ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་དྲི་མེད་གཟི་བརྗིད་པོད་བཞི་པའི་མཚམས་སྦྱོར།

གཤེན་གྱི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བཞི་པའི་ནང་དུ་གཤེན་རབ་དགུང་ལོ་བདུན་ནས་བཅུ་གཉིས་བར་གྱི་མཛད་རྣམ་འཁོད་ཡོད། སྤྱིར་གཟི་བརྗིད་ལེའུ་དྲུག་ཅུ་རེ་གཅིག་ཡོད་པ་ལས། པོད་འདིར་ལེའུ་བཅུ་བཞི་པ་ཐེག་པ་བདུན་པ་ཨ་དཀར་གྱི་བོན་གཏན་ལ་ཕབ་པའི་མདོ་དང་། ལེའུ་བཅོ་ལྔ་པ་ཐེག་པ་བརྒྱད་པ་ཡེ་གཤེན་ཐེག་པའི་མདོ། ལེའུ་བཅུ་དྲུག་པ་ཐེག་པ་དགུ་པ་བླ་མེད་ཐེག་པའི་དོན་གཏན་ལ་ཕབ་པའི་མདོ། ལེའུ་བཅུ་བདུན་པ་སྐད་འགྱུར་སོ་སོའི་བོན་བསྟན་པའི་མདོ། ལེའུ་བཅོ་བརྒྱད་པ་གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བའི་མདོ། ལེའུ་བཅུ་དགུ་པ་བདེ་བར་གཤེགས་པ་བྱམས་ལྡན་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག ལེའུ་ཉི་ཤུ་པ་བསྟན་པ་རིན་པོ་ཆེ་རབ་ཏུ་བརྟན་པར་མཛད་པ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཆོ་ག་བཅས་ཁྱོན་བསྡོམས་ལེའུ་བདུན་ཡོད། 

དེ་ཡང་གཤེན་རབ་དགུང་གྲངས་བདུན་བཞེས་སྐབས། ཡུལ་འོལ་མོ་ལུང་རིང་གིས་ལྷོ་ཤར་བདུད་འདུལ་སྔགས་ཀྱི་གླིང། གྲོང་ཁྱེར་ཆེན་པོ་ཤ་ཟ་འཚམས་གླིང་གི་དབུས། གསས་ཁང་ཁ་རག་བདུད་འདུལ་གྱི་མདུན་དུ་ཕྱི་ནང་གསང་བའི་འཁོར་ཚོགས་དང་བཅས་བཞུགས་སྐབས། འཁོར་ལྷ་ཡི་གཤེན་པོ་གསང་བ་འདུས་པའམ་དབང་ལྡན་གཙུག་ཕུད་ཀྱིས་ཞུས་ངོར་<<ཐེག་པ་བདུན་པ་ཨ་དཀར་ཐེག་པ་གཏན་ལ་ཕབ་པའི་མདོ་>>གསུངས། གསང་སྔགས་ཆབ་དཀར་ནག་པོ་དང་ཨ་དཀར་བཅས་ཀྱི་སྒྲ་དོན་ནི། “གསང་ཞེས་བྱ་བ་བླ་ན་མེད། །སྔགས་ཞེས་བྱ་བ་རྨད་དུ་བྱུང་། །ཆབ་དཀར་ནག་པོ་སྔགས་ཀྱི་བོན། །ཆབ་ནི་འཁོར་བ་སྒྲོལ་བ་ལ། །དཀར་ནི་བག་ཆགས་སྐྱོན་དང་བྲལ། །ནག་པོ་མི་འགྱུར་བོན་ཉིད་དབྱིངས། །སྔགས་ནི་དོན་དམ་བདེན་པས་སྔགས། །ཨ་དཀར་ཐབས་ཤེས་གཉིས་སུ་མེད།” ཅེས་དང་། ‘སྤྱི་རུ་རྣམ་གྲངས་བསྟན་པ་ནི། །ཆབ་དཀར་ནག་པོ་སྔགས་ཀྱི་བོན། །སྤྱི་རུ་རྒྱ་ཆེ་གྲངས་མང་ཡང་། །སྤྱི་སྡེ་ཆེན་པོ་རྣམ་པ་དགུ། །གསས་མཁར་གསང་བའི་སྒོ་དགུ་སྟེ། །” ཞེས་གསས་མཁར་གསང་བ་སྒོ་དགུ་ནི། ༡རིན་ཆེན་སྤྱི་སྤུངས་གསས་མཁར། ༢གཡུང་དྲུང་ལྷ་རྩེའི་གསས་མཁར། ༣བ་གམ་ལྷ་རྩེའི་གསས་མཁར། ༤པདྨ་གླིང་ཆེན་གསས་མཁར། ༥གཡུ་རྩེ་འོད་འབར་གསས་མཁར། ༦མེ་རི་འབར་བའི་གསས་མཁར། ༧ལྷུན་པོ་བརྩེགས་པའི་གསས་མཁར། ༧གསང་བ་མཛོད་ཆེན་གསས་མཁར། ༩མཚོན་ཆ་མེ་དབལ་གསས་མཁར་དང་དགུ་འོ། །དེ་ལས་ཡན་ལག་ཉི་ཤུ་རྩ་བདུན། ཉིང་ལག་བརྒྱ་དང་རྩ་བརྒྱད་གྱེས་ཚུལ་དང་། བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་སྔགས་ལམ་ཟབ་མོ་ཉམས་སུ་ལེན་ཚུལ་དང་། འཕྲལ་གྱི་དྲོད་རྟགས་དང་མཐར་ཐུག་གི་འབྲས་བུ་ཇི་ལྟར་འབྱུང་ཚུལ་བཅས་གསུངས་ནས་ལྷ་གཤེན་གསང་བ་འདུས་པ་ལ་གཉེར་དུ་གཏད། “སླད་ནས་ཀྱང་གཤེན་རབ་གསང་འདུས་དང་། །ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས། །དུར་ཁྲོད་ཆེན་པོའི་གླིང་དཀྱིལ་འཁོར་གྱི། །གསས་མཁར་ཁ་རག་བདུད་འདུལ་ལ། །བསྐོར་བ་བྱེད་ཅིང་ལྷ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །བདུད་འདུལ་སྔགས་ཀྱི་གླིང་ཆེན་དུ། །ཨ་དཀར་བོན་གྱི་འཁོར་ལོ་བསྐོར། །བསྙེན་དང་སྒྲུབ་དང་འཕྲིན་ལས་སྦྱོར། །གསང་བ་སྔགས་ཀྱི་བསྟན་པ་རྒྱས།” ཞེས་གསུངས་སོ།།

གཤེན་རབ་དགུང་ལོ་བརྒྱད་བཞེས་སྐབས་འོལ་མོ་གླིང་ཆེན་གྱི་ལྷོ་ཕྱོགས་ཚད་མེད་བྱང་ཆུབ་ཀྱི་གླིང་། རི་བོ་ཆེན་པོ་གངས་གླིང་ཁྲོད་ཀྱི་རྩ་བ། བྱང་ཆུབ་ཤིང་གི་ནག་ཚལ་ལ་ཕེབས་ནས། འཁོར་ཉིད་ལས་སྤྲུལ་པའི་འཁོར་ཡིད་ལས་བྱུང་བ་ལྷ་ཡི་སྟོན་པ་ཡེ་གཤེན་གཙུག་ཕུད་ཀྱི་ཞུས་ངོར་<<ཐེག་པ་བརྒྱད་པ་ཡེ་གཤེན་གྱི་ཐེག་པའི་མདོ་>>གསུངས། “གང་ཞིག་ཕྱི་རབས་གང་ཟག་གཤེན་པོ་རྣམས། །བརྒྱད་ཁྲི་བཞི་སྟོང་ཕྱི་ནང་གསང་གསུམ་དང་། །སྒོ་བཞི་མཛོད་ལྔ་ཐེག་རིམ་གང་སྤྱོད་ཀྱང་། །བྱང་ཆུབ་སེམས་ཀྱི་གནས་ཚུལ་མ་ཤེས་ཤིང་། །འཁོར་འདས་གཞི་རྩ་གྲོལ་ཚུལ་མ་རྟོག་ན། །བསྐལ་པར་བསྒྲུབ་ཀྱང་དོན་མེད་ཚིགས་སུ་ཐལ། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསླབ་པ་གཅེས། །ཡེ་གཤེན་ཐེག་པའི་བོན་འདི་ངོ་མཚར་ཆེ། །ཡེ་གཤེན་གཙུག་ཕུད་ཐུགས་ཀྱི་དཀྱིལ་དུ་ཞོགས།”ཞེས་པས་དགོས་དམིགས་བསྟན།  དེ་ལས་རྩ་བའི་རྒྱུད་སྡེ་གཉིས་ནི། དུག་ལྔ་གནས་དག་མཚན་བཅས་ཐབས་ཀྱི་རྒྱུད། །ཡེ་ཤེས་ངང་གནས་མཚན་མེད་ཤེས་རབ་རྒྱུད་གཉིས་དང་། མཚན་བཅས་ལས་དྲུག མཚན་མེད་ལས་དྲུག ཐུན་མོང་སྤྱི་རྒྱུགས་ལས་དྲུག་ཏུ་གྱེས་པའི་ཡན་ལག་བཅོ་བརྒྱད། ཉིང་བརྒྱ་ཅུ་གྱ་གཅིག་ནི། “མ་རིག་བློ་སྒོ་འབྱེད་པའི་ལྡེ་མིག་དགུ། །རིག་པའི་ཡེ་ཤེས་གསལ་བའི་མེ་ལོང་དགུ། །གབ་སྦས་གསལ་བར་བྱེད་པའི་སྒྲོན་མེ་དགུ། །མན་ངག་གུད་དུ་སྦས་པའི་ཡང་ཞུན་དགུ། །རྩ་རླུང་གནད་དུ་བསྣུན་པའི་མན་ངག་དགུ། །ལུང་མཐའ་ཚིག་གིས་སེལ་བའི་རྣམ་དབྱེ་དགུ། །ཚིག་མཐའ་ལུང་གིས་གནོན་པའི་ལུང་ནོན་དགུ། །ལུས་སེམས་མཉམ་པར་གནས་པའི་ཅོག་གཞག་དགུ། །མན་ངག་གནད་དུ་བསྣུན་པའི་གདམས་པ་དགུ། །དེ་ལྟར་དགུ་དགུ་བརྒྱད་ཅུ་རྩ་གཅིག་སྟེ། །”  ཞེས་སོགས་ཡེ་ཤེས་ཐེག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་ཚང་ལ་མ་ནོར་བར་བསྟན་དེ་ཡེ་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་དོ།།

གཤེན་རབ་དགུང་ལོ་དགུ་བཞེས་སྐབས་སུ་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི་ནུབ་ཕྱོགས། མི་གཡོ་བསམ་གཏན་གྱི་གླིང་ལ་བྱོན་ནས། གཤེན་གྱི་ཕོ་བྲང་ཆེན་པོ་དགུ་ཁྲི་གླིང་མཁར་གྱི་དབུས་སུ་བཞུགས་ཏེ། འཁོར་ཚད་མེད་འོད་དང་ལྡན་པའི་གཙུག་ཕུད་ཅན་གྱི་ཞུས་ངོར་<<ཐེག་པ་དགུ་པ་བླ་མེད་ཀྱི་དོན་གཏན་ལ་ཕབ་པའི་མདོ་>>གསུངས། “ཉོན་ཅིག་ཚད་མེད་གཙུག་ཕུད་ཉོན།  །བྱང་ཆུབ་སེམས་ཉིད་རིན་པོ་ཆེ། །གདོད་ནས་ཡེ་སངས་རྒྱས་པའི་ངང་། །གནས་ལུགས་རིག་པའི་ངོ་བོ་ཉིད། །ཀ་དག་ཆེན་པོ་འདུས་མ་བྱས། །འཁོར་འདས་ཀུན་གྱི་གཞི་རྩ་བྲལ། །མ་བཅོས་རྩལ་བྲལ་ཆེན་པོ་ལས། །དང་པོར་གནས་པའི་བྱུང་ཁུངས་དང་། །བར་དུ་བསྒྲོད་པའི་ལམ་གནས་དང་། །ཐ་མར་ཕྱིན་པའི་ས་མེད་ཅིང་། །འགྲོ་འོང་མཚན་མ་མ་གྲུབ་སྟེ། །ཚིགས་སུ་བརྗོད་པའི་དོན་མེད་ཀྱང་། །འོན་ཀྱང་རྟགས་ཆད་མཐའ་བསལ་ཞིང་། །མ་རྟོག་སེམས་ཅན་བཀྲིད་ཕྱིར་དུ། །ཚིགས་སུ་བརྗོད་དེ་བཤད་པར་བྱ། “ཅེས་པས་དགོས་ཆེད་བསྟན། དེ་ནས་གཞི་ལམ་འབྲས་བུ་གསུམ། །ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ངེས་དོན་ཐིག་ལེ་ཉག་གཅིག་ཉམས་སུ་ལེན་ཚུལ་དང་། སྤྱིར་བླ་མེད་ཐེག་པའི་གཞུང་ལ་རྒྱུད་ལུང་མན་ངག་གསུམ་དུ་ཕྱེས་ནས། བྱེ་བྲག་ཏུ་རྒྱུད་ལ་གསུམ། ལུང་ལ་དྲུག མན་ངག་བཅུ་གཉིས་སུ་དབྱེ་ཚུལ་དང་ཕན་ཡོན་བཅས་བསྟན་ཏེ་ཚད་མེད་འོད་ཀྱི་གཙུག་ཕུད་ཅན་ལ་གཉེར་དུ་གཏད་དོ།།  

གཤེན་རབ་དགུང་ལོ་བཅུ་བཞེས་སྐབས་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི་དབུས།   གྲོང་ཁྱེར་ཡངས་པ་ཅན་གྱི་དཀྱིལ། སྐུ་མཁར་བར་པོ་སོ་བརྒྱད་ཀྱི་རྩེ་ལ་བཞུགས་པ་སྐབས། སྟོན་ཟླ་ར་བའི་ཉ་ལ། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་བཀའ་ཕྲིན་བཞིན་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་གཤེགས། འགྲོ་འདུལ་འོད་ཟེར་འཇིག་རྟེན་དུ་སྤྲོས་ཏེ་འཁོར་ཡེ་གཤེན་ཡེ་ཤེས་ཐིག་ལེ་དང་། བྱ་ཁྱུང་དང་འདབ་ཆགས་སུམ་བརྒྱ་དྲུག་ཅུ་སོགས་ལ་<<སྐད་འགྱུར་སོ་སོའི་བོན་བསྟན་པའི་མདོ་>>བསྟན་ཏེ་སྒྲ་སྐད་སྤྱི་སྒོས་བྱེ་བྲག་ཏུ་ཕྱེས་ནས་སྐད་འགྱུར་སུམ་བརྒྱ་དྲུག་ཅུའི་རྣམ་བཞག་གཏན་ལ་ཕབ།

གཤེན་རབ་དགུང་ལོ་བཅུ་གཅིག་བཞེས་སྐབས་འོལ་མོ་ལུང་རིང་གི་ཤར་ཕྱོགས། གཅན་གཟན་འཁྲོ་བའི་གླིང་ཁྱི་ན་ཚུག་གི་ཡུལ་དབུས། གྲོང་ཁྱེར་ཆེན་པོ་ཁྲོ་བ་ཞི་བདེ་གླིང་གི་དབུས་སུ་སྐུ་མཁར་པ་ལ་པིང་ཐོག་རྩེར་བཞུགས་སྐབས། རྒྱལ་པོ་དར་མ་ར་ཙས་ཞུས་ངོར་<<གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བའི་མདོ་>>གསུངས། “ཉོན་ཅིག་རྒྱལ་པོ་དར་མ་ར་ཙ་ཉོན། །མི་དགེ་སྡིག་ལ་ཤིན་ཏུ་འགྱོད་བསྐྱེད་ཅིང་། །དགེ་ལ་མོས་པ་ཤིན་ཏུ་ངོ་མཚར་ཆེ། །འགྲོ་ལ་སྡིག་པ་བྱ་བ་ལོས་སོ་ཡོད། །དེ་ལ་བཤགས་ན་མི་འབྱོང་གཅིག་ཀྱང་མེད། །མཚམས་མེད་ལྔའི་ལས་ཀྱང་བཤགས་ན་འབྱང་། །དགེ་ལ་ལོག་པར་ལྟ་བ་བཤགས་སུ་མེད། །བོན་ལ་ལྟ་བ་ལོག་ན་སྦྱངས་སུ་མེད། །གཤེན་ལ་གཤེ་བསྐུར་བཏབ་པ་ཚངས་སུ་མེད། །དེ་མིན་སྡིག་པ་ཀུན་ལ་བཤགས་སུ་ཡོད། །རྒྱལ་པོས་བཤགས་ན་འབྱོང་ན་བདག་གི་བཞེས། །སྡིག་སྒྲིབ་སྦྱང་བའི་ཐབས་མཆོག་བདག་ལ་ཡོད། །ཐར་པར་བགྲོད་པའི་ཐུགས་རྗེ་བདག་ལ་ཡོད། །དེ་གཉིས་ཟུང་འབྲེལ་ཕུན་ཚོགས་བྱ་བས་ཆོག” །ཅེས་གསུངས་ནས་ལྷ་ཀླུ་མི་གསུམ་གྱི་བཟོ་བོ་རྣམས་ལ་བཀའ་སྩལ་ཏེ་གསས་ཁང་བ་གམ་ལྷ་རྩེ་དགུང་ཟླ་གཅིག་གི་ཡུུན་བཞེངས་གྲུབ། <<བདེ་བར་གཤེགས་པ་བྱམས་ལྡན་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་>>ཞལ་ཕྱེས་ཏེ་མངའ་དབུལ་རབ་གནས་མཆོད་སྦྱིན་རྒྱས་པར་མཛད། ད་ལྟའི་སྟོན་འཁོར་ཡོན་མཆོད་འབྱུང་རྐྱེན་སྔོན་གནས་ལས་ཀྱི་འབྲེལ་བའི་ལོ་རྒྱུས་གསུངས་སོ།།

གཤེན་རབ་དགུང་ལོ་བཅུ་གཉིས་བཞེས་སྐབས་རྒྱལ་རིགས་དམུ་ཡི་རྒྱལ་ས་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་གྱི་དབུས། མཁར་བར་པོ་སོ་བརྒྱད་ཀྱི་ཕྱི་རོལ། གདན་སེངྒེའི་ཁྲི་ལ་བཞུགས་ནས། སའི་ལྷ་མོ་བརྟན་མ་དང་། ས་བདག་ཁྱབ་པ་དབང་ཆེན་གྱིས་ཞུས་ངོར། “ཉོན་ཅིག་ལྷ་མོ་བསྟན་མ་ཉོན། །བདག་ནི་འགྲོ་བའི་དཔལ་དུ་ཤར། །ཁྱོད་ནི་འཇིག་རྟེན་གཏོས་ཀྱི་བདག །དུས་དང་བསྟུན་པའི་རྟེན་འབྲེལ་འགྲིགས།” །ཞེས་གསུངས་ནས་དབང་ཆེན་ས་བདག་རྒྱལ་པོའི་ཕོ་བྲང་དུ་བདེ་གཤེགས་གསས་ཁང་བ་རབ་ཡོངས་འདུལ་བཞེངས་སུ་གསོལ་ཏེ་མངའ་དབུལ་རབ་གནས་ཀྱི་ཆེད་དུ་<<བསྟན་པ་རིན་པོ་ཆེ་རབ་དུ་བརྟན་པར་མཛད་པ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཆོ་ག་>>གསུངས། དུས་ཀྱི་འཁོར་ལོའི་མདོ་གཟུངས་མན་ངག་དང་བཅས་པ་གཏན་ལ་ཕབ་ནས། ས་བདག་གི་བོན་པོ་གསེར་ཐུབ་འོད་སྲུང་གཉེར་དུ་གཏད་དེ་གསས་ཁང་གི་བདག་ཏུ་བསྐོས་ཏེ་སླར་འོལ་མོ་ལུང་རིང་དུ་གཤེགས་སོ།། །། 

ཏི་སེའི་བུ་ནས་ ༢༠༡༩ ༡ ༧ ཉིན་བྲིས།

པར་རིས་དྲ་ལམ་གཞན་ནས་མཁོ་སྒྲུབ་ཞུས།

(སྤྱིའི་གཟིགས་གྲངས། 653 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།