ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ལྕགས་གླང་ལོའི་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་མཉམ་མེད་དུས་ཆེན་གྱི་གནས་ཕྲིན།

 

 

 

 

རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་དུས་ཆེན་འདི་ནི་ང་ཚོ་བོན་གྱི་བསྟན་པ་འཛིན་མཁན་ཙམ་མ་ཟད་བོད་མི་སྤྱི་བོ་གནམ་བསྟན་གྱི་མགོ་ནག་ཡོངས་ཀྱིས་གལ་ཆེན་འཛིན་དགོས་པའི་དུས་ཆེན་ཞིག་རེད། ཅི་སྟེ་ན་ང་ཚོ་བོད་མི་རིགས་ཀྱི་ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ངོ་མ་ནི་བོད་རང་ས་ནས་བྱུང་པའི་ཕ་ཆོས་གཡུང་དྲུང་བོན་འདི་ཡིན་ལ། དེ་ནི་དུས་རབས་ཀྱི་གཉན་འཕྲང་དུ་མ་ཞིག་གི་ནང་ཕྱི་རྐྱེན་དང་ནང་རྐྱེན་དུ་མ་ཞིག་གིས་བཤིག་གཏོར་བཅོམ་རླག་གི་ལས་འགུལ་རབས་དང་རིམ་པ་བྱུང་བའི་ནང་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་སྲུང་སྐྱོང་གནང་མཁན་གྱི་སྐྱེས་ཆེན་དུ་མ་ཞིག་བྱུང་བའི་ནང་ནས་བསྟན་པ་ཕྱི་དར་གྱི་སྐབས། དུས་རབས་བཅུ་བཞི་པའི་ནང་བོན་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་བོན་གྱི་འདུས་སྡེ་ཆེན་མོ་གཡས་རུ་དབེན་ས་ཁ་ཆུ་ཡིས་འཇིག་ནས་བོན་གྱི་བསྟན་པ་མིང་གི་ལྷག་མ་ཙམ་འགྱུར་ལ་ཉེ་བའི་དུས་ཀྱི་གཉན་འཕྲང་ཆེན་མོ་ཞིག་གི་ནང་ལ་བོན་གྱི་གྲྭ་ས་གཙང་སྨན་རི་ཕྱག་བཏབ་ནས་ནས་བོན་གྱི་བསྟན་པའམ་བོད་ཀྱི་རིག་གཞུང་ཉམས་གསོ་གནང་སྟེ་ད་ལྟ་འཛམ་བུ་གླིང་གི་སྒང་ལ་བོད་རང་གི་རིག་གཞུང་འདི་ཡིན་ཟེར་ནི་མི་ལ་ངོམས་རྒྱུ་ཡོད་པ། རང་གིས་ཉམས་ལེན་བྱེད་རྒྱུ་ལྷག་ཡོད་པ་འདི་ཁོང་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བས་རེད། དེ་ཡིན་དུས་ང་ཚོ་བོད་མི་རིགས་འདི་ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་བརྩི་མཁན་ཞིག་ཡིན་ན། རྒྱལ་བ་མཉམ་མེད་པའི་དུས་ཆེན་སྲུང་རྩི་ཞུ་ཡ་དེ་རྒྱལ་བ་མཉམ་མེད་ཆེན་པོ་དང་སྨན་རི་ཚང་ལ་ངོ་བསྟོད་ཙམ་མ་ཡིན་པ་བོད་མི་རིགས་འདི་ལ་རླབས་ཆེ་བའི་བླ་ན་མེད་པའི་ཕྱག་རྗེས་ཤིག་བཞག་པ་དེའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དེ་རེད། བོན་གྱི་དགོས་སྡེ་ཁག་ནང་རྒྱལ་བ་མཉམ་མེད་པའི་དུས་ཆེན་སྲུང་རྩི་ཞུ་མཁན་དེ་གང་ལ་གང་འཚམས་ཤིག་ལས་རྒྱ་ཆེན་པོ་དེ་ཙམ་མེད་པ་རེད། ད་ལྟ་རྗེ་ཡི་དུས་ཆེན་འཚོགས་མཁན་དང་བདེ་ཆེན་རྒྱལ་པོ་འདོན་མཁན་མང་ཆེ་བ་དེ་ཀུན་མཁྱེན་ཉི་མ་མཆོག་ཕྱོགས་མཐའ་ཁག་ལ་ཕེབས་སྐབས་རྗེ་ཡི་དུས་ཆེན་གྱི་རྟེན་རྩ་བཞག་པ་དང་བདེ་ཆེན་རྒྱལ་པོ་འདོན་དགོས་པ་བཅས་ཀྱི་བཀའ་སློབ་ལམ་སྟོན་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ལས་དེའི་སྔོན་དེ་ཙམ་རྒྱ་ཆེན་པོ་བྱུང་མེད། ད་ལྟ་སྨན་རི་ཚང་གི་མཉམ་མེད་དུས་ཆེན་གྱི་འཚོགས་པའི་ཟིན་བྲིས་འདི་ནི་ཀུན་མཁྱེན་ཉིད་ཀྱིས་མཛད་པ་རེད་ལ། དེ་ནས་བཟུང་ད་ལྟའི་བར་དུ་འཚོགས་བསྡད་རེད། བྱེས་ཀྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཕྱག་བཏབ་ནས་བཟུང་ད་བར་ཆད་མེད་དུ་འཚོགས་པ་རེད། འདི་ལོ་ཡང་ཀུན་མཁྱེན་གྱི་ཟིན་བྲིས་ལྟར། ཧོར་ཟླ་དང་པོའི་ཚེས་གསུམ་ཉིན་མཆོད་བཟོ་ལེགས་པར་བྱས་ཏེ། ཚེས་བཞི་དང་ལྔ་གཉིས་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་སློབ་དཔོན་ཚངས་པ་བསྟན་འཛིན། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་གཙོས་པའི་བླ་སྤྲུལ་དགེ་བའི་གཤེས་གཉེན་རྣམ་པ་དང་གྲྭ་མང་འདུས་པ་རྒྱ་མཚོ་བཅས་ཀྱིས་མཉམ་མེད་དུས་ཆེན་ཟབ་རྒྱས་ངང་དུ་འཚོགས། ཚེས་ལྔ་ཉིན་སྒྲུབ་ཁང་ནང་དུ་བླ་གྲྭ་ཚོགས་གཅིག་གིས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་བཏང༌། ཞོགས་འཚོགས་གྲོལ་ནས་བླ་གྲྭ་ཚང་མ་སེར་ཕྲེང་ཆས་ཏེ་གསོ་སྦྱོང་དང་མང་ཇ་འཚོགས། དེ་ནས་དགོན་གྱི་གླིང་སྐོར་དུ་སེར་ཕྲེང་ཕེབས། དྲོ་གཞུང་རྗེ་རིན་པོ་ཆེའི་རྣམ་ཐར་སྒྲོག་སྦྱང་དང་ཕྱི་དྲོ་སྨན་རིའི་བཅའ་ཡིག་སྒྲོག་སྦྱང་བྱས་ཏེ་སྔོན་འགྲོ་ལས་བཞི་མ་གྱེར། དགོང་མོ་གཤེན་རབ་མཆོད་རྔ་བརྡུངས་ནས་འཆད་རའི་ནང་རྗེ་ཡི་སྐུ་བརྙན་མཇལ་ཁ་དང་བསྟན་འབར་སྨོན་ལམ་གསུངས་ནས་མང་ཇ་འཚོགས་ཏེ་དགོན་གྱི་ཕྱི་ནང་ཡོངས་རྫོགས་མཆོད་མེས་གང་བར་བྱས་ཏེ་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས། སྤྱི་ཧོར་ཟླ་དང་པོ་འདི་ནི་ང་ཚོ་བོན་པོ་ལ་ལྟོས་ཏེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ལོ་གཅིག་ལ་སངས་རྒྱས་ཀྱི་དུས་ཆེན་བཞི་སྟེ། ཧོར་ཟླ་དང་པོ། ཧོར་ཟླ་གསུམ་པ། ཧོར་ཟླ་ལྔ་པ། ཧོར་ཟླ་བདུན་པ་བཅས་ཀྱི་ནང་ནས་ཆོ་འཕྲུལ་ཟླ་བ་ཡིན་ཏེ། གསང་སྔགས་གནད་ཀྱི་རྫོང་འཕྲང་ལས། ཁྱད་པར་ནི། ལོ་གཅིག་ལ་སངས་རྒྱས་ཀྱི་དུས་ཚོད་བཞི་སྟེ།སྔགས་པས་དཔྱིད་ཟླ་ར་བ་རྒྱ་རྩིས་བས་འབྲིང་པོ། ཝ་ཉ་ཆོ་འཕྲུལ་ཆེན་པོ་རྟ་ཟླ། མེ་ཏོག་ཨུ་དུ་འབར་འདྲ་སྐྱེས་དུས། ཆེས་གཅིག་ནས་ཉ་ཡི་བར་ལ། བསྟན་པའི་རྒྱང་འབྲེ་བྱེད་པ་སྟེ། ཞང་ཞུང་སྟོང་རྒྱུང་གྲོང་པའི་དུས་ཡིན་པས་འགྱུར་ཆེ། ཞེས་གསུངས་པས་ཟླ་བ་འདི་ནང་དགེ་བ་གང་བྱས་ཁྲི་འགྱུར་ཡོད་པ་གསུངས་ཡོད། ཀུན་མཁྱེན་གྱི་རྗེ་ཡི་དུས་ཆེན་ཟིན་བྲིས་ལས། ལྷག་པར་དུ་རྗེ་རིན་པོ་ཆེའི་དུས་ཆེན་འདི་ཉིན། དགེ་སྡིག་གང་བྱས་ཀྱང༌།འབུམ་ཕྲག་གཅིག་དང་ཁྲི་ཕྲག་རེའི་འགྱུར་ཡོད་པས། དེས་ན་འདི་ཉིད་། མར་མེ་གཅིག་ཕུལ་ཀྱང་། མར་མེ་འབུམ་ཕྲག་གཅིག་དང་། ཁྲི་ཁྲག་གཅིག་ཕུལ་བའི་ཕན་ཡོན་ཡོད་པ་དང༌། མ་ཏྲི་སྙིང་པོ་ཚིག་གཅིག་བཏོན་ཀྱང་། སྙིང་པོ་འབུམ་ཕྲག་གཅིག་དང་ཁྲི་ཁྲག་གཅིག་བཏོན་པའི་ཕན་ཡོན་ཡོད་ཅིང་། ཞེས་གསུངས་། སྤྱིར་རྗེ་རིན་པོ་ཆེ་སྐུ་འཁྲུངས་པའི་དུས་ནི། དཔྱིད་ཟླ་ར་བ་སྟག་གི་ཟླ་བའི་ཚེས་ལྔ་ཉིན་འཁྲུངས་པ་རྣམ་ཐར་ནང་གསལ་ཡོད་ལ། སྐུ་འདས་པའི་དུས་དབྱར་ཟླ་ཐ་ཆུང་སྟེ་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ཡིན། ཧོར་ཟླ་དང་པོ་རྟ་པ་ཟླ་བའི་ཚེས་ལྔ་ཉིན་རྗེ་རིན་པོ་ཆེའི་སྐུ་གདུང་བཞུས་པའི་དུས་ཡིན་ལ། དེའི་ཉིན་མོ་རྒྱལ་བ་མཉམ་མེད་ཆེན་པོ་འགྲོ་དོན་དུ་བྱ་རྒོད་ལ་སྤྲུལ་ནས་བོད་ཡུལ་ཕེབས་པའི་དུས་ཡིན་པས་ཀུན་གྱིས་སྨན་རི་བྱ་མཇལ་ཟེར་ནི་གལ་ཆེན་བརྩི་ཡི་ཡོད་པ་བཅས་ཀྱི་གནས་ཚུལ་ཁྱུང་ཁྲི་ལྡེས་༢༠༢༡ཟླ་བ་༠༢ཚེས་༡༦ཉིན་དགོང་མོ་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

113860cookie-checkབོད་ལྕགས་གླང་ལོའི་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་མཉམ་མེད་དུས་ཆེན་གྱི་གནས་ཕྲིན།
(སྤྱིའི་གཟིགས་གྲངས། 603 དེ་རིང་། 2)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
     གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།