ཐེངས་ལྔ་པའི་བོན་རིག་པའི་བགྲོ་གླེང་ཉིན་དང་པོ།
ཟླ་འདིའི་༡༨ཉིན་བལ་ཡུལ་གནས་འཁོད་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོན་རིག་པའི་བགྲོ་གླེང་ཐེངས་ལྔ་པ་དེ་སྐོང་འཚོགས་གནང་ཡོད་པ་རེད། དེ་ཡང་སྔ་དྲོའི་ཕྱག་ཚོད་དགུ་པའི་ཐོག་སློབ་དཔོན་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་དབུས་པའི་མཁན་སློབ་དགེ་ལས་རྣམས་དང་། གཏམ་བཤད་པ་དང་ཚོགས་བཅར་བ་བཅས་བགྲོ་གླེང་ཁང་དུ་འཚོཛོམས་ནས་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་པ་ཉག་རོང་གཡུང་དྲུང་ཐོགས་མེད་ལགས་ཀྱིས་མཛད་རིམ་ངོ་སྤྲོད་དང་བསྒྲགས། སློབ་དཔོན་རིན་པོ་ཆེ་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང་། བགྲེས་གཏམ་གཙོ་སྒྲིག་པ་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ནས་ཐོག་མར་བྱོན་པ་ལེགས་གསོལ་དང་ཚོགས་འདུའི་དགོས་ཕན་སྐོར་ངོ་སྤྲད་བྱས། དེ་རྗེས་སློབ་དཔོན་རིན་པོ་ཆེ་ཚངས་པ་བསྟན་འཛིན་ནས་བོན་རིག་པའི་བགྲོ་གླེང་གི་ཁ་ཕྱོགས་དང་ཞིབ་འཇུག་བྱེད་ཕྱོགས་སྐོར་བཀའ་སློབ་བཀའ་དྲིན་བསྩལ། དེ་རྗེས་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་ནས་རིག་གཞུང་ཞིབ་འཇུག་བྱེད་ཕྱོགས་དང་། དོན་དངོས་དང་མཐུན་པའི་སྤུས་ཚད་ཡར་རྒྱས་གཏོང་སྟངས་བཅས་ཀྱི་སྐོར་བཀའ་སློབ་བཀའ་དྲིན་བསྩལ་བ་དང་། མདོར་ན་རིན་པོ་ཆེ་རྣམ་གཉིས་ནས་སླད་ཕྱིན་བོན་རིག་པའི་བགྲོ་གླེང་ཐད་རྒན་པའི་ཉམས་མྱོང་དང་གཞོན་པའི་གསར་གཏོད་ཕྱོགས་ཡོངས་ནས་ཡར་རྒྱས་དང་འཐུས་སྒོ་ཆེ་ཚང་དུ་བཟོ་དགོས་སྐོར་གྱི་བཀའ་སློབ་བསྩལ་གནང་ཡོད་པ་རེད།
དེ་རྗེས་བགྲོ་གླེང་ཚོགས་ཐུན་དང་པོར་བཀའ་རམས་པ་ཚུལ་ཁྲིམས་ཀུན་ཁྱབ་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཞིང་། དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ནས<<གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་དང་གཉན་འབུམ་བར་གྱི་འབྲེལ་ལམ>>ཞེས་པའི་བརྗོད་བཞིའི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་བགྲོ་གླེང་ཚོགས་ཐུན་གཉིས་པར་འབུམ་རམས་པའི་ཞིབ་འཇུག་སློབ་མ་གཡུང་དྲུང་ནོར་་བུ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། བཀའ་རམས་པ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས<<སྤ་གཏེར་ཁྲོ་བོ་རྒྱུད་དྲུག་གི་བྱུང་རིམ་དང་འབྲེལ་བའི་དཔྱད་ཟིན>>ཞེས་པའི་བརྗོད་གཞིའི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་སྔ་དྲོའི་མཛད་རིམ་མཇུག་གྲུབ་པ་རེད།
ཉིན་རྒྱབ་ཕྱག་ཚོད་གཉིས་པར། ཉིན་དང་པོའི་ཚོགས་གསུམ་པར་འགོ་འཛུགས་བྱས། བཀའ་རམས་པ་ཁྲི་གཙུག་བསྟན་པ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། སློབ་གཉེར་བ་ཁྲི་བརྟན་རྣམ་རྒྱལ་ལགས་ཀྱིས<<ནང་བཅུད་གྲོལ་ཕུགས་སྲིད་ལྕམ་གཉིས་གླེང་བ>>ཞེས་པའི་བརྗོད་གཞིའི་གཏམ་བཤད་དང་དྲི་བ་དྲིས་ལེན་གནང་།
ཚོགས་ཐུན་དེར་སློབ་དཔོན་བཙུན་མ་ངག་དབང་བདེན་ཆེན་ལགས་ཀྱིས<<གློ་དང་ལ་དྭགས་ཀྱི་བུད་མེད་གྱོན་གོས་ཁྲ་མ་དང་ཐིག་མའི་མཚུངས་བསྡུར>>ཞེས་པའི་གཏམ་བཤད་དང་དྲི་བ་དྲིས་ལན་མཇུག་གྲུབ་རྗེས་ཕྱི་དྲོའི་གསོལ་ཇའི་བར་གསེང་བཏང་།
ཉིན་དང་པོ་ཚོགས་བཞི་པར་བཀའ་རམས་པ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས་གཙོ་སྐྱོང་འོག སྨན་པ་བཀའ་བཅུ་པ་གཡུང་དྲུང་ལྷ་འཛོམས་ལགས་ཀྱིས<<གྲོང་བའི་ནད་ཀྱི་རྒྱུ་རྐྱེན་སྐོར>>ཞེས་པའི་གཏམ་བཤད་དང་དྲི་བ་དྲིས་ལེན་མཇུག་གྲུབ་རྗེས་ཉིན་དང་པོའི་མཛད་རིམ་ཡོངས་སུ་མཇུག་གྲུབ་པ་བཅས་སོ།།
བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས། ༢༠༢༤། ༩། ༡༨། ཉིན་ཕུལ།
པར་པ་ཁྱུང་ཐོག་རྒོད།