ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་དྲི་མེད་གཟི་བརྗིད་པོད་བདུན་པའི་མཚམས་སྦྱོར།

བོན་དཔེ་དྲི་མེད་གཟི་བརྗིད་པོད་བདུན་པ་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་ཁམས་ཁྱུང་པོའི་ཡུལ་དུ་སྐུ་འཁྲུངས་(༡༣༦༠-༡༤༠༦)པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་ཁྱུང་ཡུལ་གསའ་བའི་བྲག་ར་ན་སྟངས་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་རྒྱུད་པའི་སྟོན་པའི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལ་པོད་བཅུ་གཉིས་དང་ལེའུ་དྲུག་ཅུ་རེ་གཅིག་ཡོད་པ་ལས་པོད་བདུན་པའི་ཇ་དུམ་འདི་ཡི་ནང་ལེའུ་ཉེར་དགུ་ནས་སོ་ལྔ་བར་ལེའུ་བདུན་ཡོད་དེ།

མཛད་པ་དྲུག་པ་རྣམ་པར་སྤྲུལ་པའི་མཛད་པ་སྟེ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། ཐབས་དང་ཤེས་རབ་སྲས་སྤྲུལ་པའི་མདོ། སྟོན་པས་ཆབ་སྲིད་འཛིན་པ་ཁབ་ཀྱི་དམ་པ་བཞེས་པའི་མདོ། སྟོན་པས་འགྲོ་འདུལ་འོད་ཟེར་གྱི་སྲས་སྤྲུལ་པའི་མདོ། སྟོན་པས་ལྷ་ལ་བོན་སྟོན་པའི་མདོ། ཁྲོ་བོ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། ཉོན་མོངས་ནད་སེལ་སྨན་ལྷའི་རྒྱལ་པོའི་འཀྱིལ་འཁོར་གྱི་ཆོ་ག་བསྟན་པའི་མདོ། ལེགས་སྤྱོད་སྨོན་ལམ་རྣམ་པར་དག་པའི་མདོ་བཅས་བཞུགས།

ལེའུ་སོ་སོའི་ནང་དོན་མདོར་བསྡུས་ངོ་སྤྲོད།

ལེའུ་ཉེར་དགུ་པ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཐབས་དང་ཤེས་རབ་སྲས་སྤྲུལ་པའི་མདོ་ཡི་ནང་དུ་ཐབས་དང་ཤེས་རབ་རོལ་པའི་ཚུལ་ལས་དབྱིངས་ཀྱི་བདེ་གཤེགས་ཀྱི་སྤྲུལ་པ་ཉེ་སྲས་བརྒྱད་དུ་འཁྲུངས་ཏེ། དེ་ཡང་འགྲོ་འདུལ་འོད་ཟེར་སྤྲོ་བའི་མཛད་པ་རྫོགས་ནས། བཀྲ་ཤིས་དཔལ་འབར་ཁབ་ཀྱི་མཛད་པ་ལ། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་བསྟན་པ་དང་། རབས་ཆད་དང་མ་ནིང་བྱ་བའི་ངག་གཅག་པའི་ཕྱིར། གྲོང་ཁྱེར་སུམ་བརྒྱ་དྲུག་ཅུ་རུ། ཡུམ་ལྷ་མོ་སུམ་བརྒྱ་དྲུག་ཅུས་བྱིན་གྱིས་བརླབས་པས། རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུའི་སྲས་མོ། མཚན་དང་ལྡན་པའི་མི་མོ་སུམ་བརྒྱ་དྲུག་ཅུ་ཁབ་ཏུ་བཞེས་ཏེ། གྲོང་ཁྱེར་ཆེན་པོ་ངོ་མཚར་ལྟད་མོ་ཅན་གྱི་བཀྲ་ཤིས་དཔལ་འབར་དུ། དགའ་བདེ་དང་རོལ་མོ་ཕུན་སུམ་ཚོགས་པ་རུ་གནས་ནས་ཐབས་དང་ཤེས་རབ་རོལ་པའི་ཚུལ་ལས་དབྱིངས་ཀྱི་བདེ་གཤེགས་ཀྱི་སྤྲུལ་པ་ཉེ་སྲས་བརྒྱད་དུ་འཁྲུངས། དེ་ཡང་ཧོས་བཟའ་རྒྱལ་མེད་ལ་སྲས་གཏོ་བུ་འབུམ་སངས་དང་དཔྱད་བུ་ཁྲི་ཤེས་གཤེན་བཟའ་ནེའུ་ཆུང་གསུམ་འཁྲུངས། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གཏོ་རབས་ཤིང་ལོ་རྒྱས་པར་གཏན་ལ་ཕབ་ནས་སྲས་གཏོ་བུ་འབུམ་སངས་ལ་སྟོན། དཔྱད་ཀྱི་རྒྱུད་སྡེ་ཆེན་པོའི་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ།  མན་ངག་ཡན་ལག་བརྒྱད་ལྡན།  ཉིང་ལག་ཉི་ཁྲི་ཆིག་སྟོང་དུ་གཏན་ལ་ཕབ་ནས་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད། བྱང་སེམས་གསལ་བའི་སྒྲོན་མ།  ཕར་ཕྱིན་རྒྱུད་ཀྱི་མདོ་རྩ་དང་།  ལམ་ལྔ་ཡེ་ཤེས་མཆོག་སྒྲོན།  སྐུ་གསུམ་འབྲས་བུའི་དོན་དམ་དང་བཞི་གཏན་ལ་ཕབ་ནས།  གཤེན་བཟའ་ནེའུ་ཆེན་མ་ལ་སོགས་འཁོར་རྣམས་ལ་གསུངས།  བུ་མོ་གཤེན་བཟའ་ནེའུ་ཆེན་མ་ལ་སོགས་འཁོར་རྣམས་ཀྱིས་སྟོན་པའི་ཞལ་ནས་གསུངས་པའི་བོན་རྣམས་ལ་ཤེས་རབ་ཀྱི་བློ་སྦྱོང་ཞིང་དོན་ཐམས་ཅད་ཐུགས་སུ་ཆུད་ནས་གཡུང་དྲུང་གི་བོན་ལ། སྦྱངས་ཐོབ་ལེགས་པའི་ཡོན་ཏན་དང་ལྡན་པར་གྱུར་བ་སོགས་སྟོན་པ་མ་ཟད་བོན་ཐམས་ཅད་ཀྱི་རྩ་བ་སྡེ་སྣོད་ཟུང་གསུམ་ཡ་དྲུག་ལ་འདུས་པ་དང་། རྒྱུད་ལུང་མན་ངག་གསུམ་དང་ཚད་མ་གསུམ་གྱི་རྣམ་བཞག་སོགས་རྒྱས་པ་གསལ་ཡོད།

ལེའུ་སུམ་ཅུ་པ་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཆབ་སྲིད་འཛིན་པ་ཁབ་ཀྱི་དམ་པ་བཞེས་པའི་མདོ།

ལེའུ་འདི་ཡི་ནང་དུ།  ཕྱོགས་བཞིའི་གླིང་ཆེན་རྣམས་སུ་བསྟན་པ་སྤེལ་བ་སྟེ། ཤར་ལུས་འཕགས་པོའི་མི་རྣམས་ལ།   སྐྱོབ་པའི་ལྷ་དུང་ཁྱུང་དཀར་པོ་དང་། མཐུ་སྟོབས་ཀྱི་ལྷ་གར་གསས་བཙན་པོ་མཆོད་ཅིང་བསྒོམ་པའི་ལུང་དང་། བསླབ་བྱའི་བོན་ལ་ལས་སུ་ཆུ་སྦྱིན་དང་སྨོན་ལམ་འདེབས་ཤིང་། བཟོད་པ་བསྒོམས་པ་དང་། སེམས་བསྐྱེད་མ་བཞིའི་བོན་གཏན་ལ་ཕབ་སྟེ་བསྟན་པ་བཞག་པ་དང། བྱང་གླིང་དུ་གསས་ཁང་འཁོར་ལོ་གླིང་ཆེན་བཞེངས་ནས།  སྒྲ་མི་སྙན་གྱི་རྒྱལ་པོ་འཁོར་ལོ་འོད་གསལ་ལ་བསྟན་པ་བཞག འདུལ་བའི་གཤེན་བ་རབ་གླིང་རྩོལ་དང་།   སྤྲུལ་པའི་གཤེན་བྱམས་པ་མི་ཆུང་ལ་གཉེར་དུ་གཏད་དོ།  །བྱང་སྒྲ་མི་སྙན་གྱི་མི་རྣམས་ལ།   སྐྱོབ་པའི་ལྷ་ཏིང་རྩེ་སྒྲ་རྒྱལ་དང་།  མཐུ་སྟོབས་ཀྱི་ལྷ་རྒོད་གསས་ཁམ་པ་མཆོད་ཅིང་བསྒོམ་པའི་ལུང་ཕོག བསླབ་བྱ་ནི་བོན་ལ་རྩི་ཤིང་དང་བྱོལ་འདེབས་ཤིང་།  བྱམས་དང་སྙིང་རྗེ་སྒོམ་པ་དང་།  ང་བདག་འཛིན་པ་མེད་པའི་བོན་གཏན་ལ་ཕབ་སྟེ་བསྟན་པ་བཞག་པ་དང་། ནུབ་གླིང་དུ་གསས་ཁང་རྩེ་གླིང་པདྨ་སྤུངས་པ་བཞེངས་ནས།  རྩེ་རྗེ་རྒྱལ་པོ་མེ་ཏོག་ཀུནྡ་མཛེས་ལ་བསྟན་པ་བཞག་སྟེ།  འདུལ་པའི་གཤེན་ཁྲི་རྨང་རྒྱལ་བ་དང་། སྤྲུལ་པའི་གཤེན་འོད་ཆེན་གསལ་སྒྲོན་ལ་གཉེར་དུ་གཏད། ནུབ་བ་ལང་སྤྱོད་ཀྱི་མི་རྣམས་ལ། སྐྱོབ་པའི་ལྷ་ན་ནམ་ཕྱུག་པོ་དང་།  མཐུ་སྟོབས་ཀྱི་ལྷ་གསས་རྗེ་རྨང་པོ་མཆོད་ཅིང་བསྒོམ་པའི་ལུང་ཕོག  བསླབ་བྱའི་བོན་ལ་ཡོངས་སུ་མར་མེ་དང་མེ་ཏོག་སྤྱོད་ཅིང་།  སེར་སྣ་དང་ཆགས་འཛིན་སྤངས་ཤིང་།  སྦྱིན་པ་ཡོངས་སུ་གཏོང་བའི་བོན་གཏན་ལ་ཕབ་སྟེ་བསྟན་པ་བཞག་པ་དང་། ལྷོ་འཛམ་བུ་གླིང་གི་དབུས། སངས་རྒྱས་ཀྱི་བསྟན་པ་དར་བའི་གནས།  ཞང་ཞུང་གི་ཡུལ་པདྨ་རྒྱས་པའི་དབུས་དཀྱིལ་དུ།  རི་བོ་གངས་ཆེན་ཏི་སེའི་དྲུང་།  དྲི་ཞིམ་ངད་ལྡན་གྱི་ཚལ་དུ།  གསས་ཁང་རིན་ཆེན་རྩེ་གླིང་བཞེངས་ནས། ཞང་ཞུང་གི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་ལ་བསྟན་པ་བཞག་སྟེ།  འདུལ་བའི་གཤེན་ལྡེ་བོ་གསུང་ཆེན་དང་།  སྤྲུལ་པའི་གཤེན་ཐེག་དགུ་གཙུག་གཤེན་ལ་གཉེར་དུ་གཏད་དོ།  །ལྷོ་འཛམ་བུ་གླིང་གི་མི་རྣམས་ལ། སྐྱོབ་པའི་ལྷ་ཁྲི་ཤེས་དཀར་པོ་དང་།  མཐུ་སྟོབས་ཀྱི་ལྷ་གནམ་གསས་དབྱིངས་རུམ་མཆོད་ཅིང་བསྒོམ་པའི་ལུང་ཕོག  བསླབ་བྱའི་བོན་ལ་ཡས་སུ་མཆོད་སྦྱིན་གྱི་གཏོར་མ་བཏང་ཞིང་།  ཐེག་པ་རིམ་དགུའི་བོན་གཏན་ལ་ཕབ་སྟེ་བསྟན་བ་བཞག་པ་སོགས་དང་། དཔོ་རྒྱལ་འབར་བའི་སྒྲོན་མ་ཅན་གྱི་ཡུལ་དུ་མོ་པ་སྡིག་ཅན་མི་དགུའི་རྐྱེན་གྱིས་མི་མང་པོ་སྡིག་པ་ལ་འབགས་ཤིང་། སྡིག་ཅན་མི་དགུ་ངན་སོང་གི་གནས་སུ་ལྟུང་སྟེ། དཔོ་རྒྱལ་གྱིས་སྟོན་པའི་སྒྲོན་མ་སྤྱན་དྲངས་ནས་ཡུལ་ཁམས་ཀྱི་སྡིག་པ་སྦྱོང་ཞིང་ཚེ་འདས་རྣམས་ཐར་པར་དྲངས་པའི་ཆེད་དུ་སྟོན་པ་ཉིད་ནམ་མཁའ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྤྲུལ་ནས་བཞུགས་པའི་སྤྱི་བོ་ནས་ཡར་དཔག་ཚད་རེ་རེའི་བར་ལྷ་མོ་ལྷ་ཆེན་སྲིད་པ་གསུམ་ཡས་མར་སྐུ་བཞི་ཝལ་གྱིས་བྱུང་ངོ། །དེའི་ཚེ་གཤེན་རབ་ཉིད་ཀྱིས་ཕྱོགས་བཅུའི་བདེ་བར་གཤེགས་པ་སྟོང་གི་མཚན་ནས་བརྗོད་པ་དང་། གཡུང་དྲུང་སེམས་དཔའ་རྣམས་དང་རྒྱལ་པོ་ལ་སོགས་ཡུལ་ཁམས་ཀྱི་མི་རྣམས་ཀྱིས་ལྷ་ཕྱག་འཚལ་ཞིང་བསྐོར་བ་དང་ཡར་མཆོད་མར་སྦྱིན་གྱི་ཆོ་ག་བྱས་པས་ལྷ་མོ་ལྷ་ཆེན་སྲིད་པ་གཤེན་རབ་བཞིའི་མཚན་ཉེར་ལྔ་ཉེར་ལྔ་རྫོགས་པའི་མཚམས་སུ་འཇིག་རྟེན་གྱི་ཁམས་སུ་གཡོ་བ་ཆེན་པོ་དང་གསུམ། འུར་བ་གསུམ། ཐུག་པ་གསུམ། ཆེམ་པ་གསུམ་སྟེ་ཆོ་འཕྲུལ་གྱི་ལྟས་ཆེན་པོ་བཅོ་ལྔ། ནམ་མཁའ་ལ་གསལ་བའི་འོད་ཤར་བ། ས་བཞི་ལ་མཛེས་པའི་མེ་ཏོག་སྐྱེས་པ། བར་སྣང་ལ་སྙན་པའི་སྒྲ་གྲགས་པ་སྟེ་ངོ་མཚར་གྱི་ལྟས་ཆེན་པོ་གསུམ་སྟེ། འཚང་རྒྱ་བའི་སྔ་ལྟས་བཅོ་བརྒྱད་ཀྱིས་འཇིག་རྟེན་གྱི་ཁམས་ཡོངས་སུ་གཏམས་ནས་མི་མཇེད་འཇིག་རྟེན་ཤར་ཕྱོགས་ན་གནས་པའི་སེམས་ཅན་ལ་སོགས་ཕྱོགས་རེ་རེ་སྟེ། ཕྱོགས་བཅུའི་སེམས་ཅན་ལས་འཕྲོ་བཟང་བ་ཀུན་ཕུང་པོ་རྡུལ་ཕྲ་རབ་ཏུ་ལྷགས་ནས་སངས་རྒྱས་ཏེ། མི་མཇེད་འཇིག་རྟེན་སྟོང་པ་ཙམ་གྱི་སེམས་ཅན་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ། །དཔོ་རྗེ་རྒྱལ་པོ་འབར་སྒྲོན་གྱི་ཐུགས་དགོངས་བསམ་པ་རྫོགས་པ་དང་།  བསྟན་པ་བཞག་བའི་ས་གནས། ཕྱི་རབས་རྣམས་ལ་དཔེར་བསྟན་པའི་ཕྱིར་དུ་ཕོ་བྲང་གསས་ཁང་ཆེན་པོ་འོད་ཟེར་འབུམ་གླིང་བཞེངས་ཏེ། དེ་ཡང་སྟོན་པས་བཀོད་པ་མཛད། ལྷ་སྲས་ཀར་མ་ལ་སོགས་ལྷ་ཀླུ་མིའི་བཟོ་བོ་དང་འཛམ་གླིང་རྒྱན་དྲུག་སོགས་བཟོ་རིག་ལ་མཁས་པ་རྣམས་ཀྱིས་ཕྱི་ནང་བཀོད་པ་ཡོངས་སུ་རྫོགས་པ་བཞེངས་ཏེ། གཙང་ཁང་གི་དབུས་སུ་བདེ་བར་གཤེགས་པ་གཙོ་བོ་བཞི་ལ་བདེར་གཤེགས་སྟོང་གིས་བསྐོར་བར་ལུགས་སུ་བླུགས་པའི་ཚུལ་དུ་བཞེངས། ཕྱོགས་བཞི་ན་ཞི་རྒྱས་དབང་དྲག་གི་ལྷ་ཚོགས་རྣམས་རིས་སུ་བྲིས་པའི་ཚུལ་དུ་བཞེངས། དེ་སྟེང་ཐོག་ཕུབ་སྟོང་པ་ལ་དབུས་སུ་དུས་གསུམ་སྟོན་པ་རྣམ་གསུམ་ལ་ན་དྲུག་རྒྱན་དང་ཆས་པར་བཞེངས།  ལོགས་ལ་སངས་རྒྱས་སྟོང་རྩ་གཉིས་དང་སེམས་དཔའ་བརྒྱད་སྟོང་བཅུ་དྲུག་བཞེངས།  དེ་སྟེང་དབུ་རྩེ་གླིང་དགུ་ལ་ཀུན་དབྱིངས་གཙོ་བོ་ལྷ་དགུ་ཡི་དཀྱིལ་འཁོར་རྣམ་དགུ་རྫོགས་པ་སྟེ།  བདེར་གཤེགས་ཁྲི་དང་སེམས་དཔའ་འབུམ། རིས་སུ་བྲིས་པ་དང་འབུར་དུ་དོད་པ་ལུགས་སུ་བླུགས་པ་ལ་སོགས་བཞེངས།  བར་ཁྱམས་འདོད་ཡོན་གྱི་ར་བ་ལ་གང་ལ་ཅི་འདུལ་ལྷ་ཚོགས་དང་།  བདེ་བར་གཤེགས་པའི་མཛད་པ། སྲིད་པ་དུས་ཀྱི་འཁོར་ལོ་སོགས་ཀྱི་བཀོད་པ་བཞེངས།  སྒོ་བཞི་ལ་སྒོ་བ་བཞི་དང་སྒོ་མ་བཞི་གནོད་སྦྱིན་སྲིན་པོའི་ལྷ་ཚོགས་དང་རྒྱལ་ཆེན་ནོར་སྲུང་ཚོགས་རྣམས་བཞེངས།  གཞན་ཡང་གནམ་རྒྱན་ས་རྒྱན་བར་རྒྱན་སོགས་མཆོད་པའི་ཡོ་བྱད་དང་།  ངོ་མཚར་ཡིད་འོང་ཕུན་སུམ་ཚོགས་པའི་རྒྱན་རྣམས་བཀྲམ་སྟེ་བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་མངའ་དབུལ་དང་།  ཞལ་བསྲོ་དང་། རབ་ཏུ་གནས་པའི་རིམ་པ་རྣམས་མཛད། རྒྱལ་པོ་འབར་བའི་སྒྲོན་མ་ཅན་ལ་སོགས་འདུས་པའི་འཁོར་རྣམས་ཀྱིས་བཀྲ་ཤིས་ཀྱི་དགའ་སྟོན་དང་མཆོད་པ་རྒྱ་ཆེན་པོ་རུ་བྱས་ནས། ཡུལ་ཁམས་དེའི་མི་ཤིན་ཏུ་གྲངས་མང་བ།  འཇིག་རྟེན་གྱི་ཁམས་སྟོངས་པ་ཙམ་ཞིག་གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ཀྱི་ཆར་དུ་ལྷགས་ནས། ནམ་མཁའ་ལ་གཞའ་ཚོན་གྱི་འོད་དུ་འཕྲོས་ནས་སངས་རྒྱས་ཏེ་སོང་ངོ་། །སྲིང་མོ་དཔོ་བཟའ་ཐང་མོ་སྟོན་པ་གཤེན་རབ་མི་བོ་ཡིས་ཁབ་ཏུ་བཞེས། གསས་ཁང་ཁོང་མ་ནེའུ་ཆུང་གི་ནང་དུ་བྱོན་ནས། གསེར་ཁྲི་སེར་པོ་ལ་སྟོན་པ་གཤེན་རབ་སྤྱན་དྲངས་ནས་བཞུགས། གཡུ་ཁྲི་སྔོན་པོ་ལ་བཙུན་མོ་དཔོ་བཟའ་ཐང་མོ་བཞུགས། གཞན་ཡང་རིགས་བཞིའི་མི་རྣམས་དང་།  གདུང་རྒྱུད་ཀྱི་རྒྱལ་པོ་ཀུན་ཚོགས་ཏེ། བཀྲ་ཤིས་ཀྱི་གཡང་བླན་དང་། དམུ་ཞགས་འཁོར་མོ་དང་། དམུ་ཡད་བཅུད་སྡུད་དང་། བདུད་རྩི་ཟིལ་ཐིགས་ཀྱི་ཕྱྭ་དང་།  གཡུང་དྲུང་ལང་ཚོའི་ཕྱྭ་དང་།  འཁོར་ལོ་དབང་བསྒྱུར་གྱི་ཕྱྭ་དང་ཁོར་ར་ཁོར་ཁྱུད་ཀྱི་ཕྱྭ་དང་།  འཁོར་མོ་གཡང་བླན་གྱི་ཕྱྭ་དང་།  སྲིད་པ་འཕེལ་ཆེན་གྱི་ཕྱྭ་དང་།  ཕྱྭ་བུ་གཡང་དཀར་གྱི་ཕྱྭ་དང་།  དེ་ལ་སོགས་པའི་བཀྲ་ཤིས་ཀྱི་གཡང་བླན་དང་།  དགའ་སྟོན་དང་མཆོད་པ་རྒྱ་ཆེན་པོ་རུ་བྱས་ནས་སྟོན་པས་བཀྲ་ཤིས་ཕྱྭ་གཡང་གི་གཟུངས་སོགས་གསུངས་པ་གསལ་ཡོད།

ལེའུ་སོ་བཅིག་པ་སྟོན་པས་འགྲོ་འདུལ་འོད་ཟེར་གྱི་སྲས་སྤྲུལ་པའི་མདོ་ཡི་བརྗོད་བྱ་གཙོ་བོ་ནི།

བཙུན་མོ་དཔོ་བཟའ་ཐང་མོ་ལ་རྒྱལ་སྲས་ལུང་འདྲེན་གསལ་བ་དང་རྒྱུད་འདྲེན་སྒྲོན་མ་གཉིས་འཁྲུངས་ཏེ།  དེ་ལ་ལུང་སྡེ་མངོན་པ་སྡེ་བཅུ་དང་།  རྒྱུད་སྡེ་ཨ་དཀར་སྔགས་རྒྱུད་རྣམས་གཏན་ལ་ཕབ་སྟེ་བཤད་ནས་བསྟན་པ་རྗེས་སུ་བཞག་པར་མཛད། ཡང་དཔོ་བཟའ་ཐང་མོ་ལ།  འབྲུག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྲས་མོ་གཤེན་བཟའ་ནེའུ་ཆུང་འཁྲུངས་པ་བཅས་གསལ་ཡོད།

ལེའུ་སོ་གཉིས་པ་སྟོན་པས་ལྷ་ལ་བོན་བསྟན་པའི་མདོ་ཡི་ལེའུ་འདི་ཡིས་བརྗོད་དོན་གཙོ་བོ་ནི།

སྟོན་པ་རྫོགས་པའི་སངས་རྒྱས་རྩ་གསུམ་ལྷ་ཡི་གནས་སུ་ཕེབས་ཏེ་མདོ་སྡེ་དམ་པ་ཏོག་ཆེན་གཏན་ལ་ཕབ་སྟེ་ལྷའི་བུ་དམ་པ་ཏོག་དཀར་པོ་ལ་གཉེར་དུ་གཏད། ཐེག་པ་ཆེན་པོ་ཡུམ་གྱི་དགོངས་པ་ལ།  འབུམ་སྡེ་དམ་པ་རྒྱན་ཞེས་བྱ་བ།  ལེའུ་བརྒྱ་རྩ་བརྒྱད་གཏན་ལ་ཕབ་སྟེ་འཁོར་རྣམས་ལ་གསུངས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་གཉེར་དུ་གཏད།

གཟུངས་སྡེ་དམ་པ་མཆོག་ཅེས་བྱ་བ།  ལེའུ་བཞི་བཅུ་རྩ་གཉིས་པ་གཏན་ལ་ཕབ་ནས་འཁོར་རྣམས་ལ་གསུངས་ཏེ་ལྷ་ཆེན་མ་ཧ་དེ་བ་ལ་གཉེར་དུ་གཏད། གསང་སྔགས་མེ་རི་འབར་བའི་ཐིས་ཀྱི་རྒྱུད་ཅེས་བྱ་བ། ལེའུ་སུམ་ཅུ་རྩ་གསུམ་པ་གཏན་ལ་ཕབ་ནས་ལྷ་ཡི་རྒྱལ་པོ་ཀུ་བྱི་མང་སྐེ་ལ་གཉེར་དུ་གཏད། གསས་ཁང་ཁྲི་རྩེ་བཞེངས་ཏེ་དོན་རྒྱུད་རྒྱས་པ་མཐར་རྫོགས་ཀྱི་བོན་རྣམས་གཏན་ལ་ཕབ་ནས། དབང་པོ་ཡང་རབ་ཏུ་གྱུར་པ་ལྷ་བུ་བློ་གྲོས་ལ་གཉེར་དུ་གཏད་པ་བཅས་གསལ་ཡོད།

ལེའུ་སོ་གསུམ་པ་གཡུང་དྲུང་རྣམ་པར་འཇོམས་པའི་ཆོ་ག

ལེའུ་འདི་ཡི་ནང་དུ་རྟག་གཟིགས་ཡུལ་གྱི་རྒྱལ་པོ་ཆེན་པོ་འོད་ལྡན་དུང་སྐྱོང་བྱ་བ་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཅིང་ཁྲོ་གཏུམ་དང་ང་རྒྱལ་ཆེ་བ་ཞིག་ཡོད་པ་ལ། དམག་དང་དེད་དཔོན་གྱི་ཚོགས་མང་པོ་ཁྲིད་དེ་ཕྱི་རོལ་གྱི་རྒྱལ་པོ་རྣམས་དང་འཐབ་ནས་དམག་མི་རྣམས་བསད་པའི་ཤ་ཁྲག་ལ། འཇིག་རྟེན་གྱི་ལྷ་གཙང་མ་རྣམས་ཀྱི་མིང་ནས་འབོད་ཅིང་ཐབ་གཞོབ་དང་། ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་གྱི་ལྷ་རྣམས་ཁྱད་དུ་གསོད་ཅིང་རྫུན་དུ་སྨྲ། རི་གཉན་གྱི་རྩེ་ལ་རྦབ་འདྲིལ་བ་དང་།  མཚོ་གཉན་གྱི་ནང་དུ་དུག་སྤྱོད་པ་དང་།  ཤིང་གཉན་བཅད་པ་སོགས་མདོར་ན་ལས་དཀར་པོ་དགེ་བར་མི་སྤྱོད་ཅིང་མི་དགེ་བ་སྣ་ཚོགས་བྱས། དེའི་ཚེ་འཇིག་རྟེན་གཙང་མའི་གནམ་གྱི་ལྷ་དང་།   ས་བདག་ཀླུ་གཉན་གྱི་ཚོགས་དང་།  བསྟན་མ་སྨན་མོ་རྣམས་ལ་གྲིབ་ཀྱིས་ཕོག་སྟེ།  གནམ་ལ་ཆར་མི་འབེབས་པ་དང་།  ས་ལ་རྩི་མི་འཁྲུངས་བ་དང་།  ནད་ཡམས་དང་མུག་གེ་འཁྲུག་པ་ལ་སོགས་རྒྱལ་ཁམས་ཐམས་ཅད་མི་བདེ་བ་དང་།  སྡུག་བསྔལ་སྣ་ཚོགས་བྱུང་། རྒྱལ་པོ་ཉིད་ཀྱང་ལྷ་ཡིས་བཀའ་ཆད་དང་སྲུང་མའི་དབུ་ཡོག་སོགས་ཀྱིས་འདུ་བ་རྣམ་བཞི་འཁྲུགས་ཏེ།  སྐྲན་དང་། དམུ་ཆུ་དང་། མཛེ་སོགས་ནད་རིགས་སུམ་བརྒྱ་དྲུག་ཅུས་ཟིན་པའི་ཚེ་སྟོན་པས་ཀྱང་འགྲོ་བ་འདུལ་པའི་དུས་དང་སྐབས་ལ་བབས་བར་དགོངས་ནས་སྟོན་པ་མཆོག་ནེའུ་སེང་དྲ་བའི་གྲོང་ཁྱེར་དུ་ཕེབས་ནས། རྒྱལ་པོ་དུང་སྐྱོང་འཁོར་ལོ་ནད་མུག་ལས་གྲོལ་བའི་ཆེད་དུ་གྲོང་ཁྱེར་ཆེན་མོ་ནེའུ་གསེང་དྲ་བའི་རྒྱལ་མཁར་ཡང་ཐོགས་ཏུ་གཡུང་དྲུང་རྣམ་པར་འཇོམས་པའི་དཀྱིལ་འཁོར་ཞལ་ཕྱེས་སྟེ་ཚངས་པ་གཙུག་ཕུད་ལ་གཉེར་དུ་གཏད།  རྣམ་པར་འཇོམས་པའི་ཆོ་ག་ལ།གཡུང་དྲུང་རྣམ་པར་འཇོམས་པའི་དཀྱིལ་འཁོར་ལ་འཇུག་པའི་ཕྱིར། རྣམ་པར་འཇོམ་པའི་ལྷ་འཁོར་བཅུ་གཅིག་དང་། མཆོད་རྫས་བསགས་ཚུལ། མཆོད་འབུལ་ཆག་ཆག་གདབ་པ། ཀླུ་གཏོར་བཏང་བ།  ཁྲུས་དང་། སྤོས་བསང་། རྒྱན་རྫས་བཀོད་པ། བར་དུ་གཅོད་པའི་བགེགས་བསྐྲད་པ། བདག་འཇུག་སྤྱན་འདྲེན། བཤགས་སྡོམ། མཆོད་འབུལ། ཚོགས་འཁོར་དང་། སྐུ་བསྟོད་པ། བུམ་སྔགས་དང་། བགེགས་བསྐྲད། བྱབ་པའི་ཆོ་ག ཁྲུས་ཀྱི་ཆོ་ག དཀར་གཏོར་ཆ་གསུམ་གྱི་ཆོ་ག དེ་ནས་དཀྱིལ་འཁོར་གྱི་སྒོ་དབྱེ། དབང་། ལྷ་དང་གཞལ་ཡས་བསྡུ་བ། བཀྲ་ཤིས་བཅས་བསྟན། ཐེག་པའི་གཏོགས་ཕྱོགས་ལ་བཞེད་པ་མི་འདྲ་མང་དུ་ཡོད་ཀྱང་སྔགས་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་རྗེ་བླ་མ་ཡོངས་འཛིན་ཆེན་པོའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ནོ།།

ལེའུ་སོ་བཞི་པ་སྨན་ལྷའི་དཀྱིལ་འཁོར་གྱི་ཆོ་ག

ལེའུ་འདི་ཡི་ནང་དུ་རྒྱལ་བུ་སྒྲ་ཅན་འཁོར་ལོ་ནི་ཆུང་ནས་ཤིན་ཏུ་སྟོབས་ཆེ་ལ་རྩལ་དྲགས་པ།  ཞེ་ངན་ལ་ཁྲོ་གཏུམ་པ། གསོད་གཅོད་ལ་དགའ་བ།  ལས་དགེ་བ་ལ་མི་མོས་པ་སྡིག་པའི་ཕྱོགས་སུ་དད་པ་ཆེ་བ་ཞིག་ཡོད་པ་དེས། མུ་སྟེགས་ཀྱི་སྟོན་པ་མཆོད་གནས་སུ་བཀུར། དེ་ཡིས་དབང་དུ་སོང་ནས།  ལས་དགེ་བ་བཤོལ་ཞིང་ལོག་པའི་སྤྱོད་པ་མང་པོ་བྱས་པས། རྣམ་སྨིན་འཕྲལ་དུ་བྱུང་ནས་རྒྱལ་ཁམས་ཐམས་ཅད་ཀྱང་མི་བདེ་བར་དང་།  རྒྱལ་པོ་ཉིད་ཀྱང་ནད་ཀྱིས་ཟིན་ནས།  ཤིན་ཏུ་སྡུག་བསྔལ་བ་དང་། ཉམ་ཐག་པར་བྱུང་ངོ།  །དེ་ལ་ཡབ་ཡུམ་དང་། བློན་འཁོར་རྣམས་ཀྱིས་མོ་བོན་དང་གཏོ་དཔྱད་མང་དུ་བྱས་ཀྱང་ཕན་པའི་ཐབས་མ་རྙེད། མོ་བོན་དང་རྩིས་མཁན་རྣམས་ཀྱིས་ཀྱང་རྒྱལ་བའི་བཀའ་ལ་སྨད་པ་དང་།  གཡུང་དྲུང་གི་བོན་ལ་རྒྱབ་ཀྱིས་ཕྱོགས་པ་དང་།  ལོག་པའི་ཕྱོགས་སུ་གོལ་བས་ལན་པར་ངོས་བཟུང་།  དེས་ན་རྒྱལ་བུ་རང་དང་ཐམས་ཅན་ཀུན་གྲོས་སུ་མཐུན་པར་བྱས་ནས་སྟོན་པའི་སྒྲོན་མ་སྤྱན་དྲངས། སྟོན་པ་རྨང་རིགས་རྒྱལ་བུའི་དོན་དུ་གཤེགས་ནས་རྒྱལ་བུ་ནད་ལས་གྲོལ་བའི་ཆེད་དུ་འོལ་མོ་ལུང་རིང་གི་བྱང་ཕྱོགས་མུ་ཁྱུད་བདལ་པ་རྒྱ་མཚོའི་ནང་རོལ་ཡུལ་དྷ་བ་རུ་ཏིང་བྱ་བའི་གྲོང་ཁྱེར་ཆེན་པོ་ཁྲི་སད་བིང་ཐང་གི་དབུས་སྐུ་མཁར་མེ་རི་རྩེ་བརྒྱད་ཀྱི་ནང་དུ་སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ནས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད། དེ་ལ་ལྷ་འཁོར་སུམ་ཅུ་སོ་བདུན་དང་། ཐོག་མར་སྔོན་འགྲོ་ལ། གཞི་བསླང་བའི་ཆོ་ག ཆག་ཆག་གདབ་པ། ཐིག་གདབ་པ། གཙང་མའི་ཚན་སྤོས། སྟ་བོན་རྒྱན་བཀོད། མཆོད་རྫས་བྱིན་རླབས། སྤྱན་དྲངས། བཞུགས་གསོལ། དགྱེས་བསྐྱེད། ཁྲུས་གསོལ། ཕྱག་བཤགས། མཆོད་འབུལ་ཆོ་ག སྐུ་བསྟོད། མགྲོན་བཞི་མཆོད་པ། རེ་དོགས་མེད་པའི་སྨོན་ལམ། སྒོ་དབྱེ། ཁྲུས་གསོལ། བུམ་དབང་བསྐུར་བ། སྐུ་དང་ཙ་ཀ་ལིའི་དབང་བསྐུར་བ། རྫས་དབང་བསྐུར་བ་བཅས་དབང་བཞི་རྫོགས་པར་བསྐུར་བ། རྒྱལ་མཁར་གྱི་མི་རྣམས་ཀུན་དགའ་ནས་སྟོན་མོ་རྒྱ་ཆེ་བྱས་ནས། དབྱིངས་བསྐྱོད་ཀྱི་ཆོ་ག གཞལ་ཡས་བསྡུ་བ། བཀྲ་ཤིས་གསོལ་བ་མི་དམིགས་པའི་རྒྱས་གདབས་པ་དང་ལྔ་བཅས་གསུངས་ཏེ་བདེ་བར་གཤེགས་པའི་བྱིན་རླབས་དང་།  སྨན་ལྷ་རྒྱལ་པོའི་ཐུགས་རྗེ།  གཡུང་དྲུང་སེམས་དཔའི་མཐུ་སྟོབས་ཀྱིས།  རྒྱལ་བུ་ལ་སོགས་ཡུལ་ཁམས་དེའི་མི་རྣམས་ཀྱང་། ནད་ཡམས་ཀྱི་སྡུག་བསྔལ་རྒྱུན་ཆད་པར་གྱུར།  ཐམས་ཅད་བདེ་བ་ལ་བཀོད་པ་སོགས་གསལ། སྔགས་བྱ་རྒྱུད་པའི་ཐེག་པའི་ཁོངས་སུ་གཏོགས།

ལེའུ་སོ་ལྔ་པ། ལེགས་སྤྱོད་སྨོན་ལམ་རྣམ་པར་དག་པའི་ཆོ་གས། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གཤེན་ཡུལ་འོལ་མོ་ལུང་རིང་གི་ནུབ་ཕྱོགས་ཚངས་སྤྱོད་བྲམ་ཟེ་གཙང་མའི་གླིང་ཞེས་བྱ་བའི་ཡུལ་བ་ར་འཛོ་ཏའི་བྱ་བའི་རྒྱལ་པོ་རིགས་མཆོག་དཔལ་གྱི་བློ་གྲོས་དང་བཙུན་མོ་རྗེ་རིགས་ཀྱི་མི་མོ་སད་ནེ་ཏིང་བཙུན་མ་ཡབ་ཡུམ་གཉིས་ལས། སྲས་རྒྱལ་བུ་ལྕམ་དྲལ་གཉིས་འཁྲུངས། རྒྱལ་པོ་སྐུ་གཤེགས་ནས། བཙུན་མོ་བྲན་འཁོར་དང་བཅས་ཏེ་ཕ་རོལ་གྱི་རྒྱལ་པོ་སྲིན་ཚ་ལག་དྲུག་བྱ་བའི་རྗེས་སུ་འབྲང་། དུས་དེ་ཙམ་ན་རྒྱལ་པོའི་བཀའ་བཅག་པ་དང་། དུས་མཆོད་བསྐང་གསོལ་ཆག་པས། ཡུལ་དེར་ནད་མུག་འཁྲུགས་གསུམ་སོགས་མི་བདེ་བ་སྣ་ཚོགས་བྱུང་བས། སྟོན་པའི་སྒྲོན་མ་སྤྱན་དྲངས་ཏེ་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གཤེན་ཚངས་པ་གཙུག་ཕུད་ལ་གཉེར་དུ་གཏད། དེ་ལ་ལྷ་འཁོར་བཅུ་བདུན་དང་། སྔོན་འགྲོའི་རིམ་པ་ལྔ་ལས། རྫས་དང་ཡོ་བྱད་གསོག་པ་དང་། གཞི་གནས་སློང་བའི་ཆོ་ག་དང་། དཀྱིལ་འཁོར་བཅའ་བའི་རིམ་པ་དང་། སྟ་བོན་རྒྱན་རྫས་ཀྱི་རིམ་པ་དང་། ཏིང་འཛིན་དཀྱིལ་འཁོར་གྱི་རིམ་པའོ། །དངོས་གཞིའི་རིམ་པ་ལ། སྤྱན་དྲངས་དགྱེས་བསྐྱེད་ཀྱི་རིམ་པ་དང་། ཕྱག་འཚལ་མོས་འདུན་གྱི་རིམ་པ་དང་། བླ་མེད་མཆོད་སྤྲིན་གྱི་རིམ་པ་དང་། ཕྱག་འཚལ་སྐུ་བསྟོད་ཀྱི་རིམ་པ་དང་། དམིགས་མེད་མཆོད་སྦྱིན་གྱི་རིམ་པའོ། །རྗེས་ཀྱི་བྱ་བ་རྣམ་པ་ལྔ་ལས་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དང་། དཀྱིལ་འཁོར་སྒོ་དབྱེ་ཞིང་ལྷ་ཞལ་བལྟ་བ་དང་། དབང་བཞི་རྫོགས་པར་བསྐུར་བ་དང་། ལྷ་དང་དཀྱིལ་འཁོར་བསྡུ་བ་དང་། བཀྲ་ཤིས་གསོལ་བ་བཅས་གསུངས་ནས་རྒྱལ་བུ་རྒྱལ་སར་བཏོན། རྒྱལ་མོ་ཆེ་སར་ཕྱུང་། བློན་པོ་མཛངས་སར་བཞག གཡང་གི་རུ་མ་བསྐྱིལ། ཚེ་ཡི་དམུ་དག་འཛིན། དགའ་སྟོན་དང་མཆོད་པ་རྒྱ་ཆེན་པོ་རུ་བྱས་སོ།  དེ་ནས་བྲམ་ཟེའི་བུ་མོ་ཚངས་སྤྱོད་ཚུལ་ལྡན་མ་སྟོན་པས་ཁབ་ཏུ་བཞེས་ནས་དགའ་སྟོན་དང་། མཆོད་པ་རྒྱ་ཆེན་པོ་རུ་མཛད་པ་སོགས་རྒྱས་པ་གསལ། ཐེག་པའི་གཏོགས་ཕྱོགས་ཀྱང་སྔགས་བྱ་རྒྱུད་པའི་ཁོངས་སོ།། གཞན་ཡང་པོད་འདི་ཡི་ནང་དུ་རྒྱལ་བློན་གྱི་མི་སྣ་དུ་མ་དང་། ཕུན་སུམ་ཚོགས་པའི་གཏམ་རྒྱུད་ངོ་མཚར་ཅན་དང་། སྒྱུ་རྩལ་གྱི་ཁྱད་བོན་སྣ་ཚོགས་ཀྱིས་ཕྱུག་ཅིང་ལུགས་གཉིས་ཀྱི་སློབ་གསོའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་། རྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗོད་བྱའི་དོན་ཟབ་པ་སོགས་ནང་དོན་འཐུས་སྒོ་ཚང་ཞིང་དད་ལྡན་སྐྱེ་བོ་རྣམས་ཀྱིས་དད་པའི་མཆོད་ཡུལ་དམ་པ་དང། བོད་རིག་པའི་ཞིབ་འཇུག་པ་ཚོས་ཉམས་ཞིབ་གནང་སའི་ལྟེ་གནས་ཞིག་ཀྱང་ཆགས་ཡོད། ལྷག་པར་དུ་གསས་ཁང་གསར་བཞེངས་པ་རྣམས་ཀྱིས་ཚོགས་ཁང་གི་ལྷ་བཀོད་རྣམས་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དགོངས་དོན་ལྟར་བཞེངས་ན་སངས་རྒྱས་ཀྱི་བཀའ་དང་མཐུན་ཞིང་བཀོད་པ་ཡང་ཕུན་སུམ་ཚོགས་པ་ཞིག་ཏུ་སྣང་ངོ།། བརྡ་ཆད་ཀྱང་གནའ་ཉམས་དོད་ཅིང། བོད་རང་གི་ཡུལ་སྲོལ་གོམས་གཤིས་འཚོ་བའི་གནས་བབ་སོགས་རྒྱ་ཆེར་གསལ་བའི་ཐུན་མིན་གྱི་ཁྱད་བོན་དུ་མ་དང་ལྡན་པའི་གལ་ཆེའི་དཔེ་རྙིང་ཞིག་ལགས་སོ།།  ལི་བློ་གསལ་གྱིས་བྲིས།

(སྤྱིའི་གཟིགས་གྲངས། 287 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།