བརྒྱ་སྟོན་མཛད་སྒོའི་མགྲོན་བརྡ།
༄༅།།གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྒྱ་སྟོན་བརྟན་བཞུགས་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གསར་པའི་རབ་གནས་དང་དབུ་འབྱེད་མཛད་སྒོ།
༢༠༢༥ ལོའི་ཕྱི་ཟླ་ ༢ པའི་ནང་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་བལྟམས་ནས་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་འཁྲུངས་སྐར་སྲུང་རྩི་ཞུ་རྒྱུ་ལགས་ཤིང་། དེ་ཡང་༧སྐྱབས་རྗེ་མཆོག་ནི་མཁྱེན་བརྩེའི་ཡོན་ཏན་གྱིས་ཐུགས་རྒྱུད་རབ་ཏུ་བརླན་ཅིང་བསྟན་འགྲོའི་མཛད་པ་ཁོ་ནར་སྐྱོང་བ་ལས་འཇིག་རྟེན་ཁེ་གྲགས་དང་རང་དོན་ཆགས་ཆེན་གྱི་རྒྱ་ལས་གྲོལ་ཏེ་རྒྱུན་དུ་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་སྐྱེས་བུ་དམ་པའི་རྣམ་ཐར་སྐྱོང་མཁན་ཞིག་ཡིན་པས་བརྒྱ་སྟོན་འཁྲུངས་ཀར་སྲུང་རྩི་ཞུ་རྒྱུ་སོགས་ལ་ཐུགས་སྣང་ཡེ་ནས་མེད་ཀྱང་།
༧སྐྱབས་རྗེ་མཆོག་གི་སྐུ་ཚེ་ཧྲིལ་པོར་གཞན་དོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཟབ་མོའི་སྒོ་ནས་བསླབ་གསུམ་གྱི་ཉམས་ལེན་ལྷུར་དུ་བཞེས་ཤིང་། རྒྱ་ཆེ་བའི་མཁྱེན་པ་དང་བརྩེ་བའི་ཐུགས་རྗེས་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་འགྲོ་མཐའ་ཡས་པའི་རྒྱུད་ལ་ཐར་ལམ་གྱི་སྒྲོན་མེ་སྤར་བ་དང་། གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་ནུབ་ལ་ཉེ་བའི་གཉན་འཕྲང་གི་དུས་སྐབས་སུ་སྐུ་ངལ་བརྒྱ་ཕྲག་འཛེམས་མེད་ཀྱིས་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་མྱུར་སྐྱོབ་དང་སླར་གསོ་གནང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མ་འགག་པའི་སྒོ་ནས་བུ་སློབ་གྲངས་ལས་འདས་པར་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་ཡོངས་སུ་རྫོགས་པའི་བརྒྱུད་པ་སྤེལ་ཏེ། སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་ཐུན་མོང་དང་ཐུན་མིན་གྱི་མཛད་རྣམ་རྨད་དུ་བྱུང་བ་དུ་མ་བསྐྱངས་དང་སྐྱོང་བཞིན་བཞུགས་པ་ནི་བསྟན་འགྲོ་ཡོངས་ཀྱི་དཔལ་དུ་ཆེ་ཞིང་། ལྷག་པར་དུ་ད་ལམ་༧སྐྱབས་རྗེ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དུས་ཚིགས་ཁྱད་པར་ཅན་དང་འབྲེལ་འདི་ག་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་༧སྐྱབས་རྗེ་མཆོག་གི་རྨད་དུ་བྱུང་བའི་བསྟན་འགྲོའི་མཛད་པར་བཀའ་དྲིན་མཚོན་ཆེད་དང་།
སླད་མར་ཡང་ཞབས་པད་ཡུན་དུ་བརྟན་ཅིང་བདག་སོགས་འགྲོ་རྣམས་ཐུགས་བརྩེས་རྗེས་སུ་བཟུང་བར་གསོལ་འདེབས་ཆེད་སྐུ་ཕྱྭའི་ཞབས་རིམ་དང་མཎྜལ་བརྟན་བཞུགས་ཀྱི་ཆོ་གའི་སྒོ་ནས་སྐུ་ཡི་བརྒྱ་སྟོན་གྱི་མཛད་སྒོ་སྤེལ་རྒྱུའི་གོ་སྒྲིག་ཞུ་བཞིན་ཡོད། མཛད་སྒོ་འདི་དང་བསྟུན་༧སྐྱབས་རྗེ་མཆོག་གིས་མ་འོང་བསྟན་འགྲོའི་དོན་དུ་རྗེས་བཞག་གནང་བའི་ཕྱི་ནང་གསང་བའི་འཕྲིན་ལས་ཀྱི་ཆ་ཤས་ཏེ་ཉེ་ལམ་གསར་དུ་བཞེངས་པའི་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་ལ་མངའ་དབུལ་རབ་གནས་ཀྱི་དབུ་འབྱེད་མཛད་སྒོ་བསྐྱང་རྒྱུ་དང་། དུས་མཚུངས་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དང་། དགེ་བཤེས་མཛད་སྒོ་བཅས་མུ་འབྲེལ་སྤེལ་རྒྱུ་ལགས་ན་གལ་ཆེའི་མཛད་སྒོ་འདིར་སྐུ་ཉིད་ལྟོས་བཅས་ངེས་ཕེབས་ཡོང་བའི་མགྲོན་བརྡ་རུ།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ཐུན་མོང་ནས་ ༢༠༢༤ ཟླ་ཚེས་བཟང་པོར་གུས་ཕུལ།