་པས་ང་ཚོས་ངོ་ཤེས་དགོས། ནུབ་ཕྱོགས་ཀྱི་དཔྱད་རྩོམ་འབྲི་ཐབས་ལས་ང་ཚོས་དང་ལེན་དགོས་པ་ནི། ལུང་འདྲེན་སྐབས་ལུང་ཁུངས་གསལ་པོ་བཟོ་བ་དང་། ཤོག་གྲངས་དང་། མཆན་བཏགས་སྟངས་དང་དཔྱད་གཞིའི་ཡིག་ཆ་ངོ་སྤྲོད་བྱེད་སྟངས་དེ་ཚོ་རེད། ང་ཚོས་སྲོལ་རྒྱུན་གྱི་དཔྱད་རྩོམ་འབྲི་ཐབས་ཐོག་དེང་རབས་ཀྱི་དཔྱད་རྩོམ་འབྲི་སྟངས་ནང་ནས་ཁ་སྣོན་རྒྱག་དགོས་པ་ཁ་ཤས་ཡོད་པ་དེ་ཚོ་ཁ་སྣོན་བརྒྱབ་ནས་སོང་བ་ཡིན་ན་མི་འགྲིག་པ་གང་ཡང་མེད་ལ། སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་བྱེད་མཁན་ཚོས་ང་ཚོའི་སྲོལ་རྒྱུན་གྱི་འཆད་རྩོད་རྩོམ་གསུམ་བྱེད་སྟངས་དེ་རྩ་བ་ནས་འགོ་རྟིང་བསློགས་ཏེ་གཞན་རྗེས་འབྲང་རྐྱང་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད།  ང་ཚོ་མཐའ་གཉིས་སུ་མ་ལྷུང་པའི་ཐོག་ནས་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དེ་དུས་དང་འཚམས་པའི་ལས་འགན་ཉག་གཅིག་རེད། སྐབས་འདིར་བྲིས་པའི་དཔྱད་རྩོམ་འདི་ལ་རིན་ཐང་ཇི་ཡོད་ཁོ་བོས་གླེང་ན་མི་འཚམས་ལ། དེ་བས་ཀྱང་མིང་གྲགས་ཡོད་པ་ཞིག་ལ་དེབ་འདི་ཡག་རབས་བཟང་རབས་གླེང་དགོས་པའི་ཨུ་ནན་གྱིས་གླེང་བརྗོད་འབྲི་བའི་འབོད་བསྐུལ་ཞུ་མ་ཕོད། རྩོམ་ལ་རིན་ཐང་ཇི་ཡོད་ཀློག་པ་པོ་ཚོས་རིམ་བཞིན་བཀླགས་ནས་ཧ་གོ་དགོས་པ་ལས་མི་ཆེན་ཞིག་གིས་སྔོན་གླེང་ནང་ཡག་རབས་བཟང་བ་བྲིས་པ་དེ་ཙམ་གྱིས་རིན་ཐང་ཆེ་བའི་ངོས་འཛིན་ཞུས་མེད། མདོར་ན་ཁོ་བོས་བྲིས་པའི་དཔྱད་རྩོམ་འདིས་བོད་ཀྱི་རིོག་གཞུང་ལ་ཅུང་ཙམ་ཞབས་འདེགས་དང་དག་ཐེར་ཡོང་བའི་རེ་སྨོན་དང་བཅས་ནས་བྲིས་པ་ཡིན་པས་དེ་ལྟར་འགྱུར་བའི་སྨོན་ལམ་འདེབས་པ་ལགས་སོ། །

མིང་ཆེན་ཐོབ་པའི་རེ་བ་མ་བྱས་ཤིང་།། ཕྱུག་ཆེན་འགྱུར་བའི་ཚོང་པ་མ་བྱས་པ།།

གཞུང་ཆེན་སྦྱོང་པའི་གོ་སྐབས་བཟང་པོ་དེ།།རྩ་ཆེན་བརྩིས་ནས་འབད་པས་ལག་རྗེས་ཡིན།། 

 རིན་ཆེན་གསེར་སྲང་སྟོང་གིས་ཟླ་མེད་པའི།།མེས་པོས་བཞག་པའི་རིག་གཞུང་སྣ་ཁ་རེ།།

གསལ་བྱེད་འགྱུར་བའི་ཤོག་ལྷེ་གཅིག་ཐོན་ན།།དམ་པའི་ཐུགས་དགོངས་རྫོགས་པའི་མཆོད་མེ་ཡིན།།

ཞེས་སྔོན་གླེང་འདི་ཉིད་རྕོམ་པ་པོས་༢༠༢༠ཟླ་༡༢ཚེས་༢༡ཉིན་གནས་ཆེན་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་ནས་བྲིས།།

སྔོན་གླེང་ཁྱུང་གི་སྡེར་མོ།

གང༵ས་ཀྱི་འཁྱག་ཀློང་གི་ཁྲོད་ནས་རྣམ་ཤེས་ཀྱི་དྲོད་ཁོལ་ལས་བབ་པའི་ཟུངས་ཁྲག་ཚོམ་གཅིག་ཀ་ཁའི་དབྱངས་རྟ་ལ་བསྐྱོན་པའི་སེམས་ཀྱི་ཚོར་བ་དང་ཡིད་ཀྱི་དུངས་བའི་ཡུར་བ་ནས་བརྒྱུད་དེ་མུ་མཐའ་མེད་པའི་འཇིག་རྟེན་གྱི་རི་གྲོང་འདི་རུ་ཡུལ་ཆུ་བཞིན་འབེབ་པ་དང་།  ལན་རེ་གཉིད་མི་ཁུག་པའི་འཇིག་རྟེན་གྱི་མཚན་མོ་ཞིག་ལ་འཁོར་བ་དཀར་པོའི་གྲུ་ཁ་ནས་གངས་རི་དཀར་པོའི་ཉིན་སྲིབ་དུ་སྲིད་པ་ནས་སྲིད།  བསྐལ་པ་ནས་བསྐལ་པའི་བར་དུ་འགྱིང་པའི་དབལ་གཡག་འབྲོ༵ང་གི༵་རུ་ཐུར་གྱེན་དུ་གསེག་གིན་བླ་རི་གངས་དཀར་ཏི་སེ་ལ་གནས་བཅས་ཤིང་བླ་མཚོ་མ་པང་གཡུ་མཚོ་ནས་སྐོམ་ཆུ་བཞེས་པའི་ཆོ་རབས་དེ་ཅི་འདྲའི་གཟི་བརྗིད་ཅིག་མིན།   སྲིད་པའི་ལྷ་ཆེན་པོའི་ལས་འཕྲོའམ་ཁ་ལོ་ནགས་ཀླུང་གི་སྤྲེའུ་ཁྱུ་གཅིག་གིས་བསྒྱུར་ཚེ་ང་ཚོའི་འདུ་ཤེས་དེ་སྲིད་པའི་བླ་རྟེན་འབྲོང་གི་གཟུགས་ཕུང་ནས་ཡལ་ཏེ་འཆག་ས་མེད་པའི་རི་ཁུགས་ཤིག་ཏུ་ལུས་ཏེ་མྱང་ངན་གྱི་ངུ་ཟུག་དང་འགྲོགས་ནས་བསྡད་མྱོང་།  ཆ་མི་སྙོམ་པ་དང་མདོག་མི་ཡག་པའི་ལས་དབང་སྐྱུར་མོ་ཞིག་གི་ཐེམ་བར་དུ་གནས་ཚེ་ང་ཚོས་ད་གཟོད་སྲིད་པ་རྒད་པོ་དེ་དྲན་མྱོང་ལ་གླེང་མྱོང་།  ཁེར་རྐྱང་གི་འཚོ་བ་ཐབས་ཆག་ཅིག་ལ་བརྟེན་ནས་ཡ་ཐོག་སྲིད་པ་རྒད་པོའི་ཤ་རུས་ཁྲག་གསེང་ནས་མཆེད་པའི་གངས་ཀྱི་རྣ༵མ་ཤེ༵ས་ངོ་མ་དེ་འཚོལ་སྐབས།  སྐྱིད་པའི་གླུ་དང་སྡུག་པའི་འཁུན་སྒྲ་བསགས་པ་དེ་དག་ཕྱོགས་གཅིག་སྤུངས་པ་<< གངས་འབྲོང་གི་རྣམ་ཤེས།  >> ཏེ་ཤོག་བུའི་བེམ་གཟུགས་གཅིག་བྱས་ཏེ་སྙན་ངག་ཏུ་རློམ་ནས་ཁྱེད་རྣམ་པའི་མདུན་སར་འཕྱོ་ལྔིང་བྱེད་ཡོང་གི་ཡོད།  དེ་ནི་ཁོ་བོའི་སེམས་ཀྱི་འཕར་རྩ་ནས་མཆེད་པའི་རྣམ་ཤེས་གསོན་པོ་དེ་ཡིན་པ་ལས།  སུ་ཞིག་གིས་བཀལ་བའི་ཁྲལ་ཡང་མིན་ལ།  གང་ཞིག་ལ་ཆད་པའི་བུ་ལོན་དེ་བས་མིན།  དེ་ནི་རང་གི་མི་ཚེའི་ཁ་ཕྱོགས་དང་།   ཤེས་རིག་གི་དཀྱིལ་འཁོར་གྲུ་བཞིའི་ནང་ལོ་མང་རིང་བསྡད་པའི་བག་ཆགས་ཀྱི་འཕྲོ་འདུ་ཟབ་མོ་ཞིག་ཕྱི་ལ་ཤོར་སོང་བ་ཙམ་ཡིན།  ལར་ནས་ཁ་སང་དེ་རིང་ཁྱི་ཡི་ཁ་སྤུ་དང་སྲང་མདོའི་སྙིགས་སྒམ་ཡན་སྙན་དེབ་ཀྱིས་གང་ཟིན་པའི་དུས་མཚམས་འདིར།  སྙན་དེབ་མི་ཉུང་བ་ཞིག་ལྟ་ཀློག་གི་ཁྱོ་ག་མ་རྙེད་ནས་ཡུག་ས་ལུས་པ་ཆེས་ཉུང་ཉུང་མིན་ཕྱིར།  ཁོ་བོས་སྙན་དེབ་སྤེལ་བའི་ཡི་ག་འགགས་ཏེ་ལོ་མང་ལུས།  འོན་ཀྱང་སྟབས་ལེགས་པ་ཞིག་ལ་དེ་སྔོན་ལོ་དེབ་དང་དྲྭ་ཐོག་ལ་སྤེལ་བའི་སྙན་ངག་དེ་ཚོ་དཔྱོད་ལྡན་གྱི་ཀློག་པ་པོ་མི་ཉུང་བ་ཞིག་གིས་གདེང་འཇོག་དང་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་མཐོང་དུས།  སྤོབས་སེམས་ཀྱི་ངར་ཤུགས་གསར་པ་ཞིག་སྐྱེས་ནས་ལམ་འདི་ནས་དེ་རིང་གསར་དུ་ཆས་ཡོང་བ་ཡིན།  གྲགས་ཅན་གྱི་སྙན་ངག་པ།  ཧེ་ཀེ་ཡིས།  ངའི་སྙན་ངག་ཕྱོགས་བསྒྲིགས་འདི།  ཡིག་རྨོངས་རྒན་མོ་ཞིག་གི་ལག་ཏུ་སོང་ཚེ།  དུ་བ་དཀྲི་སྤྱད་ཀྱི་ཤོག་བུ་ཞིག་ལས་མ་འདས།  ཞེས་པ་ལྟར་མི་འགྱུར་བའི་ངེས་པ་མེད་པས།  ཚང་མ་མགུ་བའི་རེ་བསམ་སྟོང་པ་བཅང་མེད།  སྙན་རྩོམ་འདིའི་ནང་དོན་ཁག་ལྔར་བགོས་ཡོད་པ་ནི་<<རྟོགས་བརྗོད་དད་པའི་རང་མདངས།   རྗེས་དྲན་སེམས་ཀྱི་མིག་ཆུ།  བརྟན་བཞུགས་རེ་བའི་འབོད་སྒྲ།  ལེགས་གསོལ་མེ་ཏོག་ཚོམ་བུ།   དྲན་རྟོག་ཡིད་ཀྱི་རྦ་རླབས།>>བཅས་ཡིན།  དང་པོ་ནི་བྱོན་དང་འབྱོན་བཞིན་པའི་ཁ་བ་གངས་རིའི་སྐྱེས་ཆེན་དེ་ཚོའི་རིན་ཐང་དང་གཟི་བརྗིད་ཀྱིས་ཡིད་བཀུག་སྟེ་དད་པའི་མཚོ་ཁ་མེར་བའི་རང་མདངས་ཡིག་གཟུགས་སུ་ཕེབས་ཏེ་རྟོགས་པ་བརྗོད་པའི་ཚོམ་བུ་དེ་ཡིན་ལ།  གཉིས་པ་ནི་མི་ཚེ་གཅིག་ལ་རིག་གཞུང་དང་མི་རིགས་ཀྱི་ཆེད་དུ་ཚེ་ལུས་ལོངས་སྤྱོད་ཕུལ་ཏེ་བུ་རབས་ཚ་རྒྱུད་ཚོའི་ལམ་སྟོན་གྱི་སྒྲོན་མེ་ཚོམ་གཅིག་འཇིག་རྟེན་མི་ཡུལ་འདི་ནས་ང་ཚོ་དང་ཁ་གྱེས་པའི་དམ་པ་ཚོ་དྲན་པའི་སྐྱོ་གདུང་གི་མིག་ཆུ་དྲོད་མོ་དེ་ཡིན།  གསུམ་པ་ནི་ང་ཚོའི་སྙིང་དབུས་ན་འཚེར་བའི་རེ་བའི་མིག་འབུར་གཏོད་ས་མིག་སྙིང་སྲོག་གསུམ་བས་ཀྱང་གཅེས་པར་བཟུང་དགོས་པའི་རླབས་ཆེན་གྱི་སྐྱེས་བུ་དེ་ཚོ་ང་ཚོ་ལ་ཤིན་ཏུ་མཁོ་བས་མི་ཡུལ་དུ་ཡུན་རིང་བཞུགས་རོགས་ཞུས་པའི་སེམས་ཀྱི་རེ་བ་མཚོན་པའི་སྙན་ཞུ་དང་པོ་དེ་ཡིན།  བཞི་པ་ནི་བསྟན་འགྲོ་གཉིས་ལ་གཟིགས་པའི་ཤེས་རབ་ཀྱི་སྤྱན་དཀྱུས་རིང་བའི་རླབས་ཆེན་གྱི་སྐྱེས་བུ་གང་ཞིག་གིས་མི་ཡུལ་དུ་བཞག་པའི་འབུར་ཐོན་གྱི་ཕྱག་རྗེས་ལ་ཡིད་སྨོན་ཤོར་ཏེ་ལེགས་གསོལ་གྱི་མེ་ཏོག་ཕུལ་བའི་མཆོད་སྤྲིན་གྱི་ཚོམ་ཞིག་ཡིན།  ལྔ་པ་ནི་ཡུལ་རྐྱེན་བཟང་ངན་གྱིས་སེམས་ཁམས་ལ་ཕོག་ཐུག་ཤོར་ཏེ་བདེ་སྡུག་གི་ཚོར་བ་ཕྲ་མོ་སྦས་མ་ཐུབ་ནས་ཤོར་བའི་འདུ་ཤེས་ཀྱི་རྦ་རླབས་ཚ་མོ་ཞིག་ཡིན།  དོན་གྱི་སྙན་ངག་པ་ཞིག་ཡིན་ན་དྲན་གདུང་གི་ཚོར་བ་གསོན་པོ་སྙན་ངག་གི་གཟུགས་སུ་བཞེངས་དགོས་པ་ལས།  ཡོད་ཚད་ཀྱི་བློ་དང་བསྟུན་ནས་ངོས་དགའ་དང་སྤྲེལ་ལད་འཁྲབ་མཁན་ཞིག་ཡིན་མི་རུང་ལ།  མི་རིགས་དང་རིག་གཞུང་།  ཆོས་ལུགས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་པའི་ཚོར་བ་སྐྱེན་པོ་ཞིག་ཡོད་དགོས།  ཚོར་བ་སྐྱེན་པོའི་སྨྱུག་ཁ་དེ་ལ་འཇམ་པོའི་རེག་བྱ་དང་།  མཛེས་པའི་རི་མོ་མེད་ལ།  ཞིམ་པའི་བྲོ་བ་ཡང་དེ་བས་མེད།  ཚིག་གི་མཚོན་ཆ་དེ་ཚོ་གནོང་ཅན་གྱི་རྣག་ཐུམ་ལ་ཕོག་སྲིད་པས།  དེ་ནི་འབེན་ལ་གཟེར་བའི་མདའ་ཡིན་ཕྱིར་སྙན་ངག་གི་ཉིང་དགོས་གྲུབ་པའི་ཚད་ལ་བསླེབས་པ་རེད།  སྙན་ངག་པ་ནི་ཤི་གསོན་གྱི་འགག་གང་དང་འཕྲད་ན་སྨྱུག་རྩེའི་གཡུལ་ས་ལ་མཆོང་ཐུབ་པ་ཞིག་དགོས་སྟབས།  ང་ཚོའི་འདས་མ་ད་གསུམ་གྱི་རྐང་པ་གཡང་ས་གང་ཞིག་ལ་ལྷུང་བའི་ཉེན་ཁ་མཐོང་ཚེ་སྨྱུ་གུ་འདི་མྱུར་སྐྱོབ་ཀྱི་ལས་འགུལ་ལ་ཞུགས་དགོས་པ་ལས་ཁུ་སིམ་ངང་སྤོམ་འདུག་མི་ཆོག་པ་ནི་ཁུར་དགོས་པའི་སྙན་ངག་མཁན་གྱི་འགན་འཁྲི་ཡིན།    འཇིག་རྟེན་དུ་བགྲོད་པ་པོ་དང་འཇིག་རྟེན་ལྟ་བ་པོ་གཉིས་ལྟ་གྲུབ་མ་མཐུན་པའི་རྐྱེན་གྱིས་སུ་ཞིག་གི་ཐུགས་ལ་ཕོག་པ་དེ་འདྲ་བྱུང་ན་བཟོད་གསོལ་ཞུ་བ་ལས་གཞན་མེད།  གྲགས་ཅན་གྱི་རྩོམ་པ་པོ།  ལུའུ་ཞུན་གྱིས།  སྐྱོན་གྱི་མ་གོས་པའི་དཔེ་ཆ་ཞིག་འཚོལ་འདོད་ན།  གནམ་འོག་ཏུ་ལྟ་ཀློག་བྱེད་ཆོག་པའི་དཔེ་ཆ་ཞིག་རྙེད་མི་སྲིད།  ཅེས་བཤད་པ་བཞིན་འདི་ལ་ནོར་བ་འཁྲུལ་གསུམ་དུ་མ་ཡོད་ངེས་པས་དམར་གསོད་ཀྱི་གཡུལ་ས་སྐྱེལ་མི་འགྲོ་བར་དགོངས་ཡངས་ལེན་གཅིག་གནང་བའི་རེ་བ་ཆེ།  ཁོ་བོས་ངུར་སྨྲིག་གི་ན་བཟའ་འོག་ཏུ་སྙན་ངག་པའི་རང་དབང་ཆ་ཚང་ལོངས་སུ་སྤྱོད་མ་ཕོད་དེ།  རྩོམ་ཕལ་ཆེར་སྐྱེས་ཆེན་ཚོ་ལ་བསྟོད་པ་དང་སྤྱི་ཚོགས་ཀྱི་རུལ་སུངས་གླེངས་པ་ལས།  ཆགས་ལྡན་གྱི་མཛེས་མའི་ཉམས་འགྱུར་དང་།  བརྩེ་གདུང་གི་རླན་པའི་འདོད་རྩོམ་འབྲི་བའི་སྨྱུ་གུ་དེ་བཟུང་མེད་སྟབས།  ཁམས་ཀྱི་སྲེད་པའི་དབང་འགྱུར་གྱི་ཁྲོད་དུ་འཚར་བའི་སྐྱེ་བོའི་མདུན་སར།  རྩོམ་འབྲི་བ་པོ་དང་ཀློག་པ་པོ་གཉིས་ཀ་རང་ཉིད་དགོས་པའི་ཉེན་ཁ་ཡང་འཕྲད་སྲིད།  ད་ལན་སྙན་དེབ་འདི་ནང་ཁོ་བོས་བྲིས་པའི་སྙན་རྩོམ་ཚང་མ་ཚུད་མེད་ལ།  མི་ཉུང་བ་ཞིག་ཤོག་ཐོག་ཏུ་གཟིམས་ནས་བསྡད་ཡོད་པས།  ཀློག་པ་པོ་ཚོའི་སྤྱན་སྔར་འབུལ་དགོས་མིན་རིམ་བཞིན་བལྟ་རྒྱུ་ཡིན།  འདི་ནི་ངན་ངོན་གྱི་འཚོ་བ་ལོངས་སུ་སྤྱད་དེ་དཔེ་ཧྲུལ་ཚོམ་གཅིག་གི་ཁོར་ཡུག་ནང་དུ་ལོ་མང་ཉལ་བའི་ཉམ་ཆུང་གྲྭ་རྐྱང་གི་ཁ་སྟབས་ལ་དཔག་པའི་མཆོད་སྤྲིན་གྱི་ཚོམ་ཆུང་ངུ་ཞིག་རྒྱ་ཆེའི་ཀློག་པ་པོའི་གཟིགས་ལམ་ལ་ཕུལ་བ་ཡིན་པས་ཐུགས་བརྩེ་བ་ཆེན་པོས་དགྱེས་གཟིགས་གནང་བའི་རེ་བ་དང་།  ལེགས་ཉེས་བླང་དོར་གྱི་བཀའ་སློབ་མི་ཉུང་བ་གནང་བར་མཁྱེན་མཁྱེན་ཞེས་རྩོམ་པ་པོས་༢༠༢༡ ལོའི་ཟླ་ ༠༡ཚེས་ ༠༤ ཉིན་བལ་པོའི་སྤྲིན་གྱི་མཁར་གྲོང་ནས་བྲིས།།  །།

113970cookie-checkབཀའ་རམས་པ་ཁྱུང་ཁྲི་ལྡེའི་རྩོམ་དེབ་གསར་པ་གཉིས་འགྲེམ་ཐོན་བྱུང་བ།
(སྤྱིའི་གཟིགས་གྲངས། 1,069 དེ་རིང་། 5)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        རྒ…
error: རྩོམ་འདི་བདག་དབང་ཅན་ཡིན།