བགྲེས་པོའི་འབེལ་གཏམ་ཉེར་ལྔ་པ་དཔར་འགྲེམས་ཞུས་པ།
མི་ལོ་ཉེར་ལྔའི་བཞུར་རྒྱུན་གྱི་གཏམ་གཡུང་དྲུང་རང་འགྲོས།
གངས་ཅན་མཁས་པའི་གཙུག་རྒྱན་སྨྲ་དབང་གངས་རིའི་ཚིག་མཛོད་ཆེན་མོ་དགུང་ལོ་དོན་ལྔར་ཕེབས་ཤིང་། སྟོང་ལོ་ཉེར་གཅིག་པའི་དུས་རབས་ཀྱི་འབབ་སྟེགས་དེ་ནས«བགྲེས་པོའི་འབེལ་གཏམ» ཞེས་པའི་དུས་དེབ་འདིའི་ཚེ་སྲོག་གི་མྱུ་གུ་ཁ་འབུས་པས་ཞང་བོད་རིག་པའི་བླ་སྲོག་རྒྱས་པའི་ལྟས་བཟང་པོ་ཞིག་ཀྱང་བྱུང་། བགྲང་བྱ་ལྔ་འཁོར་གྱི་མཚམས་དེར་ཡོངས་འཛིན་ཆེན་མོའི་གྱ་སྟོན་བསུས་ཤིང་གཡུང་དྲུང་གི་ཞབས་ཟུང་རིང་དུ་བསྒྱུར། དུས་དེ་ནས་ཁྱེད་ཀྱིས་སྲིད་པའི་ཆོ་འབྲང་གི་རྨུ་ཐག་འཐེན་ཞིང་བསྐལ་པའི་གཏན་ཚིགས་ཀྱི་འབེལ་གཏམ་བསྒྲགས་ནས་མི་ལོ་ཉེར་ལྔའི་བཞུར་རྒྱུན་དུ་འགྲིམས་ཡོད། ལོ་རབས་རེ་རེའི་ཐེམ་པ་ནས་དབྱངས་གསལ་སོ་བཞིའི་ཚེ་སྲོག་བདག་གིར་བཞེས་པ་ནི་སྤྱིར་བཏང་ཁྱེད་ཀྱི་འགན་ཁྲི་རུ་འཁུམས། དེ་ལས་ཀྱང་རླབས་ཆེ་བའི་བྱ་བཞག་ནི་རིག་པའི་གསང་གནད་རེ་རེས་བོན་གཞུང་གི་དམར་དམར་སྣག་སྣག་གི་རྒུམ་བུ་བཏུས་ཏེ། རེ་བའི་གཤོག་ཟུང་མཁའ་རུ་བརྐྱངས་ཏེ་རྒྱལ་ཁམས་ནས་རྒྱལ་ཁམས་སུ་འགྲིམས་ཤིང་བདེན་དོན་གྱི་འབེལ་གཏམ་བསྒྲགས་པ་ནི། ༼བགྲེས་པོའི་འབེལ་གཏམ༽ཞེས་པའི་མིང་དོན་མཚུངས་པའི་ལེགས་བྱས་ངོ་མ་དེ་བསྐྲུན་ཡོད་ཅིང་། ད་དུང་ཁྱོད་ཁོ་ནའི་གཉོར་སྐྱོང་འོག་འཚར་ལོངས་བྱུང་བའི་གསར་སྐྱེས་སྨྱུག་ཐོགས་པ་ལུང་རིགས་ཀྱི་མཆེ་བ་རྣོ་ཞིང་དཔྱོད་ཤེས་ཀྱི་མིག་རྒྱང་རིང་བའི་རྩོམ་པ་པོའི་དཔུང་སྡེ་ཞིག་རང་རེའི་སྤྱི་ཚོགས་སུ་ཞབས་འདེགས་ཕུལ། མ་ཟད་ཁྱེད་ཀྱི་པང་ཁུག་ཏུ་ཐ་སྙད་ཀྱི་འབྲུ་གཞོམ་ཞིང་དོན་གནད་ཀྱི་བྲག་གཏོར་བའི་རྒན་རབས་རྩོམ་པ་པོ་ཁྱུ་ཁྱུར་མཆིས་ལ། ངག་རིག་གི་ལང་ཚོ་རྒྱས་པའི་གཞོན་ནུ་ཚོས་འགྲན་རྩོམ་གྱི་བང་ཁ་འགྱེད་བཞིན་ཤེས་བྱའི་ནམ་འཕང་གཅོད་མཁན་དེ་བས་ཀྱང་བདོག མདོར་ན་ཁྱེད་ནི་མི་ལོ་ཉེར་ལྔའི་བཞུར་རྒྱུན་དུ་སྲབ་མེད་ཀྱི་རྟ་རྒོད་ལྟར་མཆོང་ལྡིང་དང་བང་རྩལ་ཁོ་ནར་ཡན་ཏེ། གྲུབ་འབྲས་དང་སྔོན་ཐོན་གྱི་གཟེངས་རྟགས་མང་དུ་བཞེས་པས། ཁྱེད་ཀྱི་སྒོ་འགྲམ་དུ་འཛམ་གླིང་ཤར་ནུབ་ཀྱི་རྩོམ་པ་པོའི་དཔུང་སྡེ་ནི་འཚང་ཁ་ཤིག་གེར་མཆིས་ཤིང་། ཁྱེད་ཉིད་ཀྱང་ལོ་རབས་བརྒྱ་ཕྲག་གཅིག་གི་བཞི་ཆའི་ཚད་ཟིན་པའི་ནར་སྨིན་གྱི་རིག་རྒོད་ཅིག་ཏུ་གྱུར་ཡོད།
ཁྱེད་ཉིད་དུས་ཚོད་ཀྱི་དཀྱོག་མཚམས་ཤིག་ནས་གོམ་པ་སྤོས་ཤིང་དུས་བཟང་གི་ལོ་རབས་རེ་རེའི་བསུ་མ་རུ་ཕེབས་པས། ཏག་ཏག་སྨྲ་དབང་ཆེན་མོ་དགུང་ལོ་གོ་ལྔའི་ཁྲི་འཕང་དུ་ཕེབས་དུས་ཁྱེེད་མི་ལོ་བཅུ་ཕྲག་གཉིས་ཟིན་པའི་གཞོན་ནུ་དལ་བབ་ཞིག་ཏུ་གྱུར་ཏེ། དེབ་ཕྲེང་བཅུ་ཕྲག་གཉིས་ཀྱི་ལེགས་སྐྱེས་ཤིག་བསྣམ་སྟེ་༼གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་༽མི་ལོ་ཉེར་ལྔ་འཁོར་བའི་སུམ་འཛོམས་དུས་སྟོན་ཆེན་མོའི་སྐུ་མགྲོན་དུ་ཕེབས་སོང་། ང་ཚོས་ཀྱང་སྒོ་བཞི་མཛོད་ལྔའི་གྲངས་དང་མཚུངས་པའི་གླེགས་བམ་ལྔའི་མཛོད་ཁང་དུ་མགྲོན་འབོད་ཞུས་ཡོད། དེ་ནས་ཁྱེད་ཀྱི་འབེལ་གཏམ་གྱི་བདེན་དོན་རེ་རེས་རང་རིགས་རྒུད་པའི་རྨང་རྡོ་གྱེན་དུ་བསླངས་ཏེ་༼བོན་རིག་པའི་བགྲོ་གླེང་༽གི་གར་སྟེགས་སུ། སྨྲ་བའི་ལྗགས་རིང་ཞིང་དཔྱོད་པའི་དབལ་རྣོ་བའི་གཞུང་ལུགས་སྨྲ་བ་དང་། རྩོམ་པ་པོ། ཉམས་ཞིབ་པ། སྙན་ངག་པ། སྒྱུ་རྩལ་པ་བཅས་གཡུང་དྲུང་གི་ལག་གདང་སྦྲེལ་བའི་དཔྱོད་ལྡན་རྣམས་སྟབས་སུ་བསུས་ཏེ། རི་ཁ་བ་ཅན་གྱི་མེས་པོའི་རིག་རླབས་ཀྱི་དགའ་ཚལ་དུ་འབེལ་གཏམ་གྱི་ང་རོ་ལན་གཅིག་བསྒྲགས་པས། ཕྱོགས་མཐའི་ཤེས་རིག་གི་སྡིངས་ཆ་ཡོམ་ཡོམ་དུ་སྒུལ་ཞིང་། ཁྱེད་ཀྱི་མཚན་སྙན་ས་ཆེན་པོའི་ཁྱོན་ཀུན་འབྲུག་སྐད་ལྟར་ལྷང་ལྷང་ལྡིར་བས། ངེད་ཅག་གི་རིག་སྡེ་ཆེན་མོའི་རིན་ཐང་ཡང་སྔར་ལས་ཀྱང་གསོན་ཤུགས་ལྡབ་འགྱུར་དུ་བཏང་། དེ་ནི་མི་ལོ་ཉི་ཤུའི་བཞུར་རྒྱུན་ལས་གོམ་སྟབས་ཀྱི་ཤུགས་སྣོན་གསར་པ་ཞིག་ཏུ་གྱུར་ལ། སླད་ཕྱིན་བགྲོ་གླེང་གར་གྱི་སྟེགས་བུའི་བླ་སྲོག་ཀྱང་མཐོ་རུ་བཏེགས་ཡོད།
ད་ལན་སྟོང་ལོ་ཉེར་ལྔའི་དབུ་ཁྱུད་དུ་ཁྱེད་ཉིད་བགྲང་བྱ་ཉེར་ལྔར་ཟིན་པའི་རིག་རྒོད་དར་མ་ཞིག་ཏུ་གྱུར་ཏེ། སྨྲ་དབང་ཡོངས་འཛིན་ཆེན་མོའི་བརྒྱ་སྟོན་གྱི་མཛད་སྒོའི་ཚོགས་དབུས་སུ། འཛམ་གླིང་ཤར་ནུབ་ཀྱི་སྐུ་མགྲོན་རྣམ་པར། ཤེས་བྱའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྣམས་ནས་ཕེབས་འདུག་ལ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་མི་ལོ་བཅུ་ཕྲག་གསུམ་འཁོར་བར་འཚམས་འདྲི་ཡང་ཞུས་སོང་། ཁྱེད་ཀྱིས་མི་ལོ་ཉེར་ལྔའི་བཞུར་རྒྱུན་དུ་ལོ་རབས་ཀྱི་དཀྱོག་མཚམས་རེ་རེར་བཀྲ་ཤིས་པའི་གཡུང་དྲུང་གི་གོམ་སྟབས་རེ་རེ་སྤོས་ཏེ། རི་ཁ་བ་ཅན་གྱི་མེས་པོའི་རུས་རྐང་སྲིད་པ་བོན་གྱི་ཤེས་རིག་ལས་འཁྲུངས་ཤིང་། ཤ་མར་ཐུད་གསུམ་གྱི་རྙིང་དྲི་བྲོ་བའི་གསུང་རྩོམ་བོན་སྣ་ཚོགས་ཏེ། རྒྱལ་རབས། མི་སྣ། ལྟ་གྲུབ། གསོ་རིག དམངས་ཁྲོད་སོགས་བརྗོད་བྱ་ཕུན་སུམ་འཚོགས་ཤིང་རྗོད་བྱེད་སྡེབ་སྦྱོར་ལེགས་པའི་དཔྱད་རྩོམ་སྣ་མང་ཞིག ལོ་བསྟར་དུ་ངེད་ཅག་གི་རྩོམ་རིག་སྡེ་ཚན་དུ་ལེགས་སྐྱེས་སུ་ཕུལ་བྱུང། མ་ཟད་ལོ་ཟླའི་ཡར་ཐང་གི་སྟེགས་བུ་ནས་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཤེས་བྱའི་བརྗེ་ལེན་དང་འཚམས་པའི་དེང་རབས་ཞིབ་འཇུག་རྩོམ་རིག་གི་ཐབས་ལམ་སྣ་ཚོགས་ཤིག ཁྱེད་ཀྱི་སྒལ་ཚིགས་སུ་བསྐྲུན་ནས་རྒྱལ་ཕྱི་ནང་གི་མཁས་པའི་སྤྱན་ལམ་དུ་སྔར་ལས་ཀྱང་གཟི་བརྗིད་གཅིག་ཏུ་གྱུར་ཡོད། མདོར་ན་ང་ཚོས་ས་མཐའི་སྐྱ་ཆད་སྔོ་ལྡུག་གི་དཀའ་ཚེགས་ཁྲོད་དུ་རྩམ་སྐྱ་ཇ་རྐྱང་གི་འཚོ་བས་ཁྱོད་ཀྱི་ཚེ་སྲོག་བསྐྲུན་ལ། ཁྱེད་ཀྱི་གོམ་སྟབས་རེ་རེའི་འགུལ་ཤུགས་ཀྱིས་ངེད་ཅག་ལ་བྱིན་པའི་རྩོམ་རིག་གི་ལེགས་སྐྱེས་ནི་གསེར་གྱི་ཁ་ཡིག་བཀྲ་བའི་ནོར་བུའི་བང་མཛོད་ཅིག་ཏུ་གྱུར་ཡོད། ཨེ་མ་དེ་ལས་ཀྱང་ངོ་མཚར་བ་ནི་ཁྱེད་ཉིད་ནར་སྨིན་གྱི་དུས་མཚམས་རེ་རེས་གཡུང་དྲུང་རང་འགྲོས་ཀྱི་གོམ་སྟབས་ནི་མ་བསྒྲིགས་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་དུ་བདོག་པས། ཁྱེད་ཉིད་མི་ལོ་ཉེར་ལྔ་འཁོར་བར་ཁ་གཡང་འབོད་པར་འདོད། སླད་ཕྱིན་རང་རེའི་དུས་ཀྱི་གཉན་འཕྲང་གི་རྐང་ལམ་བརྒྱུད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་གྱུར་ཡོད། ཡང་དར་བསྟན་པའི་མེ་རོ་སྤར་བའི་རྗེ་བླ་མའི་འཕྲིན་ལས་ཀྱི་འོད་སྣང་མཐོང་བའི་སྒེའུ་ཁུང་ཞིག་ཀྱང་ཁྱེད་ཀྱིས་བསྐྲུན་འདུག་པས། ཁྱེད་ཀྱི་བཀྲ་ཤིས་པའི་འཕྲིན་ལས་ཀྱི་གོམ་སྟབས་ནི་ནུབ་པ་མེད་པའི་གཡུང་དྲུང་རང་འགྲོས་སུ་གྱུར་འདུག་པ་བཅས་སོ།། །།
ཞང་ཞུང་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ནས་སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༢༢ ཉིན་རྒྱལ་གཤེན་དཔའ་བོའི་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས།