ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གྱི་འདུལ་བའི་བརྒྱུད་རིམ་ངོ་སྤྲོད།

རྩོམ་པ་པོ། ཁྱུང་ཁྲི་ལྡེ།

༄༅། །ཞྭ་དཀར་གཡུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ལ་སྤང་སྒྱུར་གྲོལ་གསུམ་མམ། ཕྱི་བརྒྱུད་འདུལ་བ་མདོ་དང་། ནང་བརྒྱུད་གསང་བ་སྔགས། གསང་བརྒྱུད་བླ་མེད་རྫོགས་པ་ཆེན་པོ་དང་གསུམ་ཡོད། དེ་གསུམ་ལ་གཞི་ཡི་ལྟ་བ་གཏན་ལ་འབེབ་སྟངས། ལམ་སྒོམ་པ་ཉམས་སུ་ལེན་སྟངས། འབྲས་བུ་སྐུ་གཉིས་ཀྱི་གོ་འཕང་ཐོབ་སྟངས་ལ་ལྟ་བ་ཟབ་ཞན་གྱི་དབང་གིས་མི་འདྲ་བ་གསུམ་ཡོད། དེ་གསུམ་ཉམས་སུ་ལེན་མཁན་གྱི་གང་ཟག་ལའང་རིགས་མི་འདྲ་བ་གསུམ་ཡོང་གི་ཡོད་དེ། དཔེར་ན་རྫོགས་པ་ཆེན་པོའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་ནས་བྱང་ཆུབ་སྒྲུབ་མཁན་འཇའ་ལུས་འཕོ་ཆེན་ཉེར་དྲུག་ལྟ་བུ་དང་། ཡང་གསང་བ་སྔགས་ཀྱི་སྒོམ་པ་ཉམས་སུ་ལེན་ནས་བྱང་ཆུབ་སྒྲུབ་མཁན་རྒྱལ་གཤེན་མི་ལུས་བསམ་ལེགས་དང་ནམ་མཁའ་སྣང་བ་མདོག་ཅན། རིག་འཛིན་སྟོང་རྒྱུང་མཐུ་ཆེན། མུ་ཁྲི་བཙན་པོ་ལྟ་བུ་དང་། ཡང་འདུལ་བ་མདོ་ཡི་བསླབ་པ་ཚུལ་ཁྲིམས་ཉམས་སུ་ལེན་ནས་བྱང་ཆུབ་སྒྲུབ་མཁན་འདུལ་བའི་བརྒྱུད་རིམ་ནང་གི་ཞང་ཞུང་གི་བརྒྱུད་པ་མངའ་རིས་ཀྱི་བརྒྱུད་པ། མདོ་ཁམས་ཀྱི་བརྒྱུད་པའི་བླ་མ་ལྟ་བུ་སྣ་ཁ་གསུམ་ཡོད། ཡང་མདོ་སྔགས་ཟུང་འབྲེལ་བྱེད་དེ། ལྟ་བ་རྫོགས་པ་ཆེན་པོ་ཉམས་སུ་ལེན་ཞིང་། སྒོམ་པ་གསང་སྔགས་ཀྱི་རིམ་གཉིས་སྒོམ། སྤྱོད་པ་འདུལ་བ་མདོ་ཡི་སོ་ཐར་གྱི་སྡོམ་པ་བསྲུངས་ནས་བྱང་ཆུབ་སྒྲུབ་མཁན་དཔེར་ན། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ། དགོངས་མཛོད་རི་ཁྲོད་ཆེན་པོ། འགྲོ་མགོན་བློ་གྲོས་རྒྱལ་མཚན། རྒྱལ་བ་མཉམ་མེད་ཆེན་པོ། སྤྲུལ་སྐུ་བློ་ལྡན་སྙིང་པོ། སྨན་རིའི་མཁན་རབས་རིམ་བྱོན། ཀུན་མཁྱེན་ཤར་རྫ་པ། ད་ལྟའི་རྒྱལ་བ་སྨན་རིའི་མཁན་སློབ་གཉིས་ལྟ་བུ་མང་པོ་ཡོད།

      བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ལ་ཕྱི་ནང་གསང་བ་གསུམ་ཡོད་པ་བཞིན། བརྒྱུད་རིམ་ལ་ཡང་མི་འདྲ་བ་གསུམ་ཡོད་པའི་ནང་ནས་སྐབས་འདིར་འདུལ་བའི་བརྒྱུད་རིམ་འཆད་པ་དེ་ལ། གང་ལས་བརྒྱུད་པ་དང་། ཇི་ལྟར་བརྒྱུད་པའི་ཚུལ་གཉིས་ཡོད།

སྟོན་པ་ཁྲི་གཙུག་རྒྱལ་བ་དང་མཚན་ལྡན་ཡིད་ཀྱི་ཁྱེའུ་བཞི།

སྟོན་པ་ཁྲི་གཙུག་རྒྱལ་བ་དང་མཚན་ལྡན་ཡིད་ཀྱི་ཁྱེའུ་བཞི།

   དང་པོ་གང་ལས་བརྒྱུད་པ་ནི། བདག་ཅག་གི་སྟོན་པ་དེ་ཉིད་གཤེན་ལོ་སོ་གཉིས་ཐོག་རབ་ཏུ་བྱུང་སྟེ་མཚན་ལ་ཁྲི་གཙུག་རྒྱལ་བ་གསོལ། དེ་ནས་བཀའ་ཐུབ་རྣམ་པ་གསུམ་མཛད་པའི་མཐར་འོལ་མོ་ལུང་རིང་དུ་འཁོར་ལ་སྡེ་བཞི་ཡ་བརྒྱད་ཕྱེས་ཏེ། ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། གཙུག་གཤེན་རྒྱལ་བས་མཁན་པོ་མཛད། འ་ཞ་གསང་བས་དཔང་པོ་མཛད། འབྱུང་བའི་གཤེན་བཞིས་ལོ་ཙཱ་མཛད་དེ་གཏོ་བུ་འབུམ་སངས་ལ་སོགས་ལ་དྲང་སྲོང་གི་སྡོམ་པ་གནང་། ཚངས་པ་གཙུག་ཕུད་ལ་སོགས་ལ་གཙང་གཙུག་གི་སྡོམ་པ་གནང་། ཀོང་ཚ་དབང་ལྡན་ལ་སོགས་ལ་ཁྱིམ་པའི་སྡོམ་པ་གནང་སྟེ། འདུལ་བ་རྒྱུད་དྲུག་དང་མངོན་པ་སྡེ་བཞི་སོགས་འདུལ་བའི་བོན་སྡེ་མང་པོར་གསུངས། དྲང་སྲོང་རྒྱལ་བ་སོགས་ཀྱིས་ཕོ་གླིང་ཁྲི་སྨོན་རྒྱལ་བཞད་དང་། གཤེན་ཟ་ནེའུ་ཆུང་སོགས་ཀྱིས་མོ་གླིང་ཁོལ་མ་ནེ་ཆུང་གཉིས་བཏབ་སྟེ་འདུལ་བའི་གནས་སྡེ་དབུ་བརྙེད། སྟོན་པ་མཆོག་གི་དངོས་སློབ། གཙུག་གཤེན་རྒྱལ་བ་དང་། དྲང་སྲོང་རྒྱལ་བ། གཙུག་སྲས་རྨ་བོ། ཁྲི་ལྡེ་གུང་གྲགས། གདུང་སོབ་མུ་ཆོ་ལྡེམ་དྲུག་བཅས་བྱུང་སྟེ་དེ་ཚོ་ལ་སྤྲུལ་སྐུའི་མཁན་བརྒྱུད་ཟེར།

    གཉིས་པ་ཇི་ལྟར་བརྒྱུད་པའི་ཚུལ་དེ་ལ། རྟག་གཟིགས་བརྒྱུད་པ་དང་། ཞང་ཞུང་བརྒྱུད་པ། མངའ་རིས་བརྒྱུད་པ། མདོ་གམ་བརྒྱུད་པ། དབུས་གཙང་བརྒྱུད་པ་དང་ལྔ་ཡོད། དང་པོ་སྟོན་པ་མྱང་ངན་ལས་འདས་ཏེ་གསུང་གི་བསྟན་པའི་དབུ་བརྙེད་པ་ནས་གདུང་སོབ་མུ་ཆོ་ལྷ་ཡུལ་ནས་འོལ་མོ་ལུང་རིང་ལ་ཕེབས་ཏེ་བོན་གྱི་འཁོར་ལོ་བསྐོར་ཏེ། འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་མཁས་ཤིང་གྲུབ་པ་ཐོབ་པ་མང་དུ་བྱུང་། དེའི་ནང་ནས་དམུ་ཙ་ཏྲ་ཧེས་མཚན་ལྡན་ཁྱེའུ་བཞི་འཇལ་ནས་དྲང་སྲོང་གཅིག་རྫོགས་སུ་མཛད། དེ་མཁན་བུ་ཁྲི་ལྡེ་འོད་པོ། དེའི་མཁན་བུ་ལྷང་ལྷང་གཙུག་ཕུད། དེའི་མཁན་བུ་ཐང་བ་ཡིད་རིང་། དེའི་མཁན་བུ་ཐུགས་ཀར་ཡེ་ཤེས། དེའི་མཁན་བུ་གུང་རུམ་ཡེ་ཤེས། དེའི་མཁན་བུ་འོད་ལྷ་གསལ་འབར། དེའི་མཁན་བུ་རྫུ་འཕྲུལ་ཡེ་ཤེས་བྱུང་། དེ་ལ་རྟགས་གཟིགས་ཀྱི་བརྒྱུད་པ་ཟེར།

     གཉིས་པ་ཞང་ཞུང་བརྒྱུད་པ་ནི། རྟག་གཟིགས་ཀྱི་མཁན་བརྒྱུད་ཐ་མ་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་ལ་ཕེབས། ཞང་ཞུང་གི་ཡུལ་ཡུ་ནེ་གུ་གེ་ཁོད་དཔལ་བྱ་བས་དང་པོ་རྨི་ལམ་དུ་མཇལ། དེ་ནས་ཉམས་སྣང་ལ་མཇལ། དེ་ནས་མངོན་གསུམ་མཇལ་ཏེ་ཚུལ་ཁྲིམས་རྫོགས་པར་ཞུས་ཏེ་ཚུལ་མིང་ཡེ་ཤེས་ཚུལ་ཁྲིམས་གསོལ། དེའི་མཁན་བུ་གཡུང་དྲུང་ཚུལ་ཁྲིམས། དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས་སོ། །དེ་གསུམ་ལ་ཞང་ཞུང་སྟོད་ཀྱི་བརྒྱུད་པ་ཟེར།

    གསུམ་པ་མངའ་རིས་བརྒྱུད་པ་ནི། ཞང་ཞུང་གི་བརྒྱུད་པ་ཐ་མ་གཙུག་ཕུད་ཚུལ་ཁྲིམས་མདུན་ནས་མངའ་རིས་པ་ག་ཆུ་གཙུག་ཕུད་རྒྱལ་བ་ཡིས་ཚུལ་ཁྲིམས་རྫོགས་པར་ཞུས། དེའི་མཁན་བུ་ཡ་གོང་ཡེ་ཤེས་རྒྱལ་བ་དང། ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་བྱུང་། ཡ་གོང་ཡེ་ཤེས་རྒྱལ་བས་སོ་ཐར་གྱི་སྡེ་བཟུང་། ཕམ་ཤིས་དཔལ་གྱི་དབང་ཕྱུག་གིས་དུས་ཆེན་གྱི་སྡེ་བཟུང་སྟེ་འདུལ་བའི་སྡེ་གཉིས་ཆགས། ཡ་གོང་གི་མཁན་བུ་ལྡེ་བཙུན་རབ་གསལ་དང་། དེའི་མཁན་བུ་མུ་ཟི་གསལ་བཟང་བྱུང་། དཔལ་གྱི་དབང་ཕྱུག་གི་མཁན་བུ་ཇོ་བཙུན་ཡེ་ཤེས་བྱུང་། ཡ་གོང་གི་བརྒྱུད་པ་ཉེར་ལྔ་དང་། ཕམ་ཤིའི་བརྒྱུད་པ་སུམ་ཅུ་འདས་པའི་དུས། ཞང་ཞུང་གི་རྒྱལ་པོ་མུ་ལ་མུ་སངས་དང་བོད་ཀྱི་རྒྱལ་པོ་དེང་ཁྲི་བཙན་པོའི་སྐབས་སུ་འདུལ་བསྟན་དར་ནུབ་བྱུང་། དེ་ཡན་ལ་མངའ་རིས་ཀྱི་བརྒྱུད་པ་ཟེར།

     བཞི་པ་མདོ་གམ་བརྒྱུད་པ་ནི། མུ་ཟི་གསལ་བཟང་ཚེ་ལ་རང་དབང་ཐོབ་པའི་སྐྱེས་བུ་ཡིན་པས་འདུལ་པའི་བསྟན་པ་འཛིན་པའི་ཆེད་དུ་མདོ་སྨད་ལ་ཕེབས་ཏེ། མདོ་སྨད་རྨ་རི་དེའུ་གསུམ་གྱི་བྲག་ཕུག་ནང་ལོ་སྟོང་དང་བརྒྱད་བརྒྱ་ལ་འགོག་པ་བཞུགས། དེ་ནས་སོག་པོ་སྤྲེལ་སླག་ཅན་གྱིས་མཇལ་ནས་འགོག་པ་ལས་གྲོལ་ཏེ་སོག་པོ་སྤྲེལ་སླག་ཅན་ལ་འདུལ་སྡོམ་གནང་སྟེ་ཚུལ་མིང་ཁྲི་འབར་ཚུལ་ཁྲིམས་གསོལ། དེའི་མཁན་བུ་རྒྱལ་བ་གཙུག་ཕུད། དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས། དེའི་མཁན་བུ་བླ་མུ་ཐུར་དགོངས་པ་རབ་གསལ་ཡིན། དེ་ལ་ཡ་ཟི་བོན་སྟོན་ཡང་ཟེར། ཚུལ་མིང་ཤེས་རབ་ཚུལ་ཁྲིམས་གསོལ། །དེའི་མཁན་བུ་གཉོས་བཙུན་རིན་རྒྱལ། དེའི་མཁན་བུ་ཀུན་དགའ་ཚུལ་ཁྲིམས་ཡིན་ནོ། །ཀུན་འགའ་ཚུལ་ཁྲིམས་ཀྱི་འདུལ་བའི་སློབ་མ་ལ་ཆོས་པའི་བླ་མ་གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། དབུས་ཀྱི་སྣུབས་མེས་ཚུལ་ཁྲིམས་ཤེས་རབ་སོགས་བྱུང་། །དེའི་ཡན་ཆད་ལ་མདོ་ཁམས་ཀྱི་བརྒྱུད་པ་ཟེར། (མདོ་ཁམས་དང་དབུས་གཙང་གི་བརྒྱུད་པའི་དབྱེ་མཚམས་འདྲ་མིན་ཡོད་ཀྱང་ད་ལན་རྗེ་ཡི་འདུལ་འགྲེལ་ལྟར་བཀོད་ཡོད།)

      ལྔ་པ་དབུས་གཙང་གི་བརྒྱུད་པ་ནི། མདོ་ཁམས་ཀྱི་བརྒྱུད་པ་ཐ་མ་ཀུན་དགའ་ཚུལ་ཁྲིམས་ལས། རིན་ཆེན་གཙུག་ཕུད་ཀྱིས་ཚུལ་ཁྲིམས་ཞུས། དེའི་མཁན་བུ་པྲ་ཕུད་ཚུལ་ཁྲིམས། དེའི་མཁན་བུ་གཉོས་ལག་དྲུག་སྟེ་ཚུལ་ཁྲིམས་ཡེ་ཤེས། དེའི་མཁན་བུ་ཤེར་བཙུན་གཡུང་དྲུང་། དེའི་མཁན་བུ་གུང་བཙུན་གཡུང་དྲུང་རྒྱལ་མཚན། དེའི་མཁན་བུ་ཚོང་བཙུན་ནམ་མཁའ་རྒྱལ་མཚན་དང་། གཡུང་བཙུན་ཇོ་གདུང་གཉིས་ཡིན། དེ་གཉིས་ལ་རྒྱལ་ཐེབས་མཁན་སློབ་རྣམ་གཉིས་ཟེར། དེའི་མཁན་བུ་ལ་སུམ་སྟོན་ཚུ་བླ་དང་དགོངས་མཛོད་རི་ཁྲོད་གཉིས་སོ། །དགོངས་མཛོད་ཀྱི་མཁན་བུ་མེ་སྟོན་ཤེས་རབ་འོད་ཟེར། དེའི་མཁན་བུ་གཤེན་སྟོན་ནམ་མཁའ། དེའི་མཁན་བུ་གཡོར་པོ་མེ་དཔལ། དེའི་མཁན་བུ་འ་ཞ་བདུད་རྩི་རྒྱལ་མཚན། དེའི་མཁན་བུ་འ་ཞ་བློ་གྲོས་རྒྱལ་མཚན་དང་བྲུ་སྟོན་དར་མ་རྒྱལ་མཚན་གཉིས་སོ། །སུམ་སྟོན་ཚུལ་བླའི་མཁན་བུ། བྲུ་རྗེ་བཙུན་དང་འགྲོ་མགོན་མར་སྟོན་རྒྱལ་ལེགས་གཉིས་སོ།། མར་སྟོན་གྱི་མཁན་བུ་བར་ཐང་ཞང་སྟོན། དེའི་མཁན་བུ་སུམ་སྟོན་ལྷ་འབུམ། བྲུ་སྟོན་དར་མ་དང་སུམ་སྟོན་ལྷ་འབུམ་གཉིས་མཁན་སློབ་མཛད་པའི་མཁན་བུ་གཤེན་བློ་གྲོས་རྒྱལ་མཚན་ཡིན། (འདུལ་བའི་རྒྱུད་ཕྱག་ནང་། ཤེས་རབ་སྟོབས་རྒྱས་འགྲོ་མགོན་བློ་གྲོས་དང་། །ཞེས་པའི་འགྲོ་མགོན་བློ་གྲོས་དེ་གཡས་རུ་སྟོན་པ་བཅོ་བརྒྱད་ནང་གི་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མ་ཡིན་པ་གཤེན་བློ་གྲོས་རྒྱལ་མཚན་ཡིན་ནོ།།) དེའི་མཁན་བུ་གཤེན་ཡེ་ཤེས་བློ་གྲོས། དེའི་མཁན་བུ་སྨན་གོང་འདུལ་བ་བློ་གྲོས། དེའི་མཁན་བུ་སྨན་གོང་ཤེས་རབ་བློ་གྲོས། དེའི་མཁན་བུ་རྒྱལ་རོང་གཡུང་དྲུང་ཡེ་ཤེས། དེའི་མཁན་བུ་ཚུལ་ཁྲིམས་ཡེ་ཤེས་། དེའི་མཁན་བུ་མཉམ་མེད་ཤེས་རབ་རྒྱལ་མཚན་ཡིན་ནོ། །

    རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་ཞབས་ལ་གུ་དུན་ཧྲུན།  དེ་ནས་བརྒྱུད་པ་སྨན་རིའི་མཁན་རབས་རིམ་བྱོན་ཏེ། རིན་ཆེན་རྒྱལ་མཚན། ནམ་མཁའ་ཡེ་ཤེས། ཀུན་བཟང་རྒྱལ་མཚན། རིན་ཆེན་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། བསོད་ནམས་ཡེ་ཤེས། བསོད་ནམས་གཡུང་དྲུང་། ཤེ་ཙུ་དྲུང་མུ། ཤེས་རབ་འོད་ཟེར། གཡུང་དྲུང་རྒྱལ་མཚན། ཤེས་རབ་བློ་གྲོས། ཤེས་རབ་འོད་ཟེར། གཙུག་ཕུད་འོད་ཟེར། གཡུང་དྲུང་ཚུལ་ཁྲིམས། རིན་ཆེན་འོད་ཟེར། རིན་ཆེན་ལྷུན་གྲུབ། ཤེས་རབ་བསྟན་འཛིན། ཤེས་རབ་དབང་རྒྱལ། གཡུང་དྲུང་དབང་རྒྱལ། ཕུན་ཚོགས་རྣམ་རྒྱལ། བསོད་ནམས་བློ་གྲོས། ཉི་མ་བསྟན་འཛིན། བསོད་ནམས་ཕུན་ཚོགས། ཤེས་རབ་གཡུང་དྲུང་། སངས་རྒྱས་བསྟན་འཛིན། བསྟན་འཛིན་ཚུལ་ཁྲིམས། ཕུན་ཚོགས་བློ་གྲོས། རྒྱལ་བ་བློ་གྲོས། བསྟན་པ་བློ་གྲོས། ཉི་མ་དབང་རྒྱལ། ཤེས་རབ་བློ་གྲོས་དང་། ད་ལྟའི་རྒྱལ་བ་སྨན་རི་བའི་བསྟན་པའི་གཙུག་རྒྱན་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དང་། ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་གཉིས་ཀྱི་བར་དུ་བརྒྱུད་པའི་ཟམ་མ་ཆད་པར་གནས་སོ། །

     འདུལ་བ་སྟོད་ལུགས་ཀྱི་བརྒྱུད་རིམ་ནི། དང་པོ་བོད་ཀྱི་བཙན་པོ་ཁྲི་རྩེ་འབུམ་གྱི་རིང་ལ། དང་ར་ཁྲི་སྒྲ་ཡིས་སྟག་གཟིག་ཡུལ་ནས་ཞུས་ཏེ་བོད་ལ་སྤེལ། ཡར་ལུང་འཕན་ཐང་རྩེ་རུ་གནས་དགོན་བཅས། དེ་རྗེས་ཁྲི་སྲོང་གིས་བོན་སྣུབ་སྐབས། སྐ་བ་རྣམ་ཁྲི། རྒྱལ་ཁྲི་བཙན་གསལ། མཐའ་བཞི་ཨུ་སངས་གསུམ་གྱིས་བོན་སྡེ་རྣམས་ཁྱེར་ཏེ་སྟག་གཟིག་ཡུལ་དུ་བྲོས། དེ་ཡི་རྗེས་སུ་ལ་སྒྲགས་མི་ལྔ་འབྲེངས་ཏེ། ལོ་སོ་ལྔ་མཚམས་ནས་མི་གསུམ་ཕྱིར་འཁོར་ཏེ། ཡང་བོན་དོན་གྲུབ་དང་། སྣ་བོན་སྣང་ལྡན། སྔགས་བོན་མངའ་སྙེམས་གསུམ་གྱིས་ལ་སྒྲགས་ཡུལ་དུ་འདུལ་བ་སྤེལ་ཏེ་ལ་སྟོད་འདུལ་བའི་གནས་སྡེ་ཆགས། དེ་དག་གི་མཁན་བུ་ཅོ་གཡུང་དང་། ལྡེ་བོན་འཕན་བཟང་། གཉོས་ཀྱི་དབང་རྒྱལ། ཐོ་དཀར་མེ་ཁྲི། མགར་གྱི་ཡེ་ཤེས། མཚོན་ན་བསེ་ཁྲི། གསས་ཀྱི་གུང་ཁྲི། ལྷ་བཟང་ཁུ་བྱུག་བཅས་བྱུང་། དེའི་མཁན་བུ་དགེ་འཕེལ་དགེ་བཟང་དགེ་གསུང་གསུམ་བྱུང་། དེ་ལས་སྨད་ལུགས་ཀྱི་འདུལ་བའི་བརྒྱུད་འཛིན་པ་གཉོས་ལག་དྲུག་སྟེ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཞུས་ཏེ་དེ་ནས་སྟོད་སྨད་ཀྱི་སྡོམ་པ་གཉིས་བརྒྱུད་པ་རྐང་གཅིག་ཏུ་གྱུར་ཏེ། ཁོང་ལ་བཀའ་བརྒྱུད་གཉིས་སྤེལ་ཚུལ་ཁྲིམས་ཡེ་ཤེས་ཞེས་གྲགས་སོ། །ཞེས་རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་ངོ་སྤྲོད་འདི་ཁྱུང་ཁྲི་ལྡེས་བྲིས།། །།

(སྤྱིའི་གཟིགས་གྲངས། 235 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།