བསྟོད་པ་ལྷ་མིའི་མཆོད་སྤྲིན།
སྔ་དར་བོན་གཤེན་རིག་འཛིན་ཚོགས་ཀྱི་གདུང་ཚབ་ཆེན་པོ་བ། །
བར་དར་གཏེར་སྟོན་བརྒྱ་རྩ་བྲུ་ཞུ་སྤ་རྨེའུ་ཁྱུང་གི་སྡོངས། །
ཕྱི་དར་བསྟན་པ་གསོས་མཛད་མཉམ་མེད་བླ་མ་ངོ་བོ་ཉིད། །
ཡང་དར་ཡོངས་རྫོགས་བསྟན་པའི་མཛོད་འཆང་སྨན་རིའི་སྐུ་ཤ་རློམ།
ཀ་དག་མདོ་སྔགས་བླ་མེད་ཡོངས་རྫོགས་མཛོད་ཆེན་བདག་བཞེས་ཤིང་། །
ཁ་བསྟོད་ཙམ་མིན་ངེས་དོན་གངས་རིའི་ཚིག་མཛོད་ཆེན་མོ་བ། །
ག་དར་བསྟན་པའི་གསལ་བྱེད་ཉེར་གཅིག་དུས་ཀྱི་སྟོན་པ་ཆེ། །
ང་ཅག་གསང་གསུམ་མཛོད་འཛིན་སྨྲ་དབང་ཡོངས་འཛིན་གཙུག་གི་རྒྱན། །
ཅ་དག་ལོ་རྒྱུས་ལྡན་པའི་གནས་མཆོག་བལ་ཡུལ་ཞེས་གྲགས་པའི། །
ཆ་ལུགས་ཡང་དག་བོན་གྱི་འདུས་སྡེ་ཁྲི་བརྟན་ནོར་བུ་རྩེ། །
ཇ་ཧོང་མདངས་འཛིན་སེམས་དཔའ་རྒྱ་མཚོ་འདུས་པའི་ཞིང་གི་མཆོག །
ཉ་གང་ཟླ་བ་ཅི་བཞིན་བཤད་སྒྲུབ་བསྟན་པའི་བ་དན་ཕྱོགས་སུ་བསྒྲེངས། །
ཏ་ཀྱོ་བོན་གྱི་མདོ་སྔགས་བླ་མེད་རྫོགས་ཆེན་དང་བཅས་པ། །
ཐ་དད་གཞུང་ལུགས་དབྱེར་མེད་ཀུན་ལ་གཞན་དྲིང་མི་འཇོག་པར། །
ད་ཙམ་མ་ལུས་ཐོས་བསམ་སྒོམ་གསུམ་གདམས་པའི་མཛོད་དབང་བསྒྱུར། །
ན་མོ་དད་གུས་ཡུལ་གྱུར་སྨྲ་དབང་གདན་ས་ཀུན་གྱི་གཙུག །
པ་ཊུའི་རིག་པའི་གཞུང་ལུགས་ཀུན་ལ་མཁྱེན་རྩལ་རྫོགས་པའི་བཤེས། །
ཕ་རོལ་ཕྱིན་པའི་སྦས་མངོན་རྟོགས་སོགས་འཆད་ཉན་རྩོད་སྒྲུབ་མངའ། །
བ་གའི་གནས་ལུགས་ཡོངས་རྩེའི་གདམས་པའི་མན་ངག་མཛོད་ཀྱི་བདག།
མ་ལུས་ཡོངས་ཀྱི་སྐྱབས་གནས་གསང་གསུམ་མཛོད་འཛིན་གདན་ས་ཆེ། །
ཙ་རིའི་གནས་ལས་ལྷག་པའི་བྱིན་རླབས་ཚན་ཁ་རབ་ཏུ་རྒྱས། །
ཚ་གྲང་ཁོད་སྙོམས་འོལ་གླིང་ཞིང་གི་ཆ་ཤས་ལྷན་དུ་འཛོམས། །
ཛ་ཡའི་གསུང་རབ་འཆད་རྩོད་རྩོམ་པའི་ཤེས་བྱ་མཁའ་ལ་ལྡིང་། །
ཝ་ལེར་བསམ་ན་འཛོམས་པའི་གདན་ས་ལྷག་ཏུ་དད་མོས་འཆོར། །
ཞྭ་དཀར་བསྟན་པའི་གཙུག་རྒྱན་དུ་མ་ཞབས་བཅགས་བྱིན་རླབས་ཆེ། །
ཟ་འོག་མདངས་བཀྲ་གནའ་དེང་ཤེས་རིག་ཆེད་མཁས་བརྒྱ་སྟོང་འཛོམས། །
འ་ཅག་རྒྱལ་གཤེན་བསྟན་པའི་རིང་ལུགས་ཕྱོགས་དང་ཕྱོགས་སུ་སྤེལ། །
ཡ་ཀི་བསྟན་པའི་མངའ་བདག་ཡོངས་འཛིན་ཆེན་མོའི་གདན་ས་ཆེ། །
ར་བ་གངས་རིས་བསྐོར་བའི་ཕ་ཆོས་སྙིང་པོ་ཁྱེད་ཀྱིས་འཛིན། །
ལ་རྒྱ་གནའ་དེང་རིས་མེད་རིག་གཞུང་བསྟན་པ་ཁྱེད་ཀྱིས་སྤེལ། །
ཤ་ཚའི་སྙིང་གཏམ་ལྷག་བསམ་གཞན་ཕན་ལུགས་སྲོལ་ཁྱེད་ཀྱིས་སྐྱོང་། །
ས་སྟེང་འདི་ནས་དོན་སྙིང་ལྡན་པའི་གནས་མཆོག་ཁྱེད་ཉིད་ཡིན། །
ཧ་ཅང་སྙིགས་མའི་དུས་ཀྱི་བསྟན་པའི་འགག་འཕྲང་ཤར་བའི་ཚེ། །
ཧ་ཅང་ཐུགས་བསྐྱེད་ཡང་ཟབ་གསང་གསུམ་བོན་གྱི་མཛོད་འཛིན་གྱིས། །
ཨ་དཀར་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་མཆོག་བཏབ། །
ཨ་ཅང་དད་སེམས་ལམ་ནས་གདན་ས་གང་དེར་བསྟོད་ལ་དད། །
ཅེས་གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་༧སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ལ་དད་གུས་མོས་གསུམ་དང་བཅས་ཏེ་པཎ་ཙ་ཚུལ་ཁྲིམས་བསྟན་འཛིན་ནམ་རིན་སྤུངས་ཚུལ་བསྟན་ནས་སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༣ པའི་ཚེས་ ༡༢ ཉིན་ཁྲིན་ཏུའུ་གྲོང(成都)ཁྱེར་ནས་ཀང་ཀྲུའུ(广州)གྲོང་ཁྱེར་བར་དུ་བསྐྱོད་པའི་མེ་འཁོར་ཨང་D1751ནང་ནས་ཕུལ་བའོ། །
འོས་སྦྱོར། རྩོམ་པ་པོ་རིན་སྤུངས་ཚུལ་བསྟན།