ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པ་བྲུ་ཚང་ཡེ་ཤེས་རབ་གསལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཐོག་མ་«མཁའ་ལྡིང་གི་གཤོག་རླབས»ཞེས་པ་ལེགས་གྲུབ་བྱུང་བ།

 

སྲིང་ཞིང་འཇུམས་པའི་ལྡེམ་འཕྲུལ།

མཁའ་ལྡིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས«མཁའ་ལྡིང་གི་གཤོག་རླབས»ཀྱི་སྔོན་གླེང་།

རྒྱལ་ས་ཡམ་བུའི་ནང་ཁྲོམ་ཉུལ་འདྲ་བྱས་ན་གསེང་དབར་ལ་འཚིག་ཇ་ཁང་དུ་འཛུལ་ནས་ཚ་འབོག་ལྟ་བུ་ཞིག་རྒྱག་པ་ནི་བདག་ལ་གོམས་གཤིས་སུ་གྱུར།  ད་ཐེངས་ཀྱང་“ལིམ་ཇ་”ཚ་པོར་རོལ་གྱིན་ཁ་པར་ནང་གི་གླིང་ཁམས་བསྐོར་ཏེ་དགོས་པའི་ཤེས་ཡོན་དང་ལས་དོན་འདྲ་མཆིས་མིན་སྔོག་སྐབས་སུ་སྐད་འཕྲིན་ནང་རིག་པའི་གྲོགས་མཆེད་མཁའ་ལྡིང་གིས་བསྐུར་བའི་ངག་ཆ་ཞིག་འབྱོར།  དེ་ནི་མི་རིང་བར་ཁོང་གིས་དཔྱད་རྩོམ་ཕྱོགས་བསྒྲིགས་ཐོག་མ«མཁའ་ལྡིང་གི་གཤོག་རླབས»ཞེས་པ་ཞིག་འདོན་སྤེལ་བྱ་འཆར་ཡོད་པའི་འཕྲིན་བཟང་ཞིག་རེད།  འོན་ཀྱང་སྙན་པའི་གཏམ་བཟང་དེའི་གཞུག་སྣེ་ན་ལྕིགས་པར་དཀའ་བའི་ལས་ཁུར་ཞིག་ཀྱང་བཀལ་ཡོད་པ་ནི།  དེའི་ཀླད་ན་མཁོ་བའི་སྔོན་གླེང་ཞིག་འབྲི་དགོས་པར་བསྐུལ་འདུག  ང་རང་དེ་འདྲའི་འགོ་བརྗོད་འབྲི་བའི་ཚད་ཅིག་ལོན་མེད་ཀྱང་གྲོགས་ཁོང་གི་རེ་བ་དང་ཡིད་ཆེས་ལ་གཙིགས་མཐོང་མཚོན་ཕྱིར་དང་ལེན་བྱས་ཡོད།

དེ་ཡང་ཁོང་ནི་ཕ་བོན་གོང་མའི་ཤུལ་བཞག་གཤེན་ཞལ་གཙང་མ་གབ་མཛོད་ས་གསུམ་སོགས་བོན་གཞུང་ཟང་མར་ཐོས་བརྩོན་འབུང་ས་དང་།  གཤེན་གྱེར་རྨ་དབྱིལ་སོགས་མཁས་གྲུབ་རིམ་བྱོན་དག་གི་གསུང་འབུམ་ལ་ལུང་དང་རིག་པས་བློ་ངར་བརྡར་ཡུལ།  བཅུ་ཕྲག་རིག་པའི་གནས་ཐང་ཆེན་མོར་བློ་གྲོས་ཀྱི་བང་ཁ་འགྲན་ཡུལ་ཏེ།  གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་རྩོམ་ཞགས་ཀྱིས་དབྱངས་ཅན་བཟུང་།  དཔྱད་ཞིབ་ཀྱིས་མྱེས་ཁུངས་བཙལ།  རྔ་ཐོགས་ཀྱིས་གཤེན་འགྲོས་བསྒྱུར།  ཀི་བསྭོ་ཡིས་དཀར་ཕྱོགས་གསོལ།  ཧཱུྃཿཕཊཿཀྱིས་ནག་ཕྱོགས་བསྒྲལ།  ཁུ་ཡེ་ཡིས་ཕྱྭ་གཡང་བླན།  ཐེག་པ་ཡི་སྐྲས་རིམ་འཛེགས།  རླུང་སེམས་ལ་དབང་ཡང་འབྱོར།  བླ་མེད་ཀྱི་རྒྱལ་སར་སྙེག་པའི་སླད།    མདོར་ན་ཁྱོན་མི་ལོ་སྟོབས་འཁོར་བཅུ་གསུམ་གྱི་གྲངས་དང་མཉམ་པར་མཉམ་མེད་རྒྱལ་བའི་བཀའ་ལྟར་དབྱར་འཆད་རྩོད་དང་དགུན་བསྙེན་སྒྲུབ་ཀྱིས་བསྐྱལ་དགོས་པ་ནི་སྤྱི་མཚུངས་ལྟར་ལགས།

དེ་ལྟའི་ལོ་རྒྱུན་ཁོར་མོ་ཡུག་གི་ནང་མཁའ་ལྡིང་དང་བདག་སོགས་ནི་དཔོན་གསས་གཅིག་གི་སྐྱབས་འོག་ནས་དབང་ལུང་མཉམ་མནོས་དང་།  དྷིཿསྒྲ་གཅིག་གི་ཐལ་སྐད་ལས་འཆད་རར་མཉམ་འཚོགས།  རྡོ་རྔ་གཅིག་གི་ཏིང་སྒྲ་ལས་ཚོགས་སུ་མཉམ་འཛོམས།  གཤང་ཆེན་གཅིག་གི་སིལ་སྒྲ་ལས་གཤེན་དབྱངས་མཉམ་གྱེར།  བཅའ་ཡིག་གཅིག་གི་བོན་ཁྲིམས་ལས་སྒྲིག་ལམ་མཉམ་འཁུར་བགྱིས་པ་ཙམ་དུ་མ་ཟད།  སྨྱུག་ཁའི་འཁྱུག་འགྲོས་ཀྱི་གླེང་སྟེགས་ལ་ཆ་མཚོན་ནའང་དགོན་འདིའི་ལོ་དེབ་གཅིག་པུ་སྟེ«བགྲེས་པོའི་འབེལ་གཏམ»རྩོམ་སྒྲིག་ཁང་དུ་ལོ་མང་རིང་མཉམ་ལས་ཀྱིས་རྩོམ་ཡིག་འཐུ་སྒྲུག་དང་རྩོམ་སྒྲིག་གི་ལས་ཁུར་བསྐྱངས་པ་ཡིན།

ཉེ་བའི་ལོ་ཤས་ནང་དགོན་གླིང་འདི་ནས་རྩོམ་རིག་ལ་དགའ་ཞེན་ཆེ་བའི་སྨྱུག་ཐོགས་པ་གཞོན་སྐྱེས་དུ་མ་ཞིག་འབུས་དང་འབུད་བཞིན་པ་མ་ཚད།  ལ་རེས་སྔ་ཕྱིར་སྒེར་གྱི་སྙན་དེབ་དང་དཔྱད་དེབ་ཀྱང་བཏོན་དང་འདོན་བཞིན་པ་དག་ཀྱང་ངེད«བགྲེས་པོའི་འབེལ་གཏམ»ཚང་གིས་ལོ་མང་རིང་འབད་པ་ཆེན་པོས་རྩོམ་རིག་ཡར་སྐྱེད་ཆེད་དུ་རྩོམ་རྒྱུགས་ལེན་པ་དང་།  བདུན་རེར་བགྲོ་གླེང་སྐོང་བ།  དེ་བཞིན་ཐུགས་སྣང་ཅན་གྱི་རྩོམ་པ་པོ་གསར་པ་རྣམས་ཀྱི་རྩོམ་ཡིག་རྣམས་དགོས་དབང་གིས་ལོ་དེབ་ཏུ་འགོད་པ་སོགས་ཐབས་ལམ་སྣ་ཚོགས་ཀྱིས་སྐུལ་ལྕག་བཏང་བའི་འབྲས་བུ་ཞིག་ཀྱང་ལོས་ཡིན་སྙམ་གྱིན་ཡོད།  དེས་ན་མཁའ་ལྡིང་དང་ང་ཚོས་སྨྱུ་གུ་མཉམ་སྒུལ་དང་མཐེབ་གཞོང་མཉམ་གནོན་བགྱིས་པའི་ལོ་ངོ་འདི་དག་ལ་གཡུར་དུ་ཟ་བའི་འབྲས་བུའང་སྨིན་བཞིན་ཡོད་པ་ནི་དགའ་སྤོབས་སྐྱེ་དགོས་པའི་གནས་སུ་ཁུམས།

གང་ལྟར་ལོ་ངོ་འདི་དག་གི་རིང་ཕྲན་ལ་ཆ་རྒྱུས་མི་དམན་པ་ཞིག་མཆིས་པ་སྟེ།  རྩོམ་པ་པོ་མཁའ་ལྡིང་ནི་རྣམ་དཔྱོད་གསལ་ལ་ཤེས་རྒྱ་ཆེ་བ་ཞིག་རེད།  དེ་བས་ཁོང་ནི་རྩོམ་རིག་གི་སྨྱུག་རྩལ་བདེ་བ་དང་།  གཞུང་ལུགས་ལ་སྦྱངས་པ་ཟབ་པ།  ལོ་རྒྱུས་ལ་ཆ་རྒྱུས་ལེགས་པ་ཙམ་དུ་མ་ཟད།  ཐུན་མོང་རིག་པའི་གནས་ཀུན་ལའང་གོ་ལོ་དང་ཐོས་ལོ་ཙམ་མ་ཡིན་པར་དཔྱིས་མཐིལ་ཕྱིན་པར་སྦྱངས་ཡོད་པའང་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་འདི་ལས་ད་ལམ་ཁྱེད་རྣམ་པས་ཀྱང་ངེས་ཤེས་རྙེད་པར་འགྱུར་བའི་ཡིད་ཆེས་ཡོད།

མ་གཞི་དཔྱད་དེབ་འདིར་བཀོད་པའི་བརྗོད་བྱའི་ཐད་ལའང་རྩོམ་གྱི་རིགས་མ་འདྲ་བ་སྣ་ཚོགས་སུ་ཚང་ཡོད་པ་དག«རིག་གཞུང་ཁྱུང་གི་འཕུར་སྟབས།» «ལོ་རྒྱུས་ཁྱུང་ཆེན་གཤོག་ཟུང་།» «ཤེས་རིག་ཁྱུང་རུའི་གཟི་འོད»དང་གསུམ་གྱི་སྡེ་ཚན་དུ་བྱས་ཏེ་བཀོད་འདུག  དེ་དག་ནི་རྒྱུན་ལྡན་དགོས་མཁོ་ཆེ་ཡང་འོ་ཅག་མཐོ་དམན་བར་གསུམ་ཚང་མའི་མིག་བར་ནས་གྱར་ཞིང་སྟོར་བའམ་ཇི་མི་སྙམ་པར་ལུས་པའི་དོ་སྣང་ཆུང་རིགས་ཀྱི་གནད་དོན་མང་པོའི་ཐད་ལའང་ཞིབ་གླེང་དང་དཔྱད་ཟབ་ཀྱང་གནང་འདུག  

དེས་ན་དཔྱད་དེབ་འདི་ནི་ཁོང་གིས་གཞུང་ལུགས་གང་མང་བཀླགས་ཤིང་འཆད་པ་དང་།  དེ་དག་ལ་རྩོད་པའི་བདར་ཤ་ལན་མང་བཅད་པའི་འབྲས་བུ་ཁོ་ནར་ངེས་ཏེ།    རིག་པའི་གསེར་ཞུན་ཞིག་དང་ཅིས་ཀྱང་མཚུངས།  དེ་བས་དཔྱད་དེབ་འདི་ནི་སྣ་མང་ཤོག་བུའི་ཐང་ཆེན་རྣམས་བྲོ་ར་ཡངས་མོར་ཕྱེས་ཏེ་རྩོམ་རིག་སྨྱུ་གུའི་གར་ཆེན་བསྒྱུར་བའི་གླུ་དབྱངས་སུའང་ངེས་སྟབས།  འདི་ཉིད་ཀློག་པ་ནི་རོལ་ཚོགས་ཤིག་ལ་ཞུགས་པ་དང་ཅི་བས་འདྲ།    

མདོར་ན་དཔྱད་དེབ་འདི་ནི་མཁའ་དབྱིངས་གོང་མར་སྲིང་ཞིང་འཇུམས་པའི་མཁའ་ལྡིང་ཁྱུང་ཆེན་གྱིས་གཤོག་དྲུག་བསྒྱུར་བའི་ལྡེམ་འཕྲུལ་ཞིག་སྟེ།  འཕུར་རྩལ་འདི་ལ་བརྟེན་ནས་རང་གིས་ཀྱང་མཐོངས་ཡངས་ལྟ་གྲུབ་ཀྱི་ནམ་འཕང་གཅད་ཐུབ་པའི་ནུས་ཤུགས་ཀྱང་ལྡན།    དེ་ལྟ་བས་ན་དཔྱད་དེབ་འདི་ནི་བློ་གསར་དོན་གཉེར་ཅན་གྱི་ཀློག་པ་པོ་དག་ལ་ཉེ་བར་དགོས་ངེས་ཅན་གྱི་ལེགས་སྐྱེས་སོ་མ་ཞིག་ཏུའང་གྱུར་འདུག་སྙམ་པས།  དགྱེས་གཟིགས་གནང་རོགས་ཞུ་བ་དང་ཆབས་ཅིག་མ་འོངས་འབྱུང་འགྱུར་དུས་སུའང་རྩོམ་པ་པོ་མཁའ་ལྡིང་གིས་འདི་མཚུངས་ཀྱི་རྩོམ་དེབ་གང་མང་འདོན་སྤེལ་གནང་ཐུབ་པའི་རེ་སྨོན་ཡང་ཞུའོ།།      

ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས་ཕྱི་ལོ་༢༠༢༢    ༣ཉིན།

གནས་ཚུལ་དང་པར་རིས་མཐུན་སྦྱོར་བ་མཁའ་ལྡིང་།

(སྤྱིའི་གཟིགས་གྲངས། 1,803 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།