ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ཆུ་སྟག་ལོའི་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་རྗེ་མཉམ་མེད་པའི་འཁྲུངས་མཆོད་ཀྱི་གནས་ཕྲིན།  

རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི་ས་གནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་རབ་བརྟན་རྒྱལ་པོའི་མངའ་ཁུལ་ས་གནས་སྟེགས་སྐྱོགས་ཞེས་པར་ཡབ་དབྲ་རིགས་བོན་པོ་ཀླུ་རྒྱལ་དང་ཡུམ་མཁའ་འགྲོའི་མཚན་རྟགས་ཅན་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་འགྲོ་བ་མི་ཡི་ཆ་ལུགས་སྐུ་མཆོག་མཚན་དཔེ་མངོན་པར་བཞད་ནས་ད་ལྟའི་བར་མི་ལོ་ཧྲིལ་པོ་༦༦༦ཟིན་པའི་དུས་ཁྱད་པ་ཅན་འདི་ལ། དགེ་བ་འབུམ་འགྱུར་གྱི་ཕན་ཡོན་ཡོད་དེ། ཀུན་མཁྱེན་གྱི་རྗེ་ཡི་དུས་ཆེན་ཟིན་བྲིས་ལས། ལྷག་པར་དུ་རྗེ་རིན་པོ་ཆེའི་དུས་ཆེན་འདི་ཉིན། དགེ་སྡིག་གང་བྱས་ཀྱང་། འབུམ་ཕྲག་གཅིག་དང་ཁྲི་ཕྲག་རེའི་འགྱུར་ཡོད་པས། དེས་ན་འདི་ཉིན། མར་མེ་གཅིག་ཕུལ་ཀྱང་། མར་མེ་འབུམ་ཕྲག་གཅིག་དང་། ཁྲི་ཁྲག་གཅིག་ཕུལ་བའི་ཕན་ཡོན་ཡོད་པ་དང་། མ་ཏྲི་སྙིང་པོ་ཚིག་གཅིག་བཏོན་ཀྱང་། སྙིང་པོ་འབུམ་ཕྲག་གཅིག་དང་ཁྲི་ཁྲག་གཅིག་བཏོན་པའི་ཕན་ཡོན་ཡོད་ཅིང་། ཞེས་གསུངས། དེར་བརྟེན་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ། ས་གསུམ་འགྲོ་བའི་སྐྱབས་མགོན་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་དུས་མཆོག་ཁྱད་པར་ཅན་དེ་ཉིད་བསྲུང་བརྩི་ཟབ་རྒྱས་ཞུས། དེ་ཡང་ཧོར་ཟླ་དང་པོའི་ཚེས་༣དང་། སྤྱི་ལོ་༢༠༢༢ལོའི་ཟླ་བ་༣པའི་ཚེས་༦ཉིན་གཙུག་ལག་ཁང་གི་ནང་གྲྭ་མང་ཡོངས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་བཅའ་བཀོད་དང་། སྣ་ལྔའི་མཆོད་པ་སོགས་ཀྱི་མཆོད་བཟོའི་བཤམ་བདར་ལེགས་པར་གནང་སྟེ་དངོས་གཞིར་སྟ་གོན་ལེགས་པར་གྲུབ་པའོ།། ཧོར་ཟླ་དང་པོའི་ཚེས་༤ཉིན་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ་རྣམ་པ་གསུམ་དབུ་བཞུགས་ཐོག་འདུས་མང་ཡོངས་ཀྱིས་གཙུག་ལག་ཁང་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཕྱོགས་བཅུའི་བདེར་གཤེགས་སྟོང་གི་མཚན་བརྗོད་ཀྱི་སྒོ་ནས་དངོས་གཞི་འཕྲིན་ལས་ཀྱི་གཞུང་བསྲངས་པ་དང་། གྲྭ་བ་ཚོ་གཅིག་གིས་བཞེང་བཞིན་པའི་འཚོགས་ཁང་གསར་པའི་ནང་གསོ་སྦྱོང་འཚོགས་ས་གྲ་སྒྲིག་དང་མཆོད་བཟོ་ལེགས་པར་བྱས། ཚེས་༥ཉིན་སྒྲུབ་ཁང་ནང་དུ་གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དབུ་བཞུགས་ཐོག་དགེ་བཤེས་ཚོགཅིག་གིས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་བཏང་། གྲྭ་མང་རྣམས་ཞོགས་འཚོགས་གྲོལ་ནས་ཆུ་ཚོད་༩པའི་ཐོག་ལྷ་སྡེ་མི་མང་མཉམ་འཛོམས་ཀྱིས་མཉམ་མེད་ཆེན་པོའི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བཞེང་བཞིན་འཚོགས་ཁང་གསར་པའི་ནང་ལ་གདན་དྲངས་ཏེ་རོལ་མོ་མཆོད་རྔ་བརྡུང་ཞིང་རྣམ་དག་འདུལ་བའི་གསོ་སྦྱོང་དང་མང་ཇ་ཚོགས་པ་དང་། བསང་མཆོད་ཀླུང་རྟ་བསྒྲོན་ཞིང་བཀྲ་ཤིས་ཕྱེ་མར་ཀྱིས་ལྷ་རྒྱལ་གསོལ་བ་དང་། དེ་ནས་དགོན་གྱི་གླིང་སྐོར་དུ་སེར་ཕྲེང་ཕེབས། དེ་རྗེས་འཆད་རར་ཐལ་ངག་རྩོད་སྒྲའི་བོན་དབྱངས་སྒྲོག་ཅིང་གྲྭ་མང་ཡོངས་ཀྱིས་བསྟན་རྒྱས་སྨོན་ལམ་གསུང་པའི་སྐབས་དར་ཆེན་མཁའ་དབྱིངས་སུ་བསྒྲེངས་པ་དང་བཅས་མཛད། ཉིན་གུང་ཉག་རོང་གཡུང་དྲུང་ཐོགས་མེད་ཀྱིས་མི་མང་ལ་རྗེ་རིན་པོ་ཆེའི་རྣམ་ཐར་སྒྲོག་སྦྱོང་གནང་སྟེ་སྐྱ་སེར་ཡོངས་ཀྱིས་རྒྱལ་བ་མཉམ་མེད་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པ་བྱས་ཤིང་། ཕྱི་དྲོ་གྲྭ་ཚང་གི་སྤྱི་གཉེར་ཆེན་མོ་ནས་སྔར་སྲོལ་ལྟར་སྨན་རིའི་བཅའ་ཡིག་སྒྲོག་སྦྱང་གནང་བ་དང་། དེ་ནས་གྲྭ་མང་གིས་སྔོན་འགྲོ་ལས་བཞི་མ་གྱེར། དགོང་མོ་གཤེན་རབ་མཆོད་ལྔ་བརྡུངས་ནས་བླ་བྲང་ནས་རྗེ་རིན་པོ་ཆེའི་སྐུ་བརྙན་གདན་འདྲེན་ཞུས་སྐྱ་སེར་མི་མང་ཡོངས་ཀྱིས་བསྟན་འབར་སྨོན་ལམ་གསུང་བཞིན་རྗེ་ཡི་སྐུ་བརྙན་དང་རྒྱལ་བ་གཤེན་རིན་པོ་ཆེའི་སྐུ་པར་བཅས་མཇལ་ཁ་ཞུས་པ་དང་མང་ཇ་འཚོགས་ཏེ་དགོན་གྱི་ཕྱི་ནང་ཡོངས་རྫོགས་མཆོད་མེས་གང་བ་བྱས་ཏེ་དད་ལྡན་རྣམས་ཀྱིས་རྗེ་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར། དེ་བཞིན་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཧོར་ཟླ་དང་པོའི་ཚེས་༤དང༥་ཉིན་ཉི་མ་གཉིས་ཀྱི་རིང་ལ་བསྟོད་པ་རྣམ་རྒྱལ་ཁུངས་བཟང་དང་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀུན་གསལ་བྱམས་མ་བཅས་ཀྱི་གཞུང་བསྲངས་པ་བཅས་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་པའི་གནས་བསྡུས་སུ་བསོད་ནམས་དབང་གྲགས་ཀྱིས་ ༢༠༢༢ ༠༣ ༠༧ དགོང་མོ་བྲིས།

མེ་ལོ་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢ ཉིན་སྤེལ།། །།

པར་པ་རླུང་བུ།

(སྤྱིའི་གཟིགས་གྲངས། 401 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།