ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ས་ཕག་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་དགུ་གཏོར་ཆེན་མོ།

གཤེན་གྱི་དགུ་གཏོར་ཆེན་མོ་འདི་ནི་རྒྱལ་བ་སྨན་རི་ཚང་གི་མཁན་རབས་རིམ་བྱོན་ནས་དར་རྒྱས་བྱུང་བསྡད་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་དུས་མཆོད་གལ་ཆེན་ཞིག་ཡིན། སྤྱིར་དགུ་གཏོར་ནི་བོད་ཀྱི་བོན་དགོན་ཕལ་ཆེར་གྱིས་གལ་ཆེན་བརྩི་ནས་འཚོགས་སྲོལ་ཡོད་ལ། དགུ་གཏོར་འཚོགས་རྒྱུའི་གསང་སྔགས་ཀྱི་གཞུང་གཅིག་པ་མ་ཡིན་པ་དགོན་པ་ཁག་ལ་མི་འདྲ་བ་མང་པོ་ཡོད་ཀྱང་། ཁྲོ་ཕུར་གྱི་དགུ་གཏོར་ནི་འཚོགས་མཁན་མང་ཤོས་དེ་རེད། འཚོགས་པའི་དུས་ཚོད་ཁ་ཤས་ཀྱིས་ཧོར་ཟླ་དགུ་པའི་ཟླ་མཇུག་ལ་འཚོགས་པ་དང་ཁ་ཤས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཟླ་མཇུག་ལ་འཚོགས་པ་བཅས་འཚོགས་དུས་ཚང་མ་གཅིག་པ་མ་ཡིན། སྤྱིར་བོད་༧སྨན་རི་ལ་༧རྒྱལ་བ་མཉམ་མེད་པའི་རིང་ལུགས་ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་ཟེར་ནས་ཟླ་བ་རེ་རེའི་མཇུག་ལ་བཟློག་པ་རྒྱག་སྲོལ་ཡོད་པ་རེད། ཁྲོ་ཕུར་གྱི་དགུ་གཏོར་འདི་གལ་ཆེན་བརྩི་ནས་འདི་ལ་དཔལ་གཤེན་བསྟན་སྨན་རིའི་སྤྱི་རིམ་ཆེན་མོ་ཟེར་གྱི་ཡོད། བོད་དུ་དུས་འགྱུར་རྗེས་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་སྨྲ་དབང་ཡོངས་འཛིན་བླ་མས་བྱེས་ཀྱི་གདན་ས་སྨན་རིའི་གླིང་དང་ཕྱག་བཏབ་པ་དང་། སྨྲ་སེང་ཡོངས་འཛིན་ཆེན་མོས་གདན་ས་་ཁྲི་བརྟན་ནོར་བུ་རྩེ་འདི་ཕྱག་བཏབ་ནས་ད་བར་དགུ་གཏོར་བར་མ་ཆད་པར་འཚོགས་བསྡད་པ་རེད། ཁྲོ་ཕུར་དགུ་གཏོར་འདི་མ་འཚོགས་པའི་གོང་ཧོར་ཟླ་བཅུ་གཅིག་པའི་ནང་གར་འཆམ་དང་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་ལོ་བསྟར་སྦྱོང་བརྡར་བྱེད་ཀྱི་ཡོད་ལ། ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་ལྔ་ཉིན་མོ་སྔ་དྲོ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་འཆམ་རྒྱུགས་དང་ཕྱི་དྲོ་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་རྒྱུགས་སྤྲོད་བྱེད་པ་རེད། ཉི་ཤུ་དྲུག་ཉིན་མོ་དགུ་གཏོར་བཅའ་བཟོ་བྱེད་པའི་དུས་ཡིན་ལ། སྒྲུབ་ཁང་ནང་དུ་ཕུར་པའི་བཟློག་པ་བཅའ་བ་དང་འཚོགས་ཁང་དུ་ཁྲོ་ཕུར་གཉིས་ཀྱི་མཆོད་བཟོ་བྱེད་པ་རེད། ཉི་ཤུ་བདུན་ནས་དགུ་བར་གཞུང་བསྲངས་པ་ཡིན་ལ། དེ་ལ་འདོན་ཚོ་གཉིས་བྱེད་དེ་སྒྲུབ་ཁང་ནང་དུ་ཕུར་པའི་སྲུང་ཟློག་འདོན་ཀྱི་ཡོད་ལ། འཚོགས་ཁང་ནང་དུ་ཁྲོ་གྲལ་ཕུར་གྲལ་གཉིས་སུ་བྱེད་ནས་རྒྱལ་བ་མཉམ་མེད་ཆེན་པོའི་སྙན་བརྒྱུད་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་རྒྱག་དགོས་པ་རེད། ཉིན་དང་པོ་ཁྲོ་ཕུར་གཉིས་སྦྲགས་ནས་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་ཆ་ཚང་ཚར་དགོས་པས་ཉིན་མཚན་ཆ་གཅིག་ཕལ་ཆེར་འགོར་བ་རེད། ཉིན་གཉིས་པ་ལ་ཕུར་པ་གཞུང་བསྲངས་ཏེ་ཕུར་པའི་གྱེར་ཆེན་བརྒྱབ་ནས་དགོང་མོ་བཀའ་སྐྱོང་གདངས་གྱེར་དང་གཏོར་འབུལ་བཅས་ཚར་དགོས། ཉིན་གསུམ་པ་ཞོགས་པ་ཁྲོ་ཕུར་གཉིས་ཀྱི་གཞུང་ཤར་འདོན་ཚར་གཅིག་བྱས། དེ་མཚམས་སྒྲུབ་གཤེན་རྣམས་ཀྱིས་དབུ་ཞྭ་མནབ་ནས་ཕྱག་ན་ཕྱག་ཆ་བསྣམས་ཏེ་ཕུར་པའི་སྐུ་བསྟོད་དང་ལས་སྦྱོར་བཅས་ཚར་ནས་བཀའ་སྐྱོང་གྱེར། ཕྱགས་ཚོད་༡།༣༠།ཐོག་བསྒྲལ་བསྟབས་འཆམས་ཏེ་སྒོ་འཆོར་ནང་གཏོར་འབུལ་གྱེར་བ་དང་།  སྒྲུབ་ཁང་ནས་ཕུར་པའི་སྲུང་ཟློག་གི་སྨད་ལས་ཚར་ནས་བཟློག་པ་འཆད་རའི་ནང་གདན་འདྲེན་ཞུས་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་མི་མང་ལ་ཁྲུས་དང་བཟློག་དབང་བཅས་གནང་།

དེ་མཚམས་གྲྭ་མང་རྣམས་སེར་ཕྲེང་ཕེབས་ཏེ་འཆམ་པོ་བ་རྣམས་ཀྱིས་གཤེན་རབ་དགུ་འཆམ་འཆམས་ནས་ཟློག་པ་བརྒྱབ།  དེ་ནས་ལྷ་རྒྱལ་གསོལ་བ་དང་བཀྲ་ཤིས་གཤེགས་བསྐྱོད་བཅས་མཛད་ནས་དགུ་གཏོར་མཇུག་གྲུབ་པ་རེད། དགུ་གཏོར་གྱི་དགོས་པ་ནི། སྤྱིར་ན་འཛམ་གླིང་ཞི་བདེ་དང་། སྒོས་སུ་སྡེ་དགོན་གཉིས་ལ་ནད་ན་ཚ་དང་རྐྱེན་བར་ཆོད་མི་ཡོང་བ་སོགས་ཀྱི་ཆེད་དུ་རེད། ལྷག་པར་དུ་དགུ་ཟློག་བྱེད་པ་འདི་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། ནམ་རྒྱུན་ང་ཚོས་ཚེས་པ་བཅུ་བཞི་བཅོ་ལྔ་བཅུ་དྲུག་དང་ཉེར་དགུ་གནམ་སྟོང་བཅས་དུས་གཉན་བརྩི་ཡི་ཡོད། དེ་ནི་སངས་རྒྱས་འཕགས་པ་དང་བླ་མ་ཁྱད་པར་ཅན་ཞིག་འཁྲུངས་པའི་དུས་ཆེན་ཡིན་པའི་གནད་དོན་ཙམ་མ་ཡིན་པར། ང་ཚོའི་ཕུང་ཁམས་འདི་ཕྱི་ཡི་འབྱུང་བ་དང་ལྟོས་བཅས་ཀྱི་འབྲེལ་བ་གྲུབ་བསྡད་པ་ཞིག་རེད། དེ་ཡིན་དུས་ཕྱི་ཡི་འབྱུང་བའི་དར་གུད་བཞིན་ནང་གི་ཕུང་ཁམས་ལ་དར་གུད་འགྲོ་ཡི་ཡོད། དཔེར་ན་ཚེས་པ་གཅིག་ནས་བཅོ་ལྔའི་བར་ཕྱི་ཡི་འབྱུང་བའི་ནུས་པ་ཡར་འཕེལ་ནས་ཚེས་བཅོ་ལྔ་ཉིན་ནུས་པ་འཕེལ་བ་མཐར་ཐུག་པ་དེ་རེད། དེ་ཡིན་དུས་ནང་གི་ཤ་ཁྲག་དྲོད་དབུགས་དང་དབང་ཐང་ཀླུང་རྟ་ལུས་ཀྱི་ཟུང་བཅུད་དྭངས་མ་བཅས་ཚེས་པ་གཅིག་ནས་ཡར་འཕེལ་ཏེ་ཚེས་བཅོ་ལྔ་ཉིན་ལུས་ཀྱི་ཁམས་ཀྱི་བླ་གནས་ཀྱང་སྤྱི་བོར་སླེབ་པའི་དུས་ཡིན་པས་དགེ་བ་བྱས་ན་ནུས་པ་ཆེན་པོ་ཡོང་གི་ཡོད་པ་རེད། དེ་བཞིན་ཚེས་པ་བཅུ་དྲུག་ནས་ཕྱི་འབྱུང་བ་ནང་ཕུང་ཁམས་ཀྱི་ནུས་པ་མར་ཉམས་ནས་ཉེར་དགུ་དང་གནམ་སྟོང་སྐབས་ཉམས་པ་མཐར་ཐུགས་ཏེ་གནམ་སྟོང་ཉིན་བླ་གནས་ཀྱང་རྐང་མཐིལ་ལ་སླེབ་པའི་དུས་རེད། དེ་ཡིན་དུས་འདྲེ་གདོན་ལ་སོགས་ཀྱིས་གནོད་པ་བྱེད་སླ་བས་ནད་ན་ཚ་དང་རྐྱེན་བར་ཆོད་འབྱུང་པའི་སྒོ་ཆེན་པོ་ཞིག་དེ་ན་ཡོད། དེ་དུས་ཟློག་པ་རྒྱག་ཡ་དང་སྲུང་བ་དང་ཚེ་སྒྲུབ་སོགས་དགེ་བ་བྱས་པ་ཡིན་ན་ནད་ཐོག་གི་སྨན་དང་དུས་ཐོག་གི་ཆར་པ་བཞིན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་བཅས་ཀྱི་གནད་ཆེན་པོ་ཡོད། དེ་བཞིན་དུ་གྱེར་ཆེན་རྒྱག་ཡ་དེ་ཚོ་ལུགས་སྲོལ་ཙམ་མ་ཡིན་པར་དགོས་པ་རྒྱུ་མཚན་ཤེས་ན་སངས་རྒྱས་ཀྱི་ཁྱད་བོན་ཚངས་དབྱངས་ཡན་ལག་དྲུག་བཅུ་སོགས་ཀྱི་རྒྱུ་ཡིན་ལ། གདངས་ཡིག་འབྲུག་མོ་ལྡིར་བ་ལས་ཀྱང་། ཁྲོ་ཕུར་གཉིས་ཀྱི་གདངས་ཡིག་འབྲུག་མོ་ལྡིར་བ་འདི། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱི་སྙན་བརྒྱུད་ཁྱད་པར་ཅན་འདི་ལ་བརྩོན་པའི་གང་ཟག་རྣམས། རྣམ་མཁྱེན་གོ་འཕང་ཐོབ་པར་ངེས་སོ། །ཞེས་གསུངས་པ་ལྟར་ཡིན་པས་དགོས་པ་རྒྱུ་མཚན་ཤེས་པའི་སྒོ་ནས་འབད་དགོས་པ་གལ་ཆེ་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་འདི་༢༠༢༠།༠༢།༢༢ཉིན་ཁྱུང་ཁྲི་ལྡེས་སྤེལ།

106510cookie-checkབོད་ས་ཕག་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་དགུ་གཏོར་ཆེན་མོ།
(སྤྱིའི་གཟིགས་གྲངས། 567 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གནས་ཚུལ་མཁ…
error: རྩོམ་འདི་བདག་དབང་ཅན་ཡིན།