ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།

 

བཀའ་རམས་པ་ཁྲོ་རྣམ་དཀར་པོ་དྲང་སོང་ཉི་མ་བསྟན་འཛིན་རྒྱལ་པོ་ནི། གློ་དོལ་འབྲོག་གསུམ་ལས་དོལ་ཕྱོགས་གྲུ་བཞིའི་ནང་ཚན་དོལ་པོ་ཚྭ་དགའ་རུ་སྐྱེས་ཤིང་། ཕ་དགེ་རྒྱས་དང་མ་སྨོན་ལམ་བྱམས་མ་གཉིས་ཀྱི་སྲས་སུ་གྱུར། རང་ལ་བར་གླེའི་བླ་མ་གཙུག་ཕུད་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ཉི་མ་བསྟན་འཛིན་ཞེས་མིང་དུ་བཏགས། རང་ལོ་བདུན་བརྒྱད་ཀྱི་སྐབས་སུ་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཐོག་མར་ཡི་གེ་སྦྱོར་ཀློག་སྦྱངས་པ་འགོ་བཙུགས། རང་ལོ་དགུ་སྟེ་ཕྱི་ལོ༢༠༠༥ལོར་གདན་ས་ཆེན་མོ་བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་སེང་གེའི་མདུན་ནས་རབ་བྱུང་གི་སྐྲ་ཕུད་བཅད། ༢༠༠༦ལོར་སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཕུར་གཞུང་དང་མ་རྒྱུད་ཀྱི་བསྐང་བ་སོགས་འབྲི་ཀློག་སྦྱངས། ༢༠༠༧ལོར་དགེ་བཤེས་རྒྱལ་གཤེན་བསྟན་འཛིན་དང་དགེ་བཤེས་གཙུག་ཕུད་འོད་ཟེར་རྣམ་གཉིས་ཀྱི་ལྟ་སྐྱོང་འོག་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས། དགེ་བཤེས་ཨ་ཇོ་གཙུག་ཕུད་མཆོག་གིས་དགེ་བའི་བཤེས་གཉེན་ཆེན་མོ་དགེ་རྒན་ཤེས་རབ་དབང་རྒྱལ་མཆོག་ལ་ལྟ་སྐྱོང་གི་རེ་བསྐུལ་ཞུས། དགེ་རྒན་ཁོང་གིས་ཀྱང་ཞལ་བཞེས་གནང་སྟེ་ཚད་མ་ལོ་རིམ་གསུམ་པ་ནས་དགེ་རྒན་ཁོང་གི་གཟིགས་སྐྱོང་འོག་ཏུ་བསྡད། བསྡུས་རྟགས་ཚད་གསུམ་སོགས་ཀྱི་གཞུང་ཁྲིད་རྣམས་དགེ་རྒན་ཆེན་མོ་རྒན་ཤེས་རབ་དབང་རྒྱལ་གྱི་མདུན་ནས་གཙོ་བོར་ཞུས། ༢༠༡༠ལོར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་གི་སྐུ་མདུན་ནས་གཙང་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས། ༢༠༡༣ནས་༢༠༡༨བར་ཕར་ཕྱིན་ལོ་རིམ་དང་པོ་ནས་སྔགས་ལོ་རིམ་དང་པོའི་བར་གྱི་གཞུང་འཁྲིད་རྣམས་༧བཤད་སྒྲུབ་མཁན་རིན་པོ་ཆེ་སྐལ་བཟང་སྨོན་ལམ་མཆོག་དང་༧བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་བློ་གྲོས་གཙུག་ཕུད་རྣམ་གཉིས་ཀྱི་མདུན་ནས་ཞུས། ༢༠༡༩ནས་གསང་སྔགས་མ་རྒྱུད་དང་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་བཀའ་ཁྲིད་ཟབ་མོ་རྣམས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཞུས། ལོ་དེར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ནས་དམིགས་བསལ་རིག་འཛིན་བོན་འཁོར་གྱི་བཀའ་དབང་རྣམས་ཐོབ། ༢༠༢༡ལོར་བཤད་གྲྭ་བའི་སྒྲིག་ཁོངས་ནས་སློབ་པ་མཐར་ཕྱིན་ཏེ་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས། སྒྲུབ་གྲྭའི་སྒྲིག་ཁོངས་ནས་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་གྱི་སྐུ་མདུན་ནས་ལོ་གསུམ་གྱི་རིང་བླ་མེད་རྫོགས་པ་ཆེན་པོའི་བཀའ་ཁྲིད་ལེགས་པར་ཐོབ། ཕྱི་ལོ་༢༠༢༣ལོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས་ཏེ་དྲང་སྲོང་གི་མིང་ལ་ཉི་མ་བསྟན་འཛིན་རྒྱལ་པོ་ཞེས་གསོལ། ལོ་དེར་སྒྲུབ་གྲྭའི་ཐུན་དང་བསགས་སྦྱོང་རྩ་རླུང་ཞག་བརྒྱ་མུན་མཚམས་སོགས་ཀྱི་སློབ་པ་མཐར་སོན་གྱི་ཕྱག་འཁྱེར་ཐོབ། ༢༠༢༤ལོར་བཀའ་རམས་པའི་སྐབས་སུ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེའི་སྐུ་མདུན་ནས་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་དང་རྩོད་སྤོང་སྨྲ་བའི་སེང་གེའི་མཆན་འགྲེལ་བཀའ་ཁྲིད་ཆ་ཚང་དང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་ལྗགས་ལུང་མ་ལུས་པར་ཆ་ཚང་ཐོབ་པའི་བསྐལ་བ་བཟང་པོ་བྱུང་། མདོར་ན་༢༠༡༣ནས་བཟུང་སྟེ༢༠༢༤བར་དུ་དག་ཡིག་སྙན་ངག་དང་། རྩིས་དཀར་ནག ཐུན་བསགས་སྦྱོང་། དཔེ་ཁྲིད་སོགས་གང་ཅིའི་ཐོག་ལ་སྒེར་དོན་དུ་གཅིག་ཀྱང་ཆད་མ་དགོས་པར་ཧུར་བརྩོན་བྱེད་པའི་གོ་སྐབས་བཟང་པོ་ཐོབ། སློབ་གཉེར་གྱི་ཞོར་དུ་ཡང་གྲྭ་ཚང་གི་དུང་པ་ཇ་འདྲེན་དང་། དུང་ཆེན་དང་རྒྱ་གླིང་འབུད་མཁན། ཞབས་བརྟན་དབུ་མཛད་སོགས་རིམ་པའི་གྲྭ་ས་ཆེན་མོའི་ལུགས་སྲོལ་བཞིན་དུ་གནང་མྱོང་། བོད་ཤིང་འབྲུག་ལོའི་ཧོར་ཟླ་༡༠པའི་ཚེས་༡༥ཉིན༧སྐྱབས་རྗེ་མཁན་སློབ་རྣམས་ལ་རིག་གནས་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས་ཏེ། རིན་པོ་ཆེ་རྣམ་པས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ཡེ་གྲོལ་རིག་པའི་འབྱུང་གནསཞེས་གནང། ཕྱི་ལོ་༢༠༢༥ལོ་འདིར་༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་དབང་ཆེན་མོའི་སྐུ་ཡི་བརྒྱ་སྟོན་གྱི་སྐབས་འདིར་བདག་ལའང་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གསོལ་པའི་བསྐལ་བཟང་གི་རྟེན་འབྲེལ་དང་བཅས་རང་གི་ལོ་རྒྱུས་མདོར་བསྡུས་སོ།།  །།

བཀའ་རམས་པ་རག་ཤི་དྲང་སྲོང་ཐབས་མཁས་དཔལ་ལྡན་དབང་པོ་ནི། བོོད་ལྗོངས་ནག་ཆུའི་མངའ་ཁོང་སྦྲ་ཆེན་རྫོང་ཡ་ང་ཤང་ཁྲོམ་ཚང་འགག་གོང་དུ་ཕ་རག་ཤི་ཕུན་ཚོགས་རྣམ་རྒྱལ་དང་ཕ་ཞོ་ཡོང་གཉིས་ལས་འཁྲུངས། ཁོང་འབྲོག་ཁུལ་དུ་ལོ་དགུ་ཙམ་ནས་ཕ་རག་ཤི་ཕུན་ཚོགས་རྣམ་རྒྱལ་གྱིས་ཡི་གེ་འདོན་ཀློག་བསླབ་ནས་རྗེས་སུ་ཡ་ང་ཤང་ལོ་གཉིས་རིང་སློབ་ཆུང་སློབ་གྲྭར་སོང་། ཕྱི་ལོ་༢༠༠༧ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་མཁན་སློབ་དང་དགེ་རྒན་རྣམ་པའི་མདུན་ནས་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དབང་ལུང་ཁྲིད་གསུམ་དང་། ཐུན་མོང་རིག་གནས་བཅས་གསན་བསམ་སློབ་གཉེར་གནང་བའི་གོ་སྐབས་ཐོབ། ཕྱི་ལོ་༢༠༡༣ཟླ་བ་༡ཚེས་༡༡ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་ནས་མཚན་ལ་ཐབས་མཁས་དཔལ་ལྡན་དབང་པོ་ཞེས་བསྩལ། ༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་མདུན་ནས་ཨ་དཀར་ཞི་གཅོད་དང་ཚེ་སྒྲུབ་ཀྱི་བཀའ་དབང་ཐོབ། ཕྱི་ལོ་༢༠༠༩ལོར་དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས་ངག་རྒྱུགས་ཕུལ་བ་དང་། ཕྱི་ལོ་༢༠༡༠ལོར་གདན་ས་འདིར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐབས་བྲིས་རྒྱུགས་ཨང་གཉིས་པ་ཐོབ་པ་དང་། ཕྱི་ལོ་༢༠༡༡ནས་༢༠༡༤བར་ལོ་གྲངས་༣རིང་བཤད་གྲྭ་བའི་ཚོགས་དང་འཆད་ར་དཔེ་ཁྲིད་རིག་གནས་དཔེར་བརྗོད་བཅས་གཅིག་ཀྱང་མ་ཆད་པ་གནང་། བཤད་གྲྭའི་སློབ་ཡུན་རྫོགས་ཟིན་ནས་སླར་ཡང་སྒོམ་གྲྭར་ཞུགས་ཏེ་ལོ་གསུམ་རིང་རྫོགས་ཆེན་རྒྱུད་སྡེ་སོགས་སྒོམ་སྒྲུབ་ཉམས་ལེན་གནང་ནས་ཕྱི་ལོ་༢༠༢༤ལོར་ཧོར་ཟླ་༡༢ པའི་ཚེས་༡༥ ཉིན་སྒྲུབ་གྲྭ་ཐོན་ནས་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས། སློབ་གཉེར་གྱི་ཞོར་དུ་གདན་ས་འདིར་ཞབས་བརྟན་དབུ་མཛད་དང་གྲྭ་ཚང་གི་དུང་པ་ཇ་འདྲེན་མཆོད་གཡོག་གནང་མྱོང་བ་དང་། བླ་བྲང་དུ་རྗེ་བླ་མ་ཡོངས་འཛིན་མཆོག་གི་བཞེས་ལག་བཟོ་མཁན་གྱི་ཞབས་ཕྱི་གནང་མྱོང་། ཕྱི་ལོ་༢༠༢༤ལོར་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ཡེ་དབང་བློ་གཏེར་དབང་པོ་ཞེས་བསྩལ། ད་ལན་གདན་ས་འདིར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་དངོས་སུ་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

བཀའ་རམས་པ་མ་ནུ་དྲང་སྲོང་གཡུང་དྲུང་མཐར་ཕྱིན་འཇིགས་བྲལ་ནི། ཕྱི་ལོ་༡༩༨༢ལོའི་སྤྱི་ཟླ་༩ པའི་༢༥ཉིན་ཁམས་སྟོད་ཁྱུང་པོ་སྟེང་ཆེན་རིས་སར་ཉིན་ཐར་མ་ནི་ཚང་གི་བུ་རུ་སྐྱེས།  མ་ནི་ཚང་ནི་ཁྱུང་ཡུལ་འབྲུ་མའི་བྲིས་པ་སྐད་གྲགས་ཅན་དུ་མ་བྱུང་བའི་ཁྱིམ་ཚང་ཡིན། མ་ནུ་གཡུང་དྲུང་མཐར་ཕྱིན་ལགས་ཀྱིས་ལོ་ལྔ་ཡི་ཐོག་ནས་ཕ་ཡི་དྲུང་དུ་ཀ་ཁ་སློབ་འགོ་བཙུགས།  དེ་ནས་ལོ་བཅུ་མ་ཟིན་གྱི་བར་དུ་ཁྱིམ་ནང་ནས་ཡི་གེ་ཀློག་འདོན་ལ་སྦྱང་། རིམ་བཞིན་ཨ་མྱེ་རྣམ་དག་གིས་འབྲུ་མའི་འཐེན་རྟ་ཐོག་མར་བསླབས་པ་དང་། ཨ་མྱེ་དགའ་རིས་ཀྱིས་གཟབ་དང་ལྗིབ་ཀྱིས་འཐེན་སྟངས་བསླབས། ཨ་མྱེ་སྦ་སྦས་ཀྱང་དེ་བཞིན་ཡིག་བྲིས་བསླབས། ཨ་མྱེ་རྣམ་དག་གིས་དམིགས་གསལ་འབྲུ་མ་ནན་ཏན་བསླབས་པས་འབྲུ་བྲིས་གཡུར་ཟའི་གྲུབ་འབྲས་ཐོབ། ཞོར་དུ་ཨ་མྱེ་དགའ་རིས་དང་། ཨ་མྱེ་སྦ་སྦའི་མདུན་ནས་སྟག་ལ་དང་ཞི་ཁྲོ་ཀུན་རིག་སོགས་བཅའ་འདོན་ལ་སྦྱངས། གླིང་སྒོམ་པ་གཡུང་དྲུང་ནོར་བུའི་མདུན་ནས་གསོལ་ཁ་སྔར་ལུགས་དང་འདོན་ཆོག་ཕར་ཆེར་ཁོང་གིས་ཕྱོགས་སྟོན་གནང་། མགར་བ་དབུ་མཛད་འཆི་མེད་མདུན་ནས་ཁྲོ་ཕུར་ཞང་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་སྦྱངས་ཤིང་བྲུ་ལུགས་འདོན་ཆོག་གི་ལག་ཁྲིད་དང་ལམ་སྟོན་ཟབ་མོ་ཁོང་གིས་གནང་།  དེ་ནས་༢༠༠༢ལོར་ཟམ་ཞིག་རེ་ནེ་དགོན་དུ་བླ་མ་གཙུག་ཕུད་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ནས་རྩ་རླུང་སྦྱང་། ཁྱུང་པོ་སྟེང་ཆེན་དགོན་དུ་ཤར་རྫའི་སྒྲུབ་གྲྭ་ལ་ཞུགས་ནས་བླ་མ་རྒྱ་མཚོ་རིན་པོ་ཆེ་དང་། སྤ་ཟླ་ཞུ་ཚང་དགོན་གྱི་མཁན་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་གཙོས་པའི་བླ་མ་དགེ་བཤེས་མང་པོའི་མདུན་ནས་ཤར་རྫའི་མཛོད་ལྔ་དང་། མ་རྒྱུད། བཀའ་འགྲེལ་གསལ་བྱེད་སོགས་ཐོབ། སྔོན་འགྲོ་དངོས་གཞི་འཁོར་འདས་རུ་ཤན་རྩ་རླུང་མུན་མཚམས་སོགས་ལ་བློ་སྦྱང་དང་རྒྱུད་སྦྱང་བྱས། མ་ཟད་བརྡ་སྤྲོད་དང་སྙན་ངག་གི་གཞུང་ལ་ཡང་སྦྱོང་པ་ཆེ་ལོང་ཙམ་བྱས། ༢༠༠༧ལོར་བལ་ཡུལ་བོན་གྱི་གདན་ས་༸རྗེ་ཡོངས་འཛིན་བླ་མས་ཕྱག་བཏབ་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་སློབ་གཉེར་བྱེད་དུ་འབྱོར་ནས་གདན་སའི་སྒྲིག་སྲོལ་བཞིན་དུ་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་རབ་བྱུང་གི་ཁྲིམས་ཞུས་ཤིང་ཚུལ་མིང་གཡུང་དྲུང་མཐར་ཕྱིན་དུ་གསོལ། དེ་ནས་ རྔ་བ་དགེ་བཤེས་ཞིང་གཤེགས་དམ་པ་ཤེས་རབ་ཀུན་གསལ་གྱི་མདུན་ནས་ཀུན་མཁྱེན་བསྡུས་གྲྭ་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ཀྱི་དྲུང་དུ་བསྡུས་གྲྭ་དང་། རྟགས་རིགས། ཚད་མ་རྣམ་འབྱེད། ཐེག་འགྲེལ་མེ་ལོང་དགུ་སྐོར། ས་ལམ་འཕྲུལ་གྱི་སྒྲོན་མེ། ཕར་ཕྱིན་སྐབས་བརྒྱད། དབུ་མ་བདེན་རྩ་འགྲེལ་གཉིས་དང་། བྱམས་མ་འབུམ་ལྔ། བྱམས་མ་འབུམ་ལྔའི་བཀའ་འགྲེལ། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་སོགས་མདོ་ཕྱོགས་ཕལ་མོ་ཆེར་གཞུང་ཁྲིད་ཞུས་ཤིང་སློབ་གཉེར་བྱས། ཟུར་དུ་རྩ་འཛིན་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་ཀྱི་མདུན་ནས་བསྡུད་གྲྭ་ནས་ས་ལམ་བསམ་གཟུགས་དགེ་འདུན་མན་ཆད་ཟུར་ཁྲིད་ཞུས། དེ་རྗེས་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མདུན་དུ་རྗེ་རིན་པོ་ཆེའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ། གཟི་བརྗིད་སྲུང་ཁྲིམས་རྩ་མདོ། ཀུན་མཁྱེན་ཉི་མས་མཛད་པའི་འདུལ་བའི་བསླབ་བྱ་བཅས་ཁྲིད་ལུང་ཞུས། དེ་རྗེས་སློབ་དཔོན་རིན་པོ་ཆེའི་དྲུང་དུ། གསང་སྔགས་བཀའ་འགྲེལ་གསལ་བྱེད། མ་རྒྱུད་སངས་རྒྱས་རྒྱུད་གསུམ། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་བཅས་ཀྱི་ཁྲིད་ལུང་ཞུས། རྩ་འཛིན་སློབ་དཔོན་དགེ་བཤེས་སྐལ་བཟང་རྒྱ་མཚོའི་མདུན་ནས་བཀའ་འགྲེལ་གསལ་བྱེད་དང་། དོགས་སེལ་རིན་ཆེན་ཙག་བུའི་ཟུར་ཁྲིད་ཞུས། རིག་གནས་ཀྱི་སྐོར་ལ་མིང་གཞི་དང་། སུམ་རྟགས། སྙན་ངག འབྱུང་རྩིས། སྐར་རྩིས། དཀྱིལ་འཁོར། མཆོད་རྟེན། གཟུངས་གཞུགས་འབུལ་ཐབས། གསོ་རིག་ཐུགས་འབུམ་མཁའ་སྔོན་སོགས་སློབ་གཉེར་བྱས། མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་པས་མིང་ལ་གཡུང་དྲུང་མཐར་ཕྱིན་འཇིགས་བྲལ་ཞེས་གནང་། ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ལམ་རིམ་སུམ་བརྒྱ་པ་དང་། བཀའ་རྒྱུད་སྐོར་བཞིའི་དཔེ་ཁྲིད་ཟབ་མོ་ཐོབ།

དེ་བཞིན་བར་གསེང་དུ་བྱམས་མ་དང་དུ་ཏྲི་སུ་སོགས་ཀྱི་བསྙེན་སྒྲུབ་ཀྱི་མཚམས་ཡང་བསྡད་། ༢༠༢༠ལོར་བཤད་གྲྭའི་སློབ་ཚན་རྫོགས་ནས་སྒོམ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དགེ་རྒན་དུ་བསྟེན་ནས། རྫོགས་ཆེན་གྱི་རྒྱུད་སྡེ་བཞིའི་ཁྲིད་ལུས་ཞུས་ཤིང་། བསགས་སྦྱོང་དང་ཐུན་བཞི། སྦྱིན་པ་རྣམ་བཞི་། རྩ་རླུང་མུན་མཚམས་སོགས་སྒྲིག་སྲོལ་བཞིན་བྱས་ཤིང་།  སྒྲུབ་གྲྭའི་སྒྲིག་ནས་མཐར་ཕྱིན་པའི་སྒྲུབ་ཐོན་པའི་ཕྱག་ཁྱེར་བླངས། དེ་རྗེས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་བཀའ་རམས་པའི་མཚན་གསོལ་བ་བཅས་སོ། །སློབ་ཞོར་དུ་བགྲེས་པོའི་འབེལ་གཏམ་དང་། བོན་གཤེན་བསྭོ་སྒྲ།  ཁྱུང་ཆེན་རིག་པའི་གཤོག་བརླབས་སོགས་ལ་སྙན་རྩོམ་དང་དཔྱད་རྩོམ་མང་པོ་སྤེལ། ད་དུང་སྙན་རྩོམ་དང་དཔྱད་རྩོམ་གྱི་རིགས་སྣ་མང་ཡོད་འདུག མ་ནུ་གཡུང་དྲུང་མཐར་ཕྱི་ནི་རྩོམ་པོ་དང་། ཡིག་བྲིས་པ་སོགས་རིག་གནས་སྣ་ཚོགས་སྨྲ་མཁན་མཁན་ཞིག་ཡིན་སྟབས། ཁོང་གིས་སྔ་ཕྱིར་སྤྱི་སྒེར་ཅི་རིགས་ལ་དཔེ་ཆ་སྣ་ཚོགས་ཤིག་བྲིས་གནང་མཛད་འདུག་པ་ནི། མདོ་སྔགས་སེམས་གསུམ་གྱི་རྩ་གཞུང་ཕྱོགས་བསྒྲིགས།  བླ་ཆེན་དྲན་པ་ཡང་དབང་སྙིང་གསུམ་གྱི་སྒྲུབ་ཐབས། མཉམ་མེད་བླ་སྒྲུབ་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། ཀུན་འབུམ་གོ་འབྱེད་ཀྱི་སྒྲུབ་སྐོར་ཤས་ཆེར་བྲིས། གསང་མཆོག་རིག་པ་ཁུ་བྱུག་གི་སྒྲུབ་སྐོར། བོན་སྐྱོང་སྒྲུབ་སྐོར། དེ་བཞིན་ཞལ་འདོན་ཉུང་ངུ་ཙམ་དང་། བྱམས་མའི་གཟུངས་སྒྲུབ། དགོངས་སྤྱོད་རྣམ་གསུམ་ཚར་མང་པོ་བཅས་བྲིས་གནང་ཡོད་འདུག དེ་བཞིན་སྤྱིར་གདན་སའི་དཔེ་མཛོད་ཁང་དང་། བྱེ་བྲག་མི་སྒེར་མང་པོ་ལ་དཔེ་དེབ་ཞུ་དག་དང་། ལས་རོགས་མང་དུ་བྱས། དམིགས་གསལ་གྱེར་འདོན་འཕྲིན་ལས་ཀྱི་ཕྱག་སྲོལ་མང་པོ་བསླབས། ལོ་མང་རིང་ཞབས་བརྟན་དབུ་མཛད་ཀྱི་གཙོ་འགན་ཁུར།  ༢༠༠༩ནས་བལ་ཡུལ་རྒྱལ་སར་སྡོད་པའི་བོན་མི་ཉུང་ན་ཡང་མི་ཤི་རྐྱེན་ཆག་བྱུང་བ་ཕར་ཆེར་ལ་གྲྭ་ཚང་རིན་པོ་ཆེ་ནས་མངག་བཅོལ་བཞིན་གདུང་སྲེག་དང་ཀློང་རྒྱས་སྦྱིན་སྲེག་འབྲི་བླུག་གི་གཙོ་འགན་ཁུར། སྔར་སྲོལ་གསོ་རིག་འབུམ་བཞི་ལ་ལོ་གསུམ་གྱི་རིང་ལ་དག་སྙན་ངག་གི་དགེ་རྒན་གྱི་ཞབས་ཞུ་བསྒྲུབས། ཧི་མ་ལ་ཡའི་རྫོགས་ཆེན་གླིང་གི་བླ་མ་ཨ་དཀར་བ་རིན་པོ་ཆེ་མཆོག་གི་ཞལ་ཐང་ཆེན་མོ་ལ་ལྷ་ཡི་ཁ་བྱང་དང་མཚོན་དོན་བཅས་ལ་གསལ་བཤད་ཡིག་བྲིས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་དང་།  དེ་བཞིན་འབྲི་གུང་བཀའ་རྒྱུད་ཀྱི་སློབ་དཔོན་ཟླ་བ་དོན་འགྲུབ་མཆོག་གིས་རྗེ་མི་ལ་རས་པའི་ས་ལམ་མཐར་ཕྱིན་གྱི་སློབ་མ་ཉེར་ལྔའི་ཞལ་ཐང་ཉེར་ལྔ་འབྲི་བཞེངས་གནང་འདུག་པ་དེ་ལ་རྣམ་ཐར་མདོར་བསྡུས་སྡེ་ཚན་ལྔ་རེ་ཡོད་པ་དེ་དག་ཞབས་ཞུ་བསྒྲུབ་ཁུལ་བགྱིས་པས་སྤུས་ཚད་ལ་ལེགས་གསོལ་ཡི་རང་དང་བཅས།  ༢༠༢༤ཟླ་༡༢པའི་ཚེས་༠༤ལ་ཡིག་གཟུགས་ཆེད་མཁས་ཀྱི་གཟེངས་རྟགས་འབྲི་གུང་ཆེ་ཚང་སྐྱབས་མགོན་རིན་པོ་ཆེས་གནང་བ་དང་། དེ་རྗེས་ལོ་མཇུག་ཏུ་རིག་གནས་ཀྱི་ཤོག་ཁྲ་རྣམས་རིན་པོ་ཆེ་རྣམ་པ་ལ་བླ་བྲང་དུ་སྤྱན་འབུལ་ཞུས་པས། བླ་བྲང་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མིང་ལ་ཚངས་སྲས་དགྱེས་པའི་བློ་གྲོསཞེས་གནང་བ་བཅས་ཀྱི་ལོ་རྒྱུས་ཞང་ཚུལ་མི་ནས་བསྡུས་འབྲི་བྱས། བཀའ་རམས་པ་རྣམས་ཀྱི་ལོ་རྒྱུས་དོ་བདག་སོ་སོས་མཐུན་སྦྱོར་གནང་བ་ལྟར་བཀོད།

པར་པ་ཁྱུང་ཐོག་རྒོད།

 

 

(སྤྱིའི་གཟིགས་གྲངས། 194 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།