ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་གསང་སྔགས་བཀའ་དབང་གི་བསྟན་པ་རྗེས་བཞག་མཛད་པའི་སྐོར།

དེ་ཡང་རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ ༡༩༥༢ ལོར་རྒྱལ་བ་སྨན་རི་བའི་སློབ་དཔོན་གྱི་བཞུགས་ཁྲིར་མངའ་གསོལ་ནས། མཁན་ཆེན་ཉི་མ་དབང་རྒྱལ་རིན་པོ་ཆེ་དང་། མཁར་སྣའི་རྒྱལ་ཚབ་ཟུར་པ་གཡུང་དྲུང་རྒྱལ་མཚན། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན། ཡོངས་འཛིན་སངས་རྒྱས་བསྟན་འཛིན། མཁན་ཆེན་བསྟན་པ་བློ་གྲོས། དམུ་གཤེན་འཛམ་གླིང་རིན་པོ་ཆེ་སོགས་ཀྱི་དྲུང་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་རྣམས་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཏེ་གསང་གསུམ་བོན་གྱི་བརྒྱུད་པ་ཀུན་འཆང་གི་མངའ་བདག་མཛད། ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་ནས་སྨན་རིའི་མཁན་སློབ་རྣམ་པ་སོགས་ཕྱི་ཡུལ་དུ་ཕེབས་དགོས་བྱུང་ཡང་། རྒྱ་བལ་གྱི་ཡུལ་དུ་བོན་བསྟན་སླར་གསོའི་མཛད་ཕྲིན་བསྐྱངས་ཏེ་བཀའ་དབང་སྔ་རྗེས་ཐེངས་མང་པོ་གནང་བ་ལས་གཙོ་ཆེར་འགའ་ནི། ༡༩༦༨ལོར་སྨན་རིའི་ཁྲི་འཛིན་སོ་གསུམ་པ་བསྐོས་བཞག་གནང་ནས་ཕྱི་ནང་གསང་བའི་དབང་ལུང་རྒྱུན་མཐུན་མཛད།

༡༩༨༤ ལོར་རྗེ་བླ་མ་མཆོག་གིས་གདན་ས་སྨན་རིའི་གླིང་གི་མཁན་སློབ་དང་འདུས་མང་ལ་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཡོངས་རྫོགས་གནང་བ་ནི་ཕྱི་ཕྱོགས་སུ་འབྱོར་རྗེས་བཀའ་དབང་རྒྱས་གནང་མཛད་པ་ཐེངས་དང་པོ་དེ་ཆགས་ཡོད།

༡༩༨༦ ལོར་རྗེ་བླ་མ་མཆོག་གངས་ལྗོངས་སུ་ཐེངས་དང་པོ་ཞབས་སོར་བཀོད་དེ་བོད་ཡུལ་སྟོད་སྨད་གང་སར་ཕེབས་ནས་དབང་ལུང་མན་ངག་གི་བརྒྱུད་ཁག་མཐུད་ཅིང་། རིན་པོ་ཆེ་མཆོག་ལ་སྔར་དབང་རྒྱུན་མ་ཐོབ་པ་རྣམས་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་སོགས་བོད་ཀྱི་བླ་མ་རྒན་གྲས་རྣམས་ཀྱི་མདུན་ནས་དབང་བརྒྱུད་བཞེས་གནང་།

༡༩༩༢ ལོར་རྗེ་བླ་མ་མཆོག་བོད་ཡུལ་ཐེངས་གཉིས་པར་ཕེབས་ཏེ་གཤེན་སྲས་ནོར་བུ་དབང་རྒྱལ་ཡབ་སྲས་སོགས་ལ་མ་རྒྱུད་དབང་བཞི་རྗེས་གནང་དང་བཅས་པ་བསྩལ།

༢༠༠༡ བོད་ལྕགས་སྦྲུལ་ལོར་རྗེ་བླ་མ་ཉིད་ཀྱི་ཐུགས་སྲས་སློབ་དཔོན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་མཁན་པོར་ཁྲི་བཞེངས་གནང་བ་དང་འབྲེལ། ཧོར་ཟླ་གཉིས་པ་དང་གསུམ་པའི་ནང་རྗེ་བླ་མ་མཆོག་གིས་གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཡི་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་བརྒྱད་ཅུ་ལྷག་དང་བོན་སྐྱོང་སྲུང་མའི་རྗེས་གནང་བཅས་བསྩལ་མཛད་པ་ནི་ཕྱི་ཕྱོགས་སུ་བཀའ་དབང་རྒྱས་གནང་མཛད་པ་ཐེངས་གཉིས་པ་ཆགས་ཡོད།

ཆོས་བརྒྱུད་གཞན་ནས་ཆོས་རྒྱལ་ནམ་མཁའི་ནོར་བུ་འཁོར་བཅས་བོན་གཞིས་སུ་ཕེབས་སྐྐབས་རྗེ་བླ་མ་མཆོག་གིས་ཞང་ཞུང་མེ་རིའི་བཀའ་དབང་གནང་བ་དང་། འཇང་དྲུང་པ་རིན་པོ་ཆེ་ལ་ཁྱུང་དམར་གྱི་དབང་ཡང་གནང་།

ད་ལོ་བོད་ས་ཕག་ལོའི་ཟླ་ལྷག་དང་བསྟུན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་གིས་བཀའ་དབང་གོ་སྒྲིག་གནང་སྟེ། རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དུས་རྒྱུན་གཙིགས་ཆེར་གནང་བའི་དབང་རྒྱུན་ཡི་དམ་རིག་འཛིན་མཁའ་འགྲོའི་བོན་སྐོར་རྣམས་གནང་རྒྱུའི་བཀའ་ཡི་ཞལ་བཞེས་གནང་བ་བཞིན། མཁན་སློབ་རྣམ་པ་དང་འདུས་མང་བཅས་རྒྱལ་ཕྱི་ནང་གི་བོན་འབངས་བརྒྱ་ཕྲག་དུ་མ་ལ། རྗེ་བླ་མ་མཆོག་གིས་ ༢༠༡༩ ༢ ༢༦ ཉིན་ཚེ་དབང་རྒྱ་གར་མའི་བཀའ་དབང་གནང་བ་དང་། 

༢༠༡༩ ༢ ༢༧ ཉིན་ཚེ་དབང་བོད་ཡུལ་མའི་བཀའ་དབང་མི་དྲེད་མའི་རྗེས་གནང་དང་བཅས་པ་གནང་།

༢༠༡༩ ༣ ༡ ནས་ ༧ བར་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་དབང་བཞི་གནང་།

༢༠༡༩ ༣ ༡༠ ཉིན་གསང་མཆོག་གསང་བ་དབྱིངས་རོལ་རིག་པ་ཁུ་བྱུག་གི་དབང་གནང་། 

༢༠༡༩ ༣ ༡༣ ཉིན་མཁའ་འགྲོ་སྐལ་བཟང་གི་དབང་གནང་། 

༢༠༡༩ ༣ ༡༥ ཉིན་ཟང་གཏེར་རིག་འཛིན་འདུས་པའི་དབང་གནང་། ༢༠༡༩ ༣ ༡༧ ཉིན་ཞང་ཞུང་མེ་རིའི་དབང་དང་། སྙན་རྒྱུད་ཡེ་དབང་ཆེན་མོ། སྤྲོས་བྲལ་རིག་པའི་རྩལ་དབང་བཅས་ཀྱི་བཀའ་དབང་བཀའ་དྲིན་བསྐྱངས་པ་དང་།

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ ༢༠༡༩ ༣ ༡༢ ཉིན་སྙ་ཆེན་ལི་ཤུའི་དབང་དང་། ༢༠༡༩ ༣ ༡༣ ཉིན་རིག་འཛིན་འདུས་པ་ཐབས་ཆེན་མཁའ་རྒྱུད་བཅས་ཀྱི་བཀའ་དབང་བཀའ་དྲིན་བསྐྱངས་ཏེ་ ༢༠༡༩ ༣ ༡༧ ཉིན་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༣ ༡༧ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 1,854 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མི་ལོ་སྟོང…
error: རྩོམ་འདི་བདག་དབང་ཅན་ཡིན།