ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་མྱུར་འཚོལ་གྱི་རེ་སྐུལ།

རིག་པའི་ཁུ་བྱུག

ཉེ་ཆར་ཀྲུང་གོའི་བོད་ལྗོངས་ཀྱི་དུས་དེབ་ཐོག་ཏུ་པད་དཀར་དགོན་གྱི་དཔེ་རྙིང་གསར་སྙེད་ནང་བོན་དཔེ་ཡོད་སྐོར་བརྗོད་འདུག་པས།  དེ་དག་འཚོལ་ཞིབ་བྱེད་གལ་ཆེ་བའི་རེ་སྐུལ་གྱི་གནད་ཕྲིན་ཞིག་ཡིན།  ཞིབ་ཕྲ་གཤམ་དུ་གཟིགས་པར་འཚལ།

༢༠༡༦་ལོའི་ཟླ་༣་པའི་ཀྲུང་གོའི་བོད་ལྗོངས་དུས་དེབ་ཤོག་གྲངས་༣༥་ལས།  པད་དཀར་དགོན་པ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་བྱ་ཡུལ་ཤང་དུ་ཆགས་ཤིང་། བཀའ་རྒྱུད་པའི་བླ་མ་འབྲུག་པ་པདྨ་དཀར་པོ་༡༥༢༧   ༡༥༩༦་མཆོག་གིས་གནས་འདིར་སྒྲུབ་པ་ཉམས་ལེན་མཛད་མྱོང་བས་མིང་དེ་ལྟར་ཐོགས། དགོན་པ་བཏབ་པའི་ལོ་ཚིག་མི་གསལ་ཞིང་ད་ལྟ་བོད་རྒྱུད་ནང་བསྟན་བཀའ་བརྒྱུད་པའི་བྱེ་བྲག་འབྲུག་པ་བཀའ་བརྒྱུད་པའི་གྲུབ་མཐའི་ཁོངས་སུ་གཏོགས། སྤྱི་ལོ་༢༠༡༣་ལོར་ལྷོ་ཁ་ས་ཁུལ་རིག་གནས་ཅུས་ཀྱི་དགོན་པར་ཞིག་གསོ་མཛད་སྐབས་དགོན་པའི་འདུ་ཁང་རྙིང་པའི་རྩིག་པའི་བར་དུ་དཔེ་རྙིང་ལྷག་པོ་ཁ་ཤས་ཡོད་པ་མཐོང་བ་དང་། དེ་ནས་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ལྟེ་བ་དང་ལྷོ་ཁ་ས་ཁུལ་རིག་གནས་ཅུས་མཉམ་འབྲེལ་གྱིས་གནའ་རྫས་བསྔོགས་འཚོལ་བྱས་པ་བརྒྱུད་དཔེ་རྙིང་རིན་བྲལ་འབོར་ཆེན་རྙེད། སྐབས་དེར་འཇོག་ས་གཞན་མེད་པར་འགྱིག་གི་བསླས་ཁུག་གི་ནང་དུ་བཅུག་པར་ཁྱོན་སྡོམ་འགྱིག་ཁུག་༦༨འདུག ། ཅེས་དང་། དགོན་པའི་གྲྭ་པར་དྲིས་པར་དཔེ་རྙིང་འདི་དག་བྱུང་ཚུལ་ལ་བཤད་རྒྱུན་མི་འདྲ་བ་གཉིས་འདུག། ཁ་ཤས་ཀྱིས་འདི་ནི་༡༩༥༩་ལོའི་ས་འགུལ་ལས་པད་དཀར་དགོན་པ་ཉམས་ཆག་བྱུང་སྐབས་སྦས་པ་ཡིན་པར་འདོད་ཅིང་། ཁ་ཤས་ཀྱིས་རིག་གནས་གསར་བརྗེའི་སྐབས་སུ་ས་འོག་ཏུ་སྦས་པར་བཤད། པད་དཀར་དགོན་པའི་ཡིག་རྙིང་།༼རྒྱུ་མཚན་འདི་གཉིས་ལས་དང་པོ་ལྟར་ན་ས་འགུལ་གྱིས་དགོན་པ་བཤིག་གཏོར་བྱེད་འགྲོ་བ་ཧ་གོ་གོ་ཁ་ལ་དཔེ་ཆ་དགོན་པའི་གྱང་ངོས་ལ་སྦས་མི་སྲིད་པའི་ཕྱིར་དང་། རིག་གསར་དྲག་ཆར་རླུང་འཚུབ་སྐབས་བོད་མི་རིག་ཞེན་ཅན་གྱིས་རིན་ཆེན་སྲོག་དང་བརྗེས་ཏེ་དཔེ་ཆ་བྲག་ཕུག་དང་གད་ཕུག་ཁང་པའི་དཔྱམ་གདུང་གི་གསེང་དང་། གྱང་དང་རྩིག་པ་དང་རྩིག་པའི་རྨིང་གཞི་སོགས་བྲུ་བརྐོ་ཅི་རིགས་པ་བྱས་ཏེ་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཚུལ་དུ་མ་རྒན་རྒོན་བསད་འཕྲོ་ཤི་འཕྲོ་ཚོས་གསུངས་པ་དང་ཤིན་ཏུ་མཚུངས་པའི་ཕྱིར། དེ་ལ་ད་དུང་སྐབས་དེ་དུས་ཀྱི་མི་ཡི་བསམ་བློ་ལ་བོད་མི་རྒྱ་ཡིས་དབང་བསྒྱུར་བྱེད་ངེས་ཀྱང་། དགོན་པ་གཙོས་པའི་མཁར་ཁང་ལ་མེ་སྒྱོགས་དང་། ཡང་ན་གཏོར་བཤིག་གཏོང་ཡོང་བསམ་པའི་བསམ་བློ་བོད་མི་ཕར་ཆེ་བའི་བློ་ལ་ཤར་མེད་པ་འདྲ་འདུག་པས། དེས་ནས་ཕྱི་མ་རིག་གནས་གསར་བརྗེའི་སྐབས་སུ་གྱང་གསེང་དུ་སྦས་པར་ངེས། ༽དཔེ་རྙིང་འདི་དག་ཡར་བསློགས་ཏེ་ལེགས་སྒྲིག་གནང་སྐབས་དཔེ་རྙིང་དག་ཁ་འཐོར་དགུ་འཐོར་དུ་སོང་ཞིང་དཔེ་ཐུམ་མེད་ལ་གླེགས་ཤིང་ཡང་མི་འདུག། ཅེས་དང་། གཅིག་བྱས་ན་རྒྱུན་སྲོལ་ནང་བཞིན་དཔེ་རོ་ཆད་ལྷག་ཅན་ནམ་གྲུབ་མཐའ་གཞན་གྱི་དཔེ་ཆ་དག་གིས་དགོན་པ་ལ་གནོད་པར་འཛེམས་ནས་ས་འོག་ཏུ་སྦས་པ་ཡིན་ཡང་སྲིད། ཅེས་དང་། འདུ་ཁང་བསྐྱར་དུ་བརྩེགས་པ་མིན་ཚེ་དཔེ་རྙིང་འདི་དག་ཀྱང་རྙེད་ཐབས་མེད། དཔེ་རྙིང་འདི་དག་གི་ཁྲོད་དུ་༡༩༥༩་ཟླ་༣་པའི་ཚེས་༡༨་ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཞིག་ཀྱང་རྙེད་པས་༡༩༥༩་ཟླ་༣་པའི་ཚེས་༡༨་ཀྱི་རྗེས་ལ་སྦས་པར་ཐག་གི་ཆོད། ཅེས་དང་།

༼བཤད་བཤད་མཐར་འདི་ལྟར་ཐག་བཅད་འདུག༽

《པར་མའི་རིགས་ལ། 》

པད་དཀར་དགོན་ལས་བྱུང་བའི་དཔེ་རྙིང་བྲིས་མ་དང་དེ་དག་གི་ཁྲོད་ནས་པར་མའི་རིགས་ཉི་ཤུ་ལྷག་ཙམ་འདུག། ཆེ་ཆུང་ལ་ཤོག་ལྷེ་ཆེ་བ་དང་ཤོག་བུ་མདའ་ཚད་མ། ཆུང་བའི་རིགས་ལ་ལི་སྨི་༡༠ཡས་མས་ཀྱི་ཤོག་བུ་ཆུང་བའི་རིགས་ཅན་ཡོད་ཅིང་། ནང་དོན་ནི་དུས་རབས་༡༤་པ་ནས་བཅུ་དགུ་བར་གྱི་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་སོ་སོའི་གསུང་འབུམ་དང་རྣམ་ཐར་སོགས་མང་། ཅེས་དང་།

《བྲིས་མའི་རིགས་ལ། 》

ཤོག་ལྷེ་ཆེ་བ་གསེར་བྲིས་མ་དང་། ཤོག་བུ་མདའ་ཚད་མ་ནས་ཆུང་བ་ལག་པའི་ཆེ་ཆུང་ལས་མེད་པའི་རིགས་ཆེ་ཆུང་ལྔ་བཅུ་ལྷག་འདུག་ཅིང་། དེ་དག་གི་ཁྲོད་དུ་ཕར་ཕྱིན་བརྒྱད་སྟོང་པ་དང་། དཀོན་ཅོག་བརྩེགས་པ་སོགས་བཀའ་འགྱུར་འཐོར་མ་དང་། ཤོག་བུའི་ཆ་ནས་བོད་ཀྱི་མཐིང་ཤོག་ནས་སྤྱིར་བཏང་བའི་རིགས་མང་ཞིང་། སྣག་རིས་ལ་གསེར་བྲིས་དངུལ་བྲིས་དང་། བྱུ་རུ་དམར་པོ། སྣག་ཚ་ནག་པོ་བཅས་ཀྱི་རིགས་གསུམ་མཆིས། ཅེས་དང་།

《ཡིག་གཟུགས་ལ། 》

བོད་ཡིག་དབུ་ཅན་དང་དཔེ་ཚུགས། འབྲུ་ཚ། དབུ་མེད། འཁྱུག་ཡིག་ལསོགས་ཤིན་ཏུ་མང་བས་བོད་ཡིག་གནའ་བོའི་ཡིག་གཟུགས་ཀྱི་བང་མཛོད་ཅིག་ཏུ་ངེས་པར་གདོན་མི་ཟ། ཞེས་དང་།

《ནང་དོན་རིག་པའི་སྐོར་ལ། 》

ནང་ཆོས་ཀྱི་གཞུང་། འདུལ་ཁྲིམས་གསུང་རབ་ཡང་འགྲེལ། རྟོགས་བརྗོད་རྣམ་ཐར། སློབ་དཔོན་མཚོ་སྣའི་སྤྱོད་འཇུག། འདུལ་བའི་རྣམ་བཤད། དགྱེས་པ་རྡོ་རྗེ་དང་བདེ་མཆོག། མངོན་རྟོགས་རྒྱན་སོགས་མང་།

《ནང་ཆོས་ལས་འདས་པའི་རིག་གནས་སྐོར་ལ། 》

ལོ་རྒྱུས་རྒྱལ་རབས། འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་དབུ་ཅན་བྲིས་མ། ཀོ་དང་རྫ་ཆས་རྟ་ཡི་བཤད་པ། དེབ་ཐེར་སྔོན་པོ། གསོ་རིག་རྒྱུད་བཞི་ལག་བྲིས་བདུན། ཚད་མ་ཀུན་བཏུས། ཚད་མ་རྣམ་འགྲེལ།

《ཡང་དེ་ཉིད་ལས་བསྡོམ་རྩིས་བརྒྱབ་པ་ལྟ་བུ་ནི། 》

པད་དཀར་དགོན་གྱི་དཔེ་རྙིང་ནང་དུ་ནང་པའི་ཆོས་གཞུང་ལས་འདས་པའི་ལོ་རྒྱུས་རྒྱལ་རབས་དང་། རྟོགས་བརྗོད་རྣམ་ཐར། གསོ་རིག་སྐར་རྩིས། བཟོ་རིག་ཚད་མ། ལེགས་སྦྱར་སྐད་དང་། སྙན་ངག་ལསོགས་འབོར་ཆེ་བ་རིག་པའི་གནས་བཅུ་དང་། ས་དགེ་བཀའ་རྙིང་གི་གྲུབ་མཐའི་གསུང་རབ་དང་། དེ་ལས་གཞན་བོན་གྱི་ཡིག་ཆ་དང་། 《གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཧོར་གླིང་གཡུལ་འགྱེད》སྐབས་དེའི་ཆབ་ཤོག་དང་འཕྲིན་ཡིག་ལི་ཐོའང་འདུག་པ་ནི་ཞུན་ལ་ཕྲ་བཀོད་པའི་ཚུལ་དུ་ཡག་པོར་འདུག། ཅེས་བྲིས་འདུག།

《དཔེ་རྙིང་དེ་དག་གི་སྡོམ་པོད་གྲངས་ག་ཚོད་ཡོད་པར་འདུག་ཅེ་ན། 》

གོང་གི་འཕྲོ་ནས། ཐེངས་འདིའི་པད་དཀར་དགོན་གྱི་དཔེ་རྙིང་མྱུར་སྐྱོབ་སྔ་གཞུག་ཏུ་ཉིན་ཉེར་གསུམ་སྤྱད་དགོས་པ་བྱུང་བའི་རིང་། དཔེ་རྙིང་བྲིས་མ་དང་པར་མ་པོད་ཉིས་བརྒྱ་ལྷག་བསྐྱབ་ཐུབ་བྱུང་བ་རེད་ཅེས་འཁོད་འདུག

དེ་དག་གི་ནང་ནས་པར་མ་དང་བྲིས་མའི་ཁ་གྲངས་ལྕགས་སྒམ་ནང་ངོས་ཀྱི་ཁ་བྱང་པར་རིས་ལྟར་ཚོད་དཔག་བྱས་ན། པར་མ་པོད་༣༠་དང་། ཡང་པོད་༥༠། བྲིས་མ་པོད་༥༠། བྲིས་མ་པོད། ༥༠། སྡོམ་བྲིས་མ་པོད་༡༠༠་དང་། པར་མ་པོད་༨༠། སྡོམ་༡༨༠ཡོད་པ་ནི་པར་རིས་ལས་གསལ་པོར་འདུག།

གནས་ཚུལ་འདི་འབྲི་བ་པོ་ནི། ཚེ་ལོ་དང་། ལྕགས་རྡོར་རྒྱལ་གྱིས་བསྒྱུར་ཅེས་ཀྲུང་གོའི་བོད་ལྗོངས་དུ་བཀོད་འདུག།

《དོན་དངོས་བོན་པོ་ཚོ་ལ་རེ་ཞུ》

གོང་གསལ་ལྟར་ལག་བྲིས་དང་པར་མ་༢༠༠ལྷག་གི་ནང་དུ་༼དེ་ལས་གཞན་བོན་གྱི་ཡིག་ཆ་དང་༽ཞེས་པ་ཙམ་ལས་བོན་དཔེ་གང་དང་གང་ཡོད་མིང་ཟུར་ཙམ་སྨོས་མི་འདུག་པ་འདིས་གོང་དུ་ཚེ་ལོ་ཁོ་རང་གིས་བཤད་བཞིན་གྲུབ་མཐའ་གཞན་གྱི་དཔེ་ཆ་དག་གིས་དགོན་པ་ལ་གནོད་པར་འཛེམས་ནས་ས་འོག་ཏུ་སྦས་པ་ཡིན་སྲིད་། ཅེས་པ་ལྟར་གྲུབ་མཐའི་ཆགས་སྡང་དབང་གིས་གནོད་པར་འཛེམས་ནས་བོན་དཔེ་དེ་དག་གི་མིང་མ་སྨོས་པར་ངེས་པར་སྦས་འདུག་པས། པོད་ཉིས་བརྒྱ་ལྷག་ལྟད་མོ་ལྟ་ཞོར་དུ་དེ་དག་གི་ནང་དུ་བོན་དཔེ་གང་དང་གང་འདུག་བལྟ་བར་བོན་མི་ཞིག་ངེས་པར་སོང་ན་ཕན་ཐོག་ཆེན་པོ་འདུག་སྙམ་གྱི་ཡོད། ལར་ཞོར་འཕྲོས་སུ་དེང་དུས་དཔེ་ཆ་ལག་ཡོད་དེ་དག་བསྐྱར་དཔར་ཡང་དཔར་མི་བྱ་བར། ཨུ་ཚུགས་སྡུག་རུས་བྱེད་ན་གཞན་དང་མ་འདྲ་བ་ཞིག་བྱ་འདོད་ན། མདོ་སྟོད་སྨད་བར་གསུམ། བན་བོན་རིས་མེད། སྔར་བོན་བསྟན་དར་སའི་ཡུལ་སོགས་ལ་བོན་དཔེ་འཚོལ་བར་བསྐྱོད་ཏེ། རྙིང་པ་དང་དཔེ་དཀོན་གསར་རྙེད་འཚོལ་བསྡུ་བྱེད་ཅིང་དཔར་སྐྲུན་བྱེད་ཐུབ་ན་ཨ་མའི་བུ་ངོ་མ་དེ་ཡིན་པར་སེམས་ཀྱིས་འདུག་པ་བཅས་བྱ་མིག་ཡར་ལྟའི་ཚུལ་དུ་རེ་འབོད་ཞུ་བ་ཡིན་ལགས།༢༠༡༦།༧།༣༡ཉིན།

 

(སྤྱིའི་གཟིགས་གྲངས། 34 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།