ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མན་ངག་རྫོང་འཕྲང་ལྟར་གཤེན་རབ་ཀྱི་འཁྲུངས་ཟླ་ངོས་འཛིན་ཚུལ།

མན་ངག་གནད་ཀྱི་རྫོང་འཕྲང་ལ་བརྟེན་ནས་སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཟླ་རྒྱལ་ཟླ་བའམ་ཧོར་ཟླ་བཅུ་གཉིས་པ་ཡིན་པར་ངེས་པ་རྙེད་པའི་ཚུལ་བཤད་པ་ཉུང་ངུ་རྣམ་གསལ།

མཁས་དབང་གངས་སེང་རིན་པོ་ཆེ།

སྤྱིར་དཔེ་ཆ་ཚིག་ཀློག་མང་དུ་བྱས་ཀྱང་གནད་འགག་ཅན་མཐོང་བ་ཉུང་ཙམ་ཡིན་པར་ཁོ་བོའི་ཉམས་མྱོང་ཐོག་ནས་ར་སྤྲོད་མང་དུ་བྱུང་། དེའི་སྐོར་འདིར་དཔེ་མཚོན་ཞིག་ཞུས་པ་ཡིན་ན། དེ་སྔོན་ཁོ་བོས་མན་ངག་གནད་ཀྱི་རྫོང་འཕྲང་ཐེངས་འགའ་ཤས་བཀླགས་ནའང་སྟོན་པའི་འཁྲུངས་ཟླའི་སྐོར་ཁ་གསལ་ལ་ཐེ་ཚོམ་གྱི་གནས་རྩ་བ་ནས་མེད་པའི་དུས་གཏན་ཁེལ་ཞིག་གསུངས་འདུག་ནའང་དོན་གཉེར་མ་བྱུང་། ཉེ་ཆར་དགེ་བཤེས་གླིང་ཞེས་པའི་དྲྭ་ཚོམས་ནང་དུ་སྟོན་པའི་འཁྲུངས་མཆོད་སྐོར་ལབ་གླེང་བྱུང་བར་བརྟེན་སྨན་རིའི་དགེ་བཤེས་སྦྱིན་པ་ཚེ་བརྟན་མཆོག་ནས་གསང་སྔགས་རྫོང་འཕྲང་ནང་ན་རྟ་པ་ཟླ་བ་དཔྱིད་ཟླ་ར་བར་བཞེད་ཚུལ་གསུངས་སོང་། དེར་བརྟེན་ཁོ་བོས་དེ་མ་ཐག་དཔེ་ཆ་དེ་རོབ་ཙམ་མིག་འགྲེམས་བྱས་པས་མན་ངག་གནད་ཀྱི་རྫོང་འཕྲང་ནང་དུ་སྟོན་པའི་འཁྲུངས་ཟླའི་སྐོར་གསལ་བར་བཤད་ནའང་དེའི་སྐོར་ལོ་མང་རིང་ལུང་དང་རིགས་པའི་བརྒལ་བརྟགས་མང་དུ་བྱས་པའི་བརྒྱུད་རིམ་ཁྲོད་ནས་རང་གཞན་སུས་ཀྱང་ལབ་གླེང་རྩ་བ་ནས་བྱས་མ་མྱོང་བའི་དཔེ་ཆ་དེ་རེད་འདུག གཡུང་དྲུང་བོན་གྱི་དཔེ་རྙིང་གི་ཁྲོད་དུ་དཔྱིད་ཟླ་ར་བར་འདོད་ཚུལ་མི་འདྲ་བ་འགའ་ཞིག་ཐོན་ཡོད་ནའང་སྟོན་པ་གཤེན་རབ་མི་བོའི་འཁྲུངས་མཆོད་དེ་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁའ་སོགས་སྔར་བྱུང་བོན་གཤེན་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་ཟླ་བའང་ཧོར་ཟླ་བཅུ་བཉིས་པ་ལ་ཞལ་བཞེས་གནང་གི་ཡོད་པ་མཁས་བླུན་སུས་བལྟས་ཀྱང་སོམ་ཉི་མི་དགོས་པའི་ཐོག་ནས་ཐག་གཅོད་བྱེད་ཐུབ་པའི་དཔང་རྟགས་རྡོ་རྗེའི་བྲག་རི་ཞིག་རྙེད་བྱུང་བས་དེ་ལ་བསམ་ནས་ཁོ་བོའི་སེམས་ཕུགས་ན་དགའ་བ་འབུམ་གྱིས་ཁེངས་སོང་།

དེའི་ཚུལ་ནི། ༼མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། BON DIALECTIC SCHOOL 2015 ཤོག་ངོས། ༨༨༽ ལས། “སྔགས་པས་དཔྱིད་ར་བ། རྒྱ་རྩིས་བས་འབྲིང་པོ། ཝ་ཉ་ཆོ་འཕྲུལ་ཆེན་པོ་རྟ་ཟླ།” ཞེས་པས་ཆོ་འཕྲུལ་ཆེན་པོ་རྟ་པ་ཟླ་བ་དེ་དཔྱིད་ཟླ་ར་བ་ཡིན་པར་བསྟན་ནས་དེ་རྒྱ་རྩིས་པས་དཔྱིད་ཟླ་འབྲིང་པོ་བཞེད་ཚུལ་གསུངས་པའི་ཤུགས་ལས་རྒྱལ་ཟླ་བ་དེ་རྒྱ་རྩིས་པས་དཔྱིད་ཟླ་ར་བར་འདོད་ཚུལ་བསྟན། འདིའི་རྒྱ་རྩིས་ཞེས་པ་དེ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་ཁྲི་རལ་པ་ཅན་གྱི་སྐབས་སུ་སྔ་ཕྱིར་རྒྱ་ནག་ནས་བོད་དུ་བསྒྱུར་བའི་རྩིས་ལ་གོ་རྒྱུ་མིན་པར་སྟོན་པ་གཤེན་རབ་མི་བོས་རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་ལ་བསྟན་པའི་འབྱུང་རྩིས་ལ་གོ་དགོས་པར་དཔེ་ཆ་འདི་༼མན་ངག་གནད་ཀྱི་རྫོང་འཕྲང་།༽བརྩམས་པའི་དུས་ལ་དཔྱད་ན་ཤེས་སོ།། ཡང་“སྔགས་པས་”ཞེས་པ་དེ་སྔགས་ལུགས་ཞིག་ལ་ངོས་འཛིན་དགོས་པ་འདུག་སྙམ་ན་ཡང་ད་ལྟའི་བར་རྟ་པ་ཟླ་བར་དཔྱིད་རར་བཤད་པའི་སྔགས་ཀྱི་རྒྱུད་སྡེ་གང་ཡང་མ་མཐོང་བས་ཁོ་བོ་ལ་ལྟོས་ན་དེའི་སྐོར་ལ་གནས་སྐབས་སུ་དཔྱད་གཞི་ཙམ་ལས་ངེས་བརྟན་ཡོད་པའི་ལབ་གླེང་ཅི་ཡང་མ་ཤེས་སོ།།

སྤྱིར་རྟ་པ་ཟླ་བ་དཔྱིད་རར་ངོས་འཛིན་གནང་བའི་དཔེ་ཆ་བཀའ་འགྱུར་ཁྲོད་དུ་ཀླུ་འབུམ་དང་འདུལ་བ་རྒྱུད་དྲུག་འདི་གཉིས་ཐོན་ཡོད་ཀྱང་དཔེ་ཆ་འདི་གཉིས་མདོ་གཞུང་མ་གཏོགས་སྔགས་དཔེ་ཡིན་པའི་ཚུལ་མི་འདུག་སྙམ། ད་དུང་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྐུ་ཡི་འཁྲུངས་ཟླ་རྟ་པ་ཟླ་བ་མ་ཡིན་པར་རྒྱལ་ཟླ་བ་ཡིན་པར་སྔ་རབས་བོན་གྱི་མཁས་པ་དུ་མས་གསུང་པའི་དཔེ་རྙིང་དུ་མ་ཞིག་ཐོན་ཡོད་པས་དེའི་ཚུལ་གཤམ་ནས་མཚམས་སྦྱོར་ཞུ་རྒྱུ་ཡིན། དཔེ་རྙིང་དེ་དག་གཞིར་བཞག་ཐོག་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེས་ལུང་དང་རིགས་པའི་སྒོ་ནས་བརྒལ་བརྟག་རྒྱ་ཆེར་གནང་ཡོད་པ་མ་ཟད། སྐར་རྩིས་ལུགས་ཀྱི་དྷྲུ་བ་ཡར་ལོག་ལ་བརྟེན་ནས་མངོན་སུམ་ཚད་མའི་ཡུལ་དུ་སྤྱན་བསྟར་མཛད་འདུག་པས་རང་རེ་བོན་ལུགས་འཛིན་པ་རྣམས་ཀྱིས་ངེས་པ་བརྟན་པོ་རྙེད་དགོས་པར་གལ་ཆེ། ད་ལན་འདིར་མན་ངག་གནད་ཀྱི་རྫོང་འཕྲང་ལས་བསྟན་པའི་སྟོན་པའི་འཁྲུངས་ཟླ་ངོས་འཛིན་ཚུལ་ཁ་གསལ་ལ་གོ་བདེ་བ་ལུང་རིགས་ཀྱི་བརྒལ་བརྟག་ནས་བཤར་མི་དགོས་པར་མཁས་བླུན་སུས་ཀྱང་མཐོང་བ་ཙམ་གྱིས་ངེས་ཤེས་གསལ་ཝ་ལེར་རྙེད་ཐུབ་པའི་སྔ་རབས་བོན་གཤེན་རྣམས་ཀྱི་གསུང་མོལ་གཅིག་ཏུ་སྒྲིལ་བའི་ཞལ་རླངས་དྲོད་མོ་ཞིག་དེ་སྔར་མཁས་པ་སུས་ཀྱང་མ་བཀྲལ་བར་ཟུར་དུ་སྦས་ནས་ཁོ་བོའི་བགོ་སྐལ་དུ་བཞག་པ་དེ་ད་ལན་དུས་ཐོག་གི་ཆར་པ་ལྟར་འཛམ་གླིང་མཁས་བླུན་ཀུན་གྱི་སྤྱན་བསྟར་དུ་འབུལ་རྒྱུ་ཡིན་པས་ཀུན་གྱི་ཐུགས་དགྱེས་པར་མཛོད་ཅིག །

དེ་ཡང་༼གོང་མཚུངས་མན་ངག་གནད་ཀྱི་རྫོང་འཕྲང། ཤོག་ངོས། ༨༩༽ ལས། “ཡང་ཁྱད་ནི། སྟོན་པ་གཤེན་རབ་སྐུ་འཁྲུངས་པའི་དུས་ཏེ། ལོ་ཤིང་ཕོ་བྱི་བ། ཟླ་བ་སྔགས་པས་རྒུན་ཐ་ཆུང་། རྒྱ་རྩིས་ཀྱིས་དཔྱིད་ར་བ། ཚེས་བཅོ་ལྔའོ། སྐར་མ་རྒྱལ། དུས་ཚོད་ནམ་ལངས་པའོ།” ཞེས་གསུང་པའི་དོན་ནི། གོང་ཞུས་ལྟར་རྟ་པ་ཟླ་བ་དེ་སྔགས་ལུགས་ལ་དཔྱིད་ཟླ་ར་བ་དང་རྒྱ་རྩིས་ལུགས་སུ་དཔྱིད་ཟླ་འབྲིང་པོར་དངོས་སུ་གསུངས་པར་བརྟེན་འདིར་སྔགས་པས་དགུན་ཐ་ཆུང་དང་རྒྱ་རྩིས་ཀྱིས་དཔྱིད་ར་བ་ཞེས་པ་དེ་རྒྱལ་ཟླ་བའམ་ཧོར་ཟླ་བཅུ་གཉིས་པ་ཡིན་པར་མངོན་སུམ་ཚད་གྲུབ་རེད་འདུག ཟླ་བ་འདིར་སྟོན་པ་སྐུ་འཁྲུངས་པར་དངོས་སུ་གསུང་པ་འདི་ནི་སོམ་ཉིའི་བྲག་རི་ཐ་དག་རྩད་ནས་གཏོར་བྱེད་ཀྱི་གནམ་ལྕགས་ཀྱི་ཐོག་རྒོད་དྲག་པོ་ཞིག་ཡིན་པར་མ་ཟད། རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་དངོས་སུ་མཇལ་མྱོང་ཡོད་པའི་སྟོན་པའི་མཛད་མདོ་འབྲིང་པོ་གཟེར་མིག་ལས་བཤད་པའི་སྟོན་པའི་འཁྲུངས་ཟླ་ངོས་བཟུང་ཚུལ་དང་གཉིས་སུ་མེད་པར་རེད་འདུག དེ་ཡང་༼མདོ་འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་གི་ལེའུ་བཅོ་བརྒྱད་པ། རྣམ་མཁྱེན་སྟོན་པ་གཤེན་རབ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། BON DIALECTIC SCHOOL 2013 ཤོག་ངོས། 42༽ ལས། “།གཤེགས་པའི་དུས་ཚོད་ཀྱང་འདི་ལགས་ཏེ། ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ། །དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་ནས་གཤེགས་པ་ནི། ནམ་ལངས་པའི་རྟིང་ལ་ཉི་ཤར་འོང་བ་དང་འདྲ་སྟེ། བདག་གཤེགས་པའི་རྟིང་ལ། སྐུ་ལས་སྤྲུལ་སྐུ་འབུམ་ཕྲག་མང་པོ་ཕྱུངས་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།།” ཞེས་དང་། མན་ངག་གནད་ཀྱི་རྫོང་འཕྲང་༼ཤོག་ངོས། ༧༽ལས། “དགོངས་ཚད་ལྔ་ནི། ལོ་ཡི་འགོ་བོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་དང་པོ་སྟག ཞག་གི་སྙིང་པོ་བཅོ་ལྔའོ། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་དགོངས་ནས་བྱོན་ཏེ།” ཞེས་དཔེ་ཆ་དེ་གཉིས་ཀྱིས་ཚིག་མང་ཉུང་མ་གཏོགས་སྟོན་པ་འཁྲུངས་པའི་དུས་ཚིགས་ལོ་དང་ཟླ་བ་ཚེས་དུས་ཚོད་སྐྱེས་སྐར་བཅས་གཅིག་མཚུངས་སུ་གསལ་པོར་བཤད་པ་དང་། སྐབས་དེར་གསུངས་པའི་དཔྱིད་ཟླ་ར་བ་ནི། གོང་དུ་༼མན་ངག་གནད་ཀྱི་རྫོང་འཕྲང་ལྟར།༽བཤད་པའི་རྒྱ་རྩིས་ཀྱིས་བསྟན་པའི་དཔྱིད་ཟླ་ར་བ་དེ་ཡིན་པའི་ཚུལ་ནི། དེ་ཉིད་༼གོང་མཚུངས་མདོ་གཟེར་མིག ཤོག་ངོས། ༤༢༠༽ལས། “མུ་ཁྱུད་བདལ་པའི་མཚོ་འགྲམ་དུ། གཞི་བཙལ་གནས་ཀྱི་ཕོ་བྲང་ནི། དཔྱིད་ཟླ་ར་བའི་བཅུ་བཞི་ལ། སྐར་མ་དབང་བསྒྱུར་ལག་དུས་སུ། ས་བཟུང་ཀུན་ཀ་དེ་རུ་འཚོགས། དེ་ལ་ཀོང་ཙེས་ལན་གསོལ་པ། གཏོ་བུ་འབུམ་སངས་མཁས་པའི་མཆོག ཤིན་ཏུ་རྩུབ་པའི་བཤའ་ལག་ལ། ཞི་རྒྱས་མཆོད་པ་ཅང་རུང་ངམ། དྲག་པོས་སྲིན་པོ་བསྒྲལ་བའི་དུས་ལགས་ན། གཏོ་བུའི་ཐུགས་ལ་འཁྲུལ་བ་ཅང་སྲིད་དམ། དེ་སྐད་ཅེས་ཀོང་ཙེས་གསོལ་པས། དེ་ལ་ཡང་གཏོ་བུས་གསུངས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། དབང་སྒྱུར་ལག་འདི་བསྔགས་པ་ཡིན། བཟང་ཡང་དབང་སྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོ་བཤའ་བ་ཡིན་ཏེ་ཟློས། ངན་ཀྱང་དབང་བསྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོར་བཤའ་བ་ཡིན་ཏེ་ཟློས། དེ་ཕྱིར་ལག་འདི་བཟང་ལ་ཡང་ཡང་ཟློས་ཏེ་འོང་བས་བསྔགས་པ་ཡིན། དེ་སྐད་ཅེས་གཏོ་བུས་གསུངས་པས་ཀུན་ཀྱང་རྟོག་པ་ཚིམ། དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད།” ཅེས་པས་རྒྱལ་ཟླ་དཔྱིད་ཟླ་ར་བར་གསལ་པོར་བསྟན་དེ། སྟོན་པས་དངོས་སུ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོར་བསྟན་པའི་འབྱུང་རྩིས་ལུགས་ལ་ཉ་སྐར་བཅུ་གཉིས་གསུང་པའི་སྐར་མ་དེ་དག་འགྱུར་ཟློག་མེད་པར་ཟླ་བ་རང་རང་གི་ཉ་སྟེ་ཚེས་བཅོ་ལྔ་ལ་ཁེལ་གྱི་ཡོད་པས་དཔེར་ན་རྟ་པ་ཟླ་བའི་ཚེས་བཅོ་ལྔ་ལ་ག་དུས་ཡིན་ན་སྐར་མ་རྟ་པའམ་མཆུ་ཡིན་པ་ལྟ་བུ་རེད།

དེ་བཞིན་གོང་བཤད་༼མདོ་གཟེར་མིག༽ དཔྱིད་རའི་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་ལ་བབས་པར་བཤད་པས་སྐར་མ་རྒྱལ་ཉ་སྐར་དུ་སོང་བའི་ཚེས་བཅོ་ལྔ་དེ་ནི། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་མ་གཏོགས་ཟླ་བ་གཞན་གྱི་ཉ་དེ་འདྲར་མི་འབྱུང་བ་ནི། ལུགས་རྙིང་རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱི་བཞེད་ཡིན་པ་དང་། ནམ་རྒྱུན་རྒྱལ་ཟླའི་ཚེས་བཅོ་ལྔའི་གནམ་སྐར་ལ་བལྟས་ན་སྐར་མ་རྒྱལ་རང་མ་གཏོགས་གཞན་མི་འབྱུང་བ་ནི་ཞིང་པ་རྒད་པོ་རྣམས་ཀྱི་མངོན་སུམ་ཚད་གྲུབ་ཡིན་པས་སོམ་ཉི་མེད་པ་ཞིག་རེད། མཁས་མཆོག་སྒ་སྟོན་ཀྱིས་ཀྱང་༼བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག མཛད་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། འཁྲུངས་ལོ། སྤྱི་ལོ། ༡༢༣༧ སི་ཁྲོན་དཔེ་སྐྲུན་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༨༡༽“རྒྱལ་ཉ་ར་བར་འདོད་པ་མདོ་སོགས་ཀྱིས་བཞེད་དོ།།” ཞེས་པའི་མདོ་དེ་མདོ་གཟེར་མིག་ལ་དགོངས་པར་མངོན་ནོ། །གསང་སྔགས་གནད་ཀྱི་རྫོང་འཕྲང་ལས་གསུང་པའི་རྒྱ་རྩིས་དང་མདོ་གཟེར་མིག་གཉིས་ཧ་ཅང་གི་འབྲེལ་བ་དམ་པོ་ཞིག་ཡོད་དེ། སྟོན་པས་དེ་གཉིས་ཀ་བསྟན་སའི་སྣོད་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཡིན་པས་སོ། །སྟོན་པས་ཀོང་ཙེ་འཕྲུལ་རྒྱལ་དང་ཀོང་ཚ་འཕྲུལ་བུ་ཆུང་གཉིས་ལ་བསྟན་པའི་རྩིས་རིགས་དེ་ལ་འབྱུང་རྩིས་སམ་ནག་རྩིས་ཞེས་བརྗོད། རྒྱ་གར་དུས་འཁོར་ལུགས་ཀྱི་གྲུབ་རྩིས་དང་མུ་སྟེགས་བྱེད་པའི་རྩིས་གཉིས་ཀྱིས་འབྱུང་རྩིས་ལས་ཀྱང་ཞིབ་ཕྲ་ཡིན་ཚུལ་བཤད་སྟངས་ཡོད་ཀྱང་སྐབས་འགར་གནམ་སྐར་ལ་བལྟས་ན་ཏག་ཏག་མ་བྱུང་པའང་མཐོང་རྒྱུ་ཡོད་པས་ཧ་ཅང་གི་ངེས་བརྟན་ཡོད་པ་ཞིག་དང་ཡིད་ཆེས་བྱེད་ཆོག་ཆོག་ཅིག་མེད།

མདོར་ན་མན་ངག་གནད་ཀྱི་རྫོང་འཕྲང་ལས་བསྟན་པའི་རྒྱ་རྩིས་དང་མདོ་གཟེར་མིག་གཉིས་ཀྱིས་དཔྱིད་ར་ངོས་བཟུང་ཚུལ་དང་སྟོན་པའི་འཁྲུངས་ཟླ་ངོས་བཟུང་ཚུལ་གཉིས་ཆུ་ལ་ཆུ་བླུགས་ལྟར་གྱུར་འདུག་པས་གཡུང་དྲུང་བོན་ལུགས་འཛིན་པ་ཀུན་གྱིས་ཡ་ཡོ་ཀྱག་ཀྱོག་མེད་པར་སྟོན་པའི་འཁྲུངས་མཆོད་དེ་མན་ངག་གནད་ཀྱི་རྫོང་འཕྲང་ལས་དངོས་སུ་ཞལ་གསལ་གསུངས་པ་དེ་འཛིན་ཐུབ་ན་སྟོང་རྒྱུང་མཐུ་ཆེན་དང་དྲན་པ་ནམ་མཁའ་སོགས་བོན་གཤེན་རིག་འཛིན་རྣམས་ཀྱི་དགོངས་པ་གཅིག་མཚུངས་ཡིན་ཙང་རང་རེ་རྣམས་ཀྱིས་ཀྱང་ཁོང་རྣམ་པའི་རྗེས་སུ་འབྲེང་ཐུབ་ན་སྐལ་པ་ཤིན་ཏུ་བཟང་ངོ་། ཁོང་རྣམ་པས་ཀྱང་སྟོན་པའི་བཀའ་དང་མི་མཐུན་པའི་བཀལ་མོལ་ཞིག་གསུང་མི་སྲིད་པ་རེད་དོ། །

ད་དུང་རྒྱལ་ཟླ་བ་ལ་དཔྱིད་རར་ངོས་བཟུང་གནང་བའི་མཛོད་སྒྲ་འགྲེལ་༼བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཞང་ཞུང་དྲན་པ་ནམ་མཁའ། གྲི་གུམ་བཙན་པོའི་སྐུ་དུས་སུ་འཚོ་བཞུགས་གནང་། Published by. Geshe M.T. Namdak Tsukphud ཤོས་ངོས། ༢༢༩༽ལས། “དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། །སྐར་མ་རྒྱལ་ལ་ཚེས་སོ། །ནམ་ཟླ་དཔྱིད་ཟླ་ར་བའོ། །དེ་བཞིན་དུ་འབྲིང་པོ་ཡོས་བུ་སྟ་ཡིས་ཚེས། ཐ་ཆུང་འབྲུག་སྟེ་བྱ་ཡིས་ཚེས་སོ།” ཞེས་པ་དེ་ཡང་མདོ་གཟེར་མིག་གི་དགོངས་པ་བཤའ་མ་ཡིན་པར་ཆེས་གསལ། ཁ་ཅིག་གིས་དྲང་དོན་མུན་སེལ་སྒྲོན་མའི་ལུང་དུམ་འདི་༼སྟོན་པ་འཁྲུངས་དུས། ཟླ་བ་རྟ་པ་དང་སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ།༽ཤི་འཐམས་རོ་འཐམས་བྱས་ནས་མཐའ་གཅིག་ཏུ་རྟ་པ་ཟླ་བ་སྟོན་པའི་འཁྲུངས་ཟླ་ཡིན་དགོས་ཟེར་འདུག་ཀྱང་། ལུང་དུམ་འདི་ལ་ངེས་པར་དཔྱད་ན་ཚིག་ཟིན་ལྟར་ཚིག་སྔ་ཕྱི་ལ་ནང་འགལ་སོང་བ་ཞིག་རེད། ནང་འགལ་སོང་བའི་ཚུལ་ནི། རྟ་པ་ཟླ་བ་ཡིན་ན་དེའི་ཚེས་བཅོ་ལྔ་ལ་སྐར་མ་རྟ་པ་ཁེལ་བ་མ་གཏོགས་རྒྱལ་འབྱུང་མི་སྲིད་པ་གང་ཞིག ལུང་དེའི་ཚིག་ཟིན་ལ་སྐར་མ་རྒྱལ་བཤད་པའི་ཕྱིར། ཁོ་ན་རེ། འབྱུང་རྩིས་ལུགས་ལ་དེ་ལྟར་ཡིན་ནའང་སྐར་རྩིས་ལུགས་ལ་རག་པ་རྟ་པ་དང་ཞིབ་པ་རྒྱལ་ཡོང་སྲིད་ཟེར། སྐར་རྩིས་ལུགས་ལའང་སྐབས་དེའི་རྟ་པ་ཟླ་བ་ལ་སྐར་མ་མཆུའམ་རྟ་པ་ཁེལ་བ་མ་གཏོགས་རྒྱལ་མ་ཁེལ་བའི་ཚུལ་ནི། ཁྱུང་སྤྲུལ་རིན་པོ་ཆེས་ཧོར་ཟླ་དང་པོ་སྟོན་པའི་འཁྲུངས་ཟླ་གཞིར་བཞག་ཐོག་དྷྲུ་བ་ཡར་ལོག་གི་ལྔ་བསྡུས་བྱས་པ་ལས་གསལ་བའི་ཕྱིར་ཏེ། ༼དཔྱད་གསུམ་དག་རྩིས་བསྐལ་སྲིད་དུས་ཀྱི་འཁོར་ལོ་ལས་ཞག་གསུམ་རྩིས་གཞུང་ནམ་མཁའི་གཏེར་མཛོད༽ དཔེ་ཆ། འཕྲུལ་དཔར་ཅན། ཤོག་ངོས། ༡༡༣༽ལས། “ལོ་རྒྱལ་འབྱུང་ལྡན་དང་པོ་ཤིང་བྱི་ཡི། དཔྱིད་ར་མེ་སྟག་ཟླ་བའི་ཚེས་བཅོ་ལྔར། ཉིན་ཞག་རེས་བཟའ་ལྷ་ཡི་བླ་མ་སྟེ། ༥-༠-༠-༠-༠ ཟླ་སྐར་རྟ་པ་༩-༣༩-༥༦-༢-༡༦༠༥-༨༠༡༩ ཉི་སྐར་མོན་དྲེ་དང་། ༢༢-༤༦-༡-༤-༣༡༩-༦༨༢༩” ཞེས་གསུངས་པའི་ཕྱིར། དེས་ན་དྲང་དོན་གྱི་ལུང་དེ་ཡིག་ནོར་ཡིན་པར་ཧ་ཅང་གསལ་ཏེ། དག་པོ་དྲན་པ་ནམ་མཁས་སྔར་བྱུང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་ཁོད་སྤུངས་དྲན་པ་སོགས་བོན་གཤེན་རིག་འཛིན་གང་ལའང་་མི་མཐུན་པའི་སྟོན་པའི་འཁྲུངས་ཟླ་ཞིག་གསུངས་མི་སྲིད་པའི་ཕྱིར་རོ།།

ཁ་ཅིག་ན་རེ། ཀླུ་འབུམ་དང་འདུལ་བ་རྒྱུད་དྲུག་གཉིས་ཀྱིས་དཔྱིད་ཟླ་ར་བ་རྟ་ཟླ་ལ་ངོས་བཟུང་གསལ་པོར་གནང་འདུག་པས་དེའི་ཕྱིར་སྟོན་པའི་འཁྲུངས་ཟླ་དེ་ཡིན་དགོས་ཏེ། དེ་གཉིས་སངས་རྒྱས་ཀྱི་བཀའ་ཡིན་པའི་ཕྱིར་ཟེར། འོ་ན་དབོ་ཟླ་བའམ་ཧོར་ཟླ་གཉིས་པ་དེ་ཡང་སྟོན་པའི་འཁྲུངས་ཟླ་ཡིན་པར་ཐལ། དེ་དཔྱིད་ཟླ་ར་བ་ངོས་བཟུང་གསལ་པོར་ཡོད་པའི་ཕྱིར་ཏེ། ༼གངས་ཏི་སེ་བོན་གཞུང་རིག་མཛོད། དེབ་ལྔ་བ། གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས། ༡༩༽ལས། རྩི་ཤིང་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ། བྱ་དང་ས་ག་ལག་སོར་ནམ་ཚོད་འཛིན། ཞེས་དང་། རྒུན་ཟླ་གསུམ་ནི་ས་འཁྱག་ཆུ་འཁྱག་དུས། མགོ་རྒྱལ་རྟ་དང་གསུམ་གྱིས་ནམ་སྐྱེལ་དུས། ཞེས་གསུང་པ་གང་ཞིག་དེ་ཡང་སངས་རྒྱས་ཀྱི་བཀའ་ཡིན་པའི་ཕྱིར། ཁྱབ་པ་འགྲིགས། དེས་ན་གཡུང་དྲུང་བོན་གྱི་ལུགས་ལ་རྒྱལ་བའི་བཀའ་ལས་ཟླ་བ་གང་ཞིག་དཔྱིད་ར་བ་ངོས་བཟུང་ཡོད་པ་ཙམ་གྱིས་སྟོན་པའི་འཁྲུངས་ཟླ་ཡིན་པའི་ངེས་པ་མེད་པ་དེས་རྟོགས་སོ།།

ཀླུ་འབུམ་དང་འདུལ་བ་རྒྱུད་དྲུག་གཉིས་ཀྱིས་རྟ་ཟླར་ཉ་སྐར་དང་སྦྱར་ནས་དཔྱིད་ཟླ་ར་བ་ངོས་བཟུང་གསལ་པོར་གནང་ཡོད་ཀྱང་དེ་སྟོན་པའི་འཁྲུངས་ཟླ་དང་འབྲེལ་བ་ཡོད་པའི་ཚུལ་ཚིག་ཟུར་ཙམ་ཡང་གསུང་མེད། དཔེར་ན་གསོ་རིག་འབུམ་བཞིས་དབོ་ཟླ་དཔྱིད་ཟླ་ར་བར་ངོས་བཟུང་གསལ་པོར་གནང་ཡོད་ཀྱང་དེ་སྟོན་པའི་འཁྲུངས་ཟླ་དང་འབྲེལ་བ་ཡོད་ཚུལ་ཚིག་ཟུར་ཙམ་ཡང་གསུང་མེད་པས་དེ་ལྟ་བུ་རེད། དེས་ན་གོང་དུ་༼མན་ངག་གནད་ཀྱི་རྫོང་འཕྲང་ལྟར།༽བཤད་པའི་སྟོན་པའི་འཁྲུངས་ཟླ་དེ་སྔར་གྲི་གུམ་བཙན་པོའི་དུས་ནས་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་སོགས་བོན་གཤེན་རིག་འཛིན་རྣམས་ཀྱིས་མདོ་གཟེར་མིག་གི་དགོངས་པ་ཕྱིན་ཅི་མ་ལོག་པའི་དོན་གཏན་ལ་ཕབས་པ་ཞིག་ཡིན་པར་སོམ་ཉི་དང་བྲལ་བ་ཞིག་རེད། ཁ་ཅིག་གིས་ལོ་གཅིག་ལ་དཔྱིད་ཟླ་ར་བ་གཅིག་མ་གཏོགས་འབྱུང་མི་སྲིད་པར་བསམ་མཁན་འདུག་ཀྱང་། དཔྱིད་ཟླ་ར་བ་ཞེས་པ་དེ་ནམ་ཟླའི་དྲོད་མགོ་འཛུག་པའི་དུས་ལ་འཇོག་དགོས་པས་གནམ་གཤིས་དྲོ་གྲང་མི་འདྲ་བའི་དབང་གིས་ལུང་པ་དང་ཡུལ་ཕྱོགས་ཀྱང་དེ་བཞིན་དཔྱིད་ཀྱི་དྲོད་མགོ་ཡོང་ཚུལ་མི་འདྲ་བ་འབྱུང་བ་ཡིན་པས་དེ་ལ་ལྟོས་ན་དཔྱིད་ཟླ་ར་བ་ངོས་བཟུང་མི་འདྲ་བ་བྱུང་བར་འགལ་བ་གང་ཡང་མེད། དཔེར་ན་རྒྱལ་ཟླ་བ་འདི་ཞིང་པས་སོ་ནམ་ལོ་སར་དང་འབྲོག་པས་བེའུ་ལུག་ལོ་སར་ཞེས་བརྗོད་ཀྱིན་ཡོད། དེའི་རྒྱུ་མཚན་ནི། ཟླ་བ་འདིར་ཞིང་པ་རྣམས་ཀྱིས་ཞིང་རྨོ་མགོ་རྩོམ་པ་དང་། འབྲོག་པ་རྣམས་ཀྱིས་ཕྱུགས་བེའུ་ལུག་སྐྱེ་བསུའི་བྱ་བ་མགོ་འཛུགས་བྱེད་པས་སོ།། བྱས་ཙང་། ཟླ་འདིའི་ནང་བོད་ས་ཡོངས་རྫོགས་མིན་ནའང་ལུང་ཕྱོགས་མང་པོ་ཞིག་ལ་དྲོད་མགོ་ཚུགས་པ་ཙམ་མ་ཟད་དྲོད་གང་འཚམས་བསླེབསབསྡད་པ་ཧ་ཅང་གསལ་པོ་རེད། གོང་གི་མན་ངག་གནད་ཀྱི་རྫོང་འཕྲང་ཞེས་པ་འདི་ནི། མང་མཁར་གསང་བའི་བོན་ཕུགས་ན་ཞང་ཞུང་དང་བོད། རྒྱ་དཀར་ནག ཕྲོམ་དང་སྟག་གཟིག ཁ་ཆེ་དང་བྲུ་ཤ། ཨུ་རྒྱན་དང་ཐོ་གར་སོགས་ཀྱི་བོན་གཤེན་རིག་འཛིན་རྣམས་ལྷན་ཅིག་ཏུ་འཚོགས་ནས་ཐུགས་གྲོས་གནང་ནས་བརྩམས་པ་ཞིག་ཡིན་འདུག ༼གོང་མཚུངས་མན་ངག་གནད་ཀྱི་རྫོང་འཕྲང་། ཤོག་ངོས། ༡ ལས་གསལ།༽ སྐབས་དེར་བོན་གཤེན་གཙོ་བོའི་གྲལ་གང་ཡོད་ཞེ་ན། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། ཁོད་སྤུངས་དྲན་པ་ནམ་མཁའ། སྟག་གཟིག་གི་གཤེན་པོ་ལི་མུར་གཙུག་ཕུད། ༼མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། BON DIALECTIC SCHOOL 2015 ཤོག་ངོས། ༡༨༦-༡༨༧ ལས་གསལ།༽ ཞང་ཞུང་ཧྲིས་པ་གྱེར་ཆེན། ཨོ་རྒྱན་གཤེན་པོ་བདེ་བ་འོད་ལྡན། བྲུ་ཤའི་གཤེན་པོ་ས་ཏྲི་༼གསང་སྔགས་གནད་ཀྱི་རྫོང་འཕྲང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། BON DIALECTIC SCHOOL 2015ཤོག་ངོས། ༡༩༣ ལས་གསལ།༽ སོགས་ཡོད་པར་བཤད།

སྤྱིར་མན་ངག་གནད་ཀྱི་རྫོང་འཕྲང་དང་གསང་སྔགས་གནད་ཀྱི་རྫོང་འཕྲང་འདི་གཉིས་རྒྱས་བསྡུས་མ་གཏོགས་སྤྱི་ཁོག་གཅིག་ཡིན་པ་དང་། མཛད་པའི་གནས་དང་། མཛད་པ་པོ། མཛད་པའི་དུས་བཅས་གཅིག་ཡིན་པར་སེམས། སྔ་རབས་བོད་ཀྱི་ལོ་སར་ཡང་རྒྱལ་ཟླ་ལ་གནང་བའི་ཚུལ་ནི། རྩ་རྒྱུད་ཉི་ཟེར་སྒྲོན་༼སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ། བྲ་བོ་སྒོམ་ཉག་གྱིས་གཏེར་ནས་བཏོན། དུས་རབས། ༡༢ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། BON DIALECTIC SCHOOL 2013 ཤོག་ངོས། ༡༩༣༽ལས། སྦྲུལ་ལོའི་ལོ་གསར་རྒྱལ་ཉའི་ནུབ་མོ་ལ། མཁའ་འགྲོ་མ་ལུས་རིད་པ། གཅེར་བུ་རུས་པའི་རྒྱན་ཅན་གཅིག་གིས། བསེ་ཡི་སྒྲོམ་བུ་གཅིག་ལ་ཉི་ཟླའི་རིས་བྱས་པ། གཡུ་དམར་གྱི་འབུར་བ་ཅིག་གཏད་པའི་ནང་ནས། གཏིང་ཟློག་མ་བུ་ཚང་པ་བྱུང། ཁྱོད་ཀྱིས་གཅིག་རྒྱུད་དུ་ཟུང་ཅིག་བུ་ལ་བྱིན། བུ་དེས་གཞན་ལ་དཀོན་དཀོན་སྤེལ། གསུམ་ལ་སྤེལ་པའི་བཀའ་རྒྱ་ཁྲོལ། དེ་སྐད་གསུངས་ནས་མི་སྣང་ངོ་།། ཞེས་གསུངས།

གླེང་གཞི་བསྟན་པའི་བྱུང་ཁུངས་༼རྩོམ་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། རྩོམ་ལོ། ༡༣༡༩ གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༣༧༩༽ལས། དེ་ནས་བླ་ན་མེད་པའི་ས་ནོན་ནས་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་ཏེ། དགོངས་ཚད་རྣམ་པ་ལྔ་དང་ལྡན་ནས། ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ། སྐར་མ་རྒྱལ། དུས་ཚོད་ནམ་ལངས་པ་ལ་འཁྲུངས་པས། ལོ་གསར་དཔྱིད་ཟླ་ར་བ་རྒྱལ་གྱི་ཉ་ལ་བྱེད་པའི་གཏན་ཚིགས་ཀྱང་དེའོ། །ཞེས་པ་དེས་ཀྱང་སྟོན་པ་རྒྱལ་ཟླ་ལ་འཁྲུངས་པར་བཤད་ནས་དེ་ལོ་སར་བྱེད་པའི་གཏན་ཚིགས་སུ་གསུངས། སྔར་ནས་ད་ལྟའི་བར་སྟོན་པའི་འཁྲུངས་མཆོད་ཀྱང་ཟླ་བ་འདི་ལ་སྲུང་བརྩི་བྱས་དང་བྱེད་བཞིན་པའི་ཚུལ་ནི། ༼ཕྱི་ལིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས།༢༣༩༽ “བདུན་༼བདུད་༽སྲིན་བྲེས་སུ་བཀོར་༼བྲན་དུ་བཀོལ་༽བའི་མཆོག་སྤྲུལ་བཀྲ་ཤིས་རྒྱལ་ མཚན་ཞེས་བྱ་བའི་སྡེན་༼གདན་༽ས། ཡོངས་དགོན་བསམ་རྟེན་༼གཏན་༽གླིང་གི་དགུ་སྟོར་༼གཏོར་༽ཆེན་མོ་བཞུགས། ཧོར་ཟླ་བཅུ་གཉིས་པ་གཤེན་རབ་འཁྲུངས་མཆོད།” ཅེས་གསུངས། ཧི་མ་ལ་ཡི་རི་བརྒྱུད་དུ་གནས་པའི་བལ་ཡུལ་གྱི་བོན་གྱི་དགོན་སྡེ་ཡོད་དོ་ཅོག་གིས་གཤེན་རབ་གྱི་འཁྲུངས་མཆོད་ཧོར་ཟླ་བཅུ་གཉིས་པར་གནང་བ་དང་། དེ་ཡང་ཐོག་མར་མགོ་འཛུགས་ཀྱི་དུས་སྐབས་འདི་དུས་ཤེས་བཤད་དུ་མེད་ནའང་དུས་ཡུན་རིང་པོའི་གོང་ནས་གཤེན་རབ་ཀྱི་འཁྲུངས་མཆོད་སྲུང་བརྩི་བྱས་པའི་ཚུལ་ཁོང་ཚོའི་ལུང་པའི་རྒན་རབས་རྣམས་ཀྱིན་གསུང་བཞིན་འདུག

དེ་བཞིན་གཤེན་དར་སྡིངས་གསེར་སྒོའི་གཙུག་ལག་ཁང་༼སྤྱི་ལོ། ༡༡༧༣༽ཕྱག་བཏབ་མཛད་པོ་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱི་དུས་སུ་ནས་གཤེན་རབ་ཀྱི་འཁྲུངས་མཆོད་ལོ་བསྟར་ཟླ་བ་འདི་ལ་སྲུང་བརྩི་ཞུ་བཞིན་པའི་ཚུལ་ནི། ༼དམུ་རིགས་གཤེན་གྱི་བསྟན་འབྱུང་། གཙོ་འགན་པ། གཤེན་སྲས་ནོར་བུ་དབང་རྒྱལ། རྩོམ་བསྒྲིགས་བགྱིས་པ་པོ། གཤེན་བཙུན་ཉི་མ་འོད་ཟེར། དཔེ་སྐྲུན། ཞང་ཞུང་རིག་གནས་ཚོགས་པ། ༢༠༡༠ལོའི་ཟླ་༡༠པར་དཔར་ཐེངས་དང་པོ་དཔར། ཤོག་ངོས། ༢༣༦ གཤེན་ཡེ་ཤེས་བློ་གྲོས་ཀྱི་རྣམ་ཐར།༽ལས། “དེ་བཞིན་གཤེན་རབ་འཁྲུངས་མཆོད་དང་། དགུ་གཏོར། གསོ་སྦྱོངས། ཨ་མ་ར་ཡའི་སྒྲུབ་ཆེན། དམ་ཅན་སྲུང་མའི་བསང་གསོལ་ཁ། རྒྱུན་གྱི་གཏོར་མ་བཅས་མ་ཆགས་པར་མཛད་པའི་དབུ་འཛུགས་གནང་ཞིང་།” ཞེས་དང་། ༼གོང་མཚུངས་དམུ་རིགས་གཤེན་གྱི་བསྟན་འབྱུང་། ཤོག་ངོས། ༤༣༦༽ལས། “དེ་བཞིན་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གཤེན་རབ་འཁྲུངས་མཆོད་ལ་སེག་གཅོད་འཆམ་ཞིང་བླ་གྲྭ་ཚང་མ་གླིང་བསྐོར་དུ་སེར་ཕྲེང་ལ་ཕེབས་པ་དང་།” ཞེས་དང་། ༼གཤེན་གྱི་རྩིས་རྣམ་དག་ལས། སྔོན་འགྲོའི་ལེའུ་བློ་མུན་སེལ་བའི་འོད་སྣང་། མཛད་པ་པོ། གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན། རྩོམ་ལོ། སྤྱི་ལོ། ༡༨༠༣ དཔེ་ཆ་ལག་བྲིས། ཤོག་ངོས། ༤༽ལས།

“ནག་རྩིས་པ་ནི་ཕལ་ཆེར་དང་། །འཁྲུལ་བྲལ་གཟེར་མིག་མདོ་སོགས་དང་། །ཧོར་ལུགས་ཁུངས་གཙང་སོགས་མཐུན་པར། །རྒྱལ་གྱི་ཟླ་བ་དཔྱིད་རར་འདོད། །ཟླ་བའི་འགོ་ནི་དཔྱིད་ར་སྟག །ཞག་གི་འགོ་ནི་ཚེས་པ་གཅིག །དུས་ཚོད་འགོ་ནི་ནམ་ལངས་ཡོས། །རྒྱལ་ཟླ་སྟག་ལ་རྟ་ཟླ་ཡོས། །དེ་བཞིན་འབྲུག་སྦྲུལ་རྟ་ལུག་སོགས། །ཟླ་བ་བཅུ་གཉིས་སྦྱར་ལ་བརྩི།” ཞེས་དང་། ༼གཤེན་གྱི་རྩིས་གསར་རྣམ་དག་ལས། གཏན་ལེའི་ཤོག་ཁྲ་སྣང་བྱེད་འོད་ཀྱི་དཀྱིལ་འཁོར། མཛད་པ་པོ། གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན། རྩོམ་ལོ། སྤྱི་ལོ། ༡༨༠༣ དཔེ་ཆ་ལག་བྲིས། ཤོག་ངོས། ༣༩༥༽ལས། “ཞང་ཞུང་པ་དང་རྒྱ་ནག་པའི་ལུགས་དང་། ནག་རྩིས་ཕལ་ཆེར་དང་། མདོ་གཟེར་མིག་སོགས་ཀྱི་ཟླ་འགོ་དཔྱིད་ར་སྟག་གི་ཟླ་བ་འཁྲུལ་མེད། ཧོར་ཟླ་བཅུ་གཉིས་པ།” ཞེས་དང་། “བཅོ་ལྔའི་ནམ་ལངས་ལ་བསྟན་པའི་གཙོ་བོ་སྐུ་བལྟམས་པའི་དུས།” །ཞེས་རྒྱལ་བ་གཤེན་གྱི་རིགས་ལུགས་དྲི་མ་མེད་པ་འཛིན་པའི་མཚུངས་མེད་གཤེན་གྱི་བླ་བརྒྱུད་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་ནས་བཟུང་ད་ལྟའི་གཤེན་རབ་མི་བོའི་སྐུ་ཤ་རློན་པ་གཤེན་སྲས་ནོར་བུ་དབང་རྒྱལ་ཡབ་སྲས་གསུམ་གྱི་བར་ཀུན་གྱི་ཕྱག་ལེན་འཁྲུལ་བ་མེད་པ་གཤེན་རབ་ཀྱི་འཁྲུངས་མཆོད་རྒྱལ་ཟླ་ལ་གནང་བ་ནི། རྒྱབ་ལྗོངས་ལོ་རྒྱུས་ཀྱི་ཁུངས་བཙན་ཞིང་རྒྱུན་རིང་བ་ངོ་མཚར་ཕུན་སུམ་འཚོགས་པའི་རིགས་ལུགས་བླ་ན་མ་མཆིས་པ་ཞིག་གོ།

སྤྱི་ལོ་༡༧༧༠ལོར་སྐུ་བལྟམས་པའི་མདོ་སྨད་ཀྱི་མཁས་གྲུབ་ཆེན་པོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་སྔར་བྱུང་བོན་གཤེན་རིག་འཛིན་རྣམས་ཀྱི་ཞལ་བཞེས་གནང་བ་ཇི་བཞིན་སྟོན་པའི་འཁྲུངས་ཟླ་ཡང་རྒྱལ་ཟླ་ལ་བཞེད་པའི་ཚུལ་ནི། ༼བསྟན་འགྱུར། པོད། ༤༡ ལྷ་ས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ། ༡༩༩༨ བསླབ་གསུམ་བསྟན་པའི་རྐང་འཛིན་དམ་པ་སྐྱང་སྤྲུལ་ཆེན་པོ་ནམ་མཁའ་རྒྱལ་མཚན་གྱིས་ཡོངས་ལ་སྨན་པའི་ཞལ་གདམས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས། ཐོག་མར་དགེ་སྡིག་འགྱུར་རྩིས་གསལ་བྱེད་འཁྲུལ་གྱི་ལྡེ་མིག ཤོག་ངོས། ༧༠༡༽ལས། “ཧོར་ཟླ་བཅུ་གཉིས་པ་ཡི་ཉ་འདི་ལ། རྒྱལ་བ་སྐུ་བལྟམས་ཨུ་དུམ་ཝར་བཞད་པ། ཆོས་ཀྱི་ལུགས་ལ་དེ་ལྟར་མི་འདོད་མོད། འོ་ཅག་བོན་གྱི་དེ་བཞིན་ཡིན་པར་ངེས།” ཞེས་དང་། “ཡང་ཁྱད་འགྱུར་གྱི་སངས་རྒྱས་འཁྲུངས་འདས་ནི། ཤིང་ཕོ་བྱི་བ་སྟག་ཟླའི་བཅོ་ལྔ་ཡི། སྐར་མ་རྒྱལ་གྱི་རུ་གོང་ནམ་ལངས་དུས། སྟོན་པ་གཤེན་རབ་མི་བོ་འཁྲུངས་པ་སྟེ། དེ་ལ་སྟག་ཟླའི་ངོས་འཛིན་མི་མཐུན་པ། ཡོད་ཀྱང་རྒྱ་རྩིས་པའམ་ནག་རྩིས་པས། རྒྱལ་ཉ་ཧོར་ཟླ་བཅུ་གཉིས་པར་འདོད་དོ། །མྱ་ངན་འདས་པ་ཆུ་ལུག་དགུན་ར་བའི། གནམ་གང་ཡིན་པ་བློ་གྲོས་༼ཁྱུང་པོ་༽རྒྱལ་མཚན་བཞེད། ཀུན་གྲོལ་གྲགས་པའི་ཆུ་གླང་དགུན་ར་སྟེ། ལོ་མི་མཐུན་ཀྱང་ཟླ་ཚེས་མཐུན་པར་སྣང་། འདི་ལུགས་དགུན་ཟླ་ར་བ་ཞེས་པ་དེ། ཧོར་ཟླ་དགུ་པའི་སྟོང་ལ་བདག་གིས་འདོད།” ཞེས་བཞེད་པ་དང་། མདོ་ཁམས་ཀྱི་མཁས་པ་ལྕང་ལུང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་གྱིས་ཀྱང་དེ་བཞིན་དུ་བཤད་དེ། ༼བསྟན་འགྱུར། པོད། ༩༡ ལྷ་ས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ། སྒྱུ་འཕྲུལ་དྲྭ་བ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད། ལྕང་ལུང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ། ཤོག་ངོས། ༩༢༽ལས། “དང་པོ་སྐྱེ་བ་བཞེས་པའི་མཛད་པ་ནི། དགའ་ལྡན་ནས་གཟིགས་དགོངས་རྣམ་པ་བཅུས་རྟག་གཟིགས་འོལ་མོ་གླིང་། བར་པོ་སོ་བརྒྱད་དུ་དམུ་རིགས་རྒྱལ་པོའི་སྲས་སུ། ཤིང་ཕོ་བྱི་བའི་རྒྱལ་ཟླའི་ཉ་ལ་སྐུ་བལྟམས་ནས། གཞན་ལས་ཁྱད་པར་ཆེ་བའི་རྫུ་འཕྲུལ་བསྟན་པ་དང་།” ཞེས་གསུངས་སོ།།

དེ་ལྟར་རྒྱལ་ཟླའི་ཉ་ལ་སྟོན་པ་གཤེན་རབ་སྐུ་བལྟམས་པའི་ཚུལ་ལོ་རྒྱུས་ཡུན་རིང་ཞིང་ཕུགས་བཙན་པ། བཀའ་ལུང་གི་རྒྱབ་ལྗོངས་རྡོ་རྗེའི་བྲག་ལྟ་བུ་ཞིག་ཡིན་པའི་ཚུལ་ཁོ་བོས་རིག་ཚོད་མཐོང་ཚོད་ཀྱི་ལུང་གཙོ་གནད་རྣམས་འདིར་དྲངས་ནས་བཤད་ཡོད། རྟ་པ་ཟླ་བ་སྟོན་པའི་འཁྲུངས་ཟླར་བཤད་པའི་ཚུལ་དུས་རབས་བཅུ་དགུ་ཚུན་ཆད་ནས་བྱུང་བ་ཞིག་ཡིན་པ་ལས་དེའི་སྔོན་དེ་འདྲའི་འདོད་ཚུལ་བཤད་པའི་ལོ་རྒྱུས་གང་ཡང་ད་བར་ཁོ་བོས་མཐོང་ཐོས་མ་བྱུང་། དུས་རབས་བཅུ་དགུའི་གོང་དུ་སྟོན་པའི་འཁྲུངས་ཟླ་རྒྱལ་ཟླ་བ་བཤད་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་རྟ་ཟླར་སྟོན་པའི་འཁྲུངས་ཟླར་འདོད་ཚུལ་ཡོད་པའི་བཟོ་ཡང་རྩ་བ་ནས་བཤད་མེད་པས། དེ་ལ་བསམ་ནའང་སྐབས་དེ་ཤེད་དུ་རྟ་ཟླར་སྟོན་པ་སྐུ་འཁྲུངས་པར་བཤད་མཁན་མེད་པར་གསལ་པོ་རེད་སྙམ། གལ་སྲིད་སྐབས་དེར་ཡང་ད་ལྟ་ནང་བཞིན་སྟོན་པའི་འཁྲུངས་ཟླ་ལ་འདོད་ཚུལ་མི་འདྲ་བ་གཉིས་ཡོད་ན་ཁོང་རྣམ་པས་རང་ལུགས་བཤད་པའི་ཞོར་དུ་གཞན་དེ་ཡང་ལབ་གླེང་མི་ཡོང་བ་མི་སྲིད་པ་ལྟ་བུ་རེད། ཁ་ཅིག་གིས་སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ཞེས་པ་དེ་སྐར་མ་རྒྱལ་རང་མ་ཡིན་པར་དེ་ལས་གཞན་པ་ཞིག་འདོད་ཚུལ་བཤད་པར་ཐོས་ཀྱང་དེ་ནི་དོན་སྙིང་ལྡན་པའི་བཀའ་མོལ་ཞིག་མིན་པ་ཧ་ཅང་གསལ་ཏེ། ༼ཀུན་འབུམ་ཁྲ་བོ། ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐུན་ཁང་ནས་བསྐྲུན། སྤྱི་ལོ་༡༩༩༩ལོའི་ཟླ་བ་༡༡པར་དཔར་གཞི་དང་པོ་དཔར་ཐེངས་གཉིས་པ་བཏབ། པོད། ༡༦༧ ཤོག་ངོས། ༣༥༽ལས། “ལོ་ལ་དགོངས་པ་བྱི་བ་སྟེ། མཛད་པ་དྲུག་ཅུ་མཐར་ཕྱིན་འགྱུར། ཟླ་བ་དཔྱིད་ཟླ་ར་བའི། ཟླ་བཅས་བདུད་དཔུང་འདུལ་བར་བྱེད། སྐར་མའི་དམ་པ་རྒྱལ་གྱིས་ནི། བདུད་ལྔ་དབང་དུ་སྡུད་པར་ངེས།” ཞེས་དང་། ༼བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ། མཛད་པ་པོ། དཔོན་སློབ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ། (༡༨༧༩)ཝྰ་ན་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་པར་བསྐྲུན་ཞུས། ༢༠༠༨༽ལས། “དེ་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་རྒྱལ་པོ་དཔྱིད་ར་སྟག སྐར་མའི་དང་པོ་རྒྱལ། ཞག་གི་སྙིང་པོ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་དགོངས་ཏེ།” ཞེས་པའི་ལུང་དེ་དག་ལ་དཔྱད་ན་སྐར་མ་རྒྱལ་རང་ལ་བཞེད་པ་མ་གཏོགས་གཞན་དག་གང་ཡང་མ་ཡིན་པར་གསལ་པོ་རེད། ༢༠༡༧/༢/༡༦-༡༧ཉིན་བྲིས།

 

(སྤྱིའི་གཟིགས་གྲངས། 728 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་བྲིས་…
error: རྩོམ་འདི་བདག་དབང་ཅན་ཡིན།