ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉེར་གསུམ་པ་གསར་ཐོན་གྱི་བརྡ་ཁྱབ།

སྔོན་གླེང་རང་འཁྲིའི་བབས་སྟེགས།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་རྩོམ་རིག་སྡེ་ཚན་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ནས་ལོ་ལྟར་ལོ་དེབ་བགྲེས་པོའི་འབེལ་གཏམ་འགྲེམ་སྤེལ་ཞུས་དང་ཞུ་མུས་ཡིན་པ་འདིའི་དམིགས་སྒོ་ནི། རང་རེ་གངས་ཅན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་འདི་ཉིད་གཅེས་ཉར་བྱ་རྒྱུ་ལས། ཡུལ་གཞན་ཞིག་ནས་ནང་འདྲེན་དང་དེ་དག་གི་མཁས་པ་དང་། ལོ་ཙཱ་བ་སོགས་བཀའ་དྲིན་ཆེ་རབས་དང་རྟག་ཏུ་སྐྱབས་འཇུག་ཞུ་སའི་ཡུལ་ཞིག་ཨུ་ཚུགས་ཀྱིས་འཚོལ་སྒྲུབ་བྱ་མི་དགོས་པར་ཞང་བོད་ཐུན་མིན་གཞུང་གི་བབས་སོ་གནས་ལྔའི་རིག་པ་ཞེས་པའི་སྡོམ་ཚིག་འདིའི་ཐོག་ཏུ་འདུས་ཡོད་པ་དང་། དེ་ཡང་ཡུལ་དུས་གནས་བབས་ཅི་འདྲ་ཞིག་འཕྲད་ཀྱང་། ཚད་ཐུབ་ཀྱིས་བལྟ་འཚོལ་སྦྱོང་གསུམ་བྱས་ན། ཕྱི་ཁོར་ཡུག་སྲུང་སྐྱོབ། ནང་སེམས་ཀྱི་ཉམས་ལེན་སོགས་མདོར་ན་ལུས་ངག་ཡིད་གསུམ་ལ་སྲུང་སྐྱོབ་ཐུབ་པའི་རིག་གཞུང་དགོས་འབྱུང་གི་ནོར་བུ་ལྟ་བུ་འདི་དག་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ལས་ལ་འབད་འབུངས་ཀྱིས་བྱ་བར་གཞོལ་རྒྱུ་ནི་གངས་ཅན་པ་ཡོངས་ཀྱི་འོས་འགན་ཉག་གཅིག་དེ་ཆགས་ཡོད། ང་ཚོའི་བསམ་གཞིག་གི་ཁྲོད་དུ་འདང་རེ་བརྒྱབ་ན་རིག་གཞུང་དང་སྤྱི་ཚོགས། ཆོས་ལུགས་སོགས་འགྲོ་བ་མིའི་བསམ་སྤྱོད་གོམས་གསུམ་ལས་བྱུང་བའི་གནས་བབས་མཐའ་ཡས་པ་འདི་དག་འཕོ་འགྱུར་དར་རྒུད་ཀྱི་རང་བཞིན་ལ་བསམ་ན། བཙའ་ཞིང་བདག་ཏུ་བཟུང་ན་སྐབས་རེར་ཁེ་ཕན་དེ་ཙམ་མེད་པའི་ཚོད་དུ་སྣང་མོད། འོན་ཀྱང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཀྱིས་ཇི་ཙམ་དཔག་ཀྱང་དེ་ཙམ་གྱིས་སྣང་བའི་དངོས་པོ་འཕེལ་རྒྱས་སུ་འགྲོ་བའི་ཚོད་དུ་སྣང་། དེས་ན་ཕྲག་ཏུ་བབ་པའི་ལས་དོན་གཉེར་རྒྱུ་ནི་མི་ཚེའི་རིན་ཐང་ལས་མི་ཆེན་བླ་དཔོན་གྱི་བསྟོད་དབྱངས་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུར་མི་རེ་བ་ངེད་ཚོའི་རྩ་དོན་དུ་བཟུང་ནས

 བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉེར་གསུམ་པ་འདིའི་གནས་བབས་ཀྱང་དྲང་བདེན་ཚད་ཐུབ་ཀྱིས་སོ་སོའི་ཆོས་དང་རིག་གཞུང་གི་གཞོགས་འདེགས་དང་། བོན་གྱི་རིང་ལུགས་འདི་ལ་རང་ས་ནས་མ་ཉེས་ཁ་ཡོག་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག་གསང་སྟབས་ཀྱིས་སྤྱོད་དགོས་པའི་དུས་ཚིགས་ཀྱང་ཤིན་ཏུ་མང་ནའང་དེང་གི་ཆར་དེ་དག་ལས་བརྒལ་ཏེ། འཛམ་གླིང་ས་སྒང་འདིར་གནའ་གཞུང་མྱུར་སྐྱོབ་དང་། གནའ་དེང་དཔྱད་བསྡུར་གྱི་དུས་ཚིགས་བཟང་ཞིང་ཤར་ནུབ་འདབ་སྦྲེལ་གྱིས་རིག་གནས་སྤེལ་རེས་དང་། ཆོས་ལུགས་སོ་སོའི་བདག་དབང་སྤྱོད་སྐལ་བཟང་བས། དྲང་བདེན་ཚད་ཐུབ་ཀྱི་ལོ་རྒྱུས་དང་། རྒྱལ་རབས། གྲུབ་མཐའ། རིག་གནས་སོགས་གང་ཡིན་ཡང་དོ་སྣང་དགོས་པའི་དུས་ལ་བབ་པར་མཐོང་། དེ་ལྟར་མིན་པ་མིའི་བཟང་སྤྱོད་ཀྱི་བྱ་བ་ལས་འདས་ཏེ་ཕྱོགས་ཞེན་ཁོ་ནའི་དབང་དུ་ཤོར་ན། གཞན་འདུལ་གྱི་སྤོབས་སེམས་དེས་རང་རྒྱུད་ཀྱི་བདེ་སྐྱིད་བཅོམ། ལྡོག་ཕྱོགས་ཀྱི་བསམ་པས་བདེ་བའི་རང་མལ་འཕྲོག དགོས་ངེས་ཀྱི་རིག་གཞུང་སྟོང་པའི་ཀློང་དུ་བསྐྱལ། ལོ་རྒྱུས་ཀྱི་རྡོ་རིང་རྫུན་གྱི་ཕག་ཏུ་སྦས། གཤིས་བཟང་གི་སྤྱོད་པ་འཁྲབ་སྟོན་གྱི་ངོ་བོར་མཐོང་། དགེ་རྒན་གྱི་ཞལ་ཏ་ལྷ་ཀླུའི་སྒྲུང་དུ་བསྒྲུབས། ཕ་མ་ཡི་སློབ་གསོ་མཐའ་ཡི་གད་སར་བཤོས། རང་རང་གི་ཉམས་མྱོང་བྱིས་པའི་རྩེད་ཆས་སུ་རློམ་ན། ནམ་ཕུགས་ཀྱི་བྱ་གཞག་མོ་ཤམ་བུའི་ཟླ་བོར་འགྱུར་ངེས་པས། གནས་སྟངས་དེ་དག་ལ་འདང་ཞིག་མ་བརྒྱབ་ན། མི་ཚེའི་རིན་ཐང་བླང་དོར་གྱི་རྣམ་བཞག་རྨོངས་པར་གྱུར་ན་ཤིན་ཏུ་ཕངས། 

ད་ནི་ཅིས་ཀྱང་དྲང་ཕྱོགས་སུ་གཞོལ་ཏེ་ཕ་མའི་སློབ་གསོ་བདེ་སྐྱིད་ཀྱི་རྨང་གཞིར་བཟུང་། དགེ་རྒན་གྱི་ལམ་སྟོན་ལས་མི་ཚེའི་སྙིང་དོན་ལེན། བཟང་སྤྱོད་ཀྱི་གོམ་གཤིས་ལ་གསེར་གྱི་རིན་ཐང་བསམ། ལོ་རྒྱུས་ཀྱི་གནས་བབས་ལ་བདེན་པའི་རྒྱབ་དཔུང་འཚོལ། དགོས་ངེས་ཀྱི་བྱ་གཞག་ལས་སྟོང་བསམ་གྱི་ཚོར་འདུ་སྐྱུང་། བདེ་སྐྱིད་ཀྱི་འཚོ་བ་ཁ་ཐག་རིང་མོ་ཞིག་ནས་ངལ་དུབ་ཀྱིས་འཚོལ་སྒྲུབ་མི་དགོས་པར་རི་བོ་གངས་ཅན་པའི་རིག་གཞུང་གི་ཕྱི་མོར་གྱུར་པ་དྲུང་མུ་གྱེར་གྱི་བསྟན་པའི་གནད་མཐོང་བར་བྱས་ནས་ཉམས་སུ་བླངས་ན་འཕྲལ་ཡུན་བདེ་བའི་ལེགས་ཚོགས་ཤིན་ཏུ་ཆེ་བ་བོན་པོ་རང་གིས་དྲིལ་བསྒྲགས་ཙམ་མིན་པར་ཚད་ལྡན་མཁས་པའི་དཔྱད་བསྡུར་གྱི་བབས་སོ་ལ་གཞིག་ན༼གསེར་ས་འོག་ཏུ་ཡོད་ཀྱང་། འོད་ནམ་མཁར་འཕྲོ༽ཞེས་པའི་དཔེ་ལྟར་ལོ་རེ་བཞིན་བདེན་པའི་མཐའ་གསལ་ཞིང་གནས་སྟངས་ཇེ་བཟང་དུ་འགྲོ་བའི་སྐབས་འདིར་ངེད་བགྲེས་གཏམ་རྩོམ་ཚོགས་ནས་ཀྱང་འབད་འབུངས་གང་ལེགས་ཀྱིས་ད་ཐེངས་མན་ངག་ལེའུ་བརྒྱད་པའི་གལ་བྱང་། རྣམ་སྨིན་སེམས་དཔའི་རྣམ་བཤད་བསྡུས་དོན། བསྐྱེད་རིམ་གལ་གནད་གསལ་བའི་གླེང་བརྗོད། ཆེ་བཞི་མཆོག་ལྔའི་ཡིན་ཚུལ་གསལ་བཤད།  ཁམས་འགྲེལ་ཞིབ་མོར་དཔྱད་པའི་ལྟ་བ། དབུ་མའི་ལྟ་སྒོམ་དོན་གྱི་བབས་སོ། ལམ་རིམ་སུམ་བརྒྱའི་སྒྱུར་གྱི་ངོ་སྤྲོད། རྨི་ལམ་བརྟགས་ཐབས་གསལ་བའི་རྣམ་བཤད། རང་འབྱུང་ཆུ་ཚན་བསྟེན་པའི་ཕན་ཡོན། བྱེ་མ་གཡུང་དྲུང་གསལ་བའི་ཞབས་རྗེས། མང་ཡུལ་གུང་ཐང་བགྲོད་པའི་རྙེད་དོན། གློ་བོའི་བོན་བསྟན་དུས་ཀྱི་འགྱུར་འགྲོས། རེག་འཇམ་ཁ་བཏགས་དཀར་པོའི་རྣམ་བཤད་སོགས་ཕྱོགས་བསྡུས་ཀྱིས་སྡེ་ཚན་ཐེག་པ་རིམ་དགུའི་གྲངས་དང་མཉམ་པར་བྱས་ཏེ། ངེད་ཅག་གིས་རང་འཁྲིའི་ལས་འགན་གང་ལེགས་སྒྲུབ་ཁུལ་ཡིན་ཡང་མ་རྟོགས་ལོག་རྟོག་གི་ཉེས་ཆ་ཅི་མཆིས་མཁྱེན་ལྡན་རྣམ་པས་དགེ་འདོན་སྐྱོན་སེལ་གནང་སྐྱོང་ཡོང་བའི་རེ་སྨོན་ཞུ།

ཆེད་དུ་ཞུ་བ།

སྨྱུག་ཐོགས་རྩོམ་པ་པོ་རྣམ་པས་དུས་ལྟར་ལོ་དེབ་ཏུ་འགོད་རྒྱུའི་རྩོམ་ཡིག་ལྷུག་རྩོལ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ངོས་ཅག་གི་ལོ་དེབ་འདི་ནི་རིག་གཞུང་འཁྲབ་སྟོན་ཙམ་མིན་པར་ཤ་ཆོད་རུས་ཆོད་ལྟ་བུའི་རྩོམ་ཡིག་སྤུས་ཚད་གང་ལེགས་འདེམས་སྒྲུག་གིས་འགོད་རྒྱུ་ནི་རྩ་བའི་དམིགས་ཡུལ་གལ་ཆེན་ཞིག་ཆགས་ཡོད་པས། འདིར་འགོད་འཆར་གྱི་རྩོམ་ཡིག་དག་གནའ་དེང་གི་རྩོམ་གཤིས་ཇི་འདྲ་ཞིག་གི་ལམ་ནས་བྲིས་ན་དེའི་ལམ་ལུགས་དང་མཐུན་པའི་བརྗོད་བྱ། ཚིག་སྦྱོར། ཐ་སྙད་བཀོལ་སྟངས་ལུང་འདྲེན་བྱེད་ཕྱོགས་མཆན་བུ་འདོགས་ལུགས་སོགས་གང་ཞིག་ཡིན་ཡང་དོན་གྱི་མདོ་འགག་གསལ་ཞིང་ཚིག་ཉུང་དོན་ཚང་གཙོར་འདོན་གནང་སྟེ། ར་མགོ་ལུག་སྦྱར་གྱི་འཁྱར་རྩོམ་དུ་མི་འགྱུར་བའི་ཐུགས་སྣང་གནང་རོགས་ཞེས་ནན་ཞུ་བྱ་རྒྱུ་ཡིན། 

གཙོ་སྒྲིག་པ་རྒྱུན་འཕྲུག་ཚང་ཡོན་ཏན་རྒྱ་མཚོས་སྤྱི་ལོ་༢༠༢༣ལོའི་ཟླ་༡ཚེས་༢༩ཉིན། 

 གནས་ཚུལ་དང་པར་རིས་མཁོ་འདོན་པ་ཞང་ཚུལ་མི།

(སྤྱིའི་གཟིགས་གྲངས། 645 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།