མ་རྒྱུད་ལས་གསལ་བའི་འབུམ་རྒྱུད་རྒྱུད་ཆེན་ངོས་འཛིན་པ།
མཛད་པ་པོ། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ།
མ་རྒྱུད་ཐུགས་རྗེ་ཉི་མ་ལས་ཆེ་བཞི་མཆོག་ལྔའི་བོན་སྡེ་དགུ་གསུངས་པའི་ཁོངས་ཀྱི་ཆེ་བ་བཞི་ནི། གཞི་རྒྱུད་ལས། ལྟ་བ་ལ་དགའ་བ་ལ་ཕ་རྒྱུད་ལུང་ཆེན་ནམ་མཁའ་ལྟ་བུར་བསྟན་ནོ། །སྒོམ་པ་ལ་དགའ་བ་ལ་དོན་རྒྱུད་ཐེག་ཆེན་ནོར་བུ་ལྟ་བུར་བསྟན་ནོ། །སྤྱོད་པ་ལ་དགའ་བ་ལ་དབལ་ལུང་རྒྱུད་ཆེན་རྒྱ་མཚོ་ལྟ་བུར་བསྟན་ནོ། །འབྲས་བུ་ལ་དགའ་བ་ལ་སྒོམ་རྒྱུད་རྫོགས་ཆེན་ཉི་མ་ལྟ་བུར་བསྟན་ནོ། །སྒྲུབ་པ་ལ་དགའ་བ་ལ་སྔགས་རྒྱུད་གསས་མཁར་ཆེན་པོ་ཨུ་དུ་འབར་བ་ལྟ་བུར་བསྟན་པ་ལ། ཞེས་གསུངས་པའི་སྐབས་ཀྱི་དང་པོ་ཕ་རྒྱུད་ལ་སྡོང་པོ་དགུ་འདུས་ལ་བཞག་ཅིང་དེ་ལ་ལེའུ་སུམ་བརྒྱ་དྲུག་ཅུ་ཡོད་པར་བསེན་ཐུབ་ལས་གསལ་བ་དེ་ད་ལྟ་མཐོང་ཡུལ་དུ་བཞུགས་མེད་ཀྱང་། བཀའ་འགྱུར་གྲལ་དུ་བཞུགས་པའི་སྡོང་པོ་དགུ་འདུས་ཞེས་པའི་ལེའུ་དགུ་ཅན་འདི་ཉིད་ལས་གསལ་བ་ལྟར་ན་སྡོང་པོ་དགུ་འདུས་ལ་སྟོད་ན་ལེའུ་སུམ་བརྒྱ་དྲུག་ཅུ་དང་། སྨད་ན་ལེའུ་སུམ་བརྒྱ་དྲུག་ཅུ། བར་ན་སྡུད་པའི་མདོ་དགུ་བཅས་ཡོད་པར་གསུངས་པའི་མདོ་དགུ་དེ་འདི་ཉིད་ལ་ངོས་བཟུང་ན་འགྲིག་པར་སེམས། དེས་ན་སྡོང་པོ་དགུ་འདུས་འདི་ཉིད་ཕ་རྒྱུད་ཀྱི་མཚན་གཞིར་འཇོག་པ་ཡིན། གཉིས་པ་དོན་རྒྱུད་དམ་སྒོམ་དོན་ནི་བྱང་སེམས་གབ་པ་ལ་ངོས་འཛིན་དགོས་པར་ལུང་གཞི་དབང་བཞི་ལྷུན་གྲུབ་དང་། སྒོམ་འགྲེལ་བཅས་ཀྱི་ནང་གསལ་པོ་ཡོད། གསུམ་པ་སྒོམ་རྒྱུད་རྫོགས་ཆེན་ནི་རྫོགས་པ་ཆེན་པོ་བསྒྲགས་གསུམ་དང་སྙན་རྒྱུད་སོགས་རྫོགས་ཆེན་གྱི་བོན་སྡེ་ལ་འཇོག་དགོས། འདི་ཉིད་རྫོགས་ཆེན་རང་ཡིན་པ་དབང་བཞིའི་སྐབས་རྫོགས་ཆེན་དོན་རིམ་ཕྱི་སྐོར་བཤད་པ་གཏང་ཞེས་སོགས་ལས་ཤེས་ནུས། བཞི་པ་དབལ་ལུང་རྒྱུད་ཆེན་ཞེས་པ་ནི་སྔོན་གྱི་ལུགས་སྲོལ་ལྟར་ན་བྱམས་འབུམ་ལ་འཇོག་སྲོལ་ཡོད་ཀྱང་། བྱམས་འབུམ་ནང་གཟིགས་ཚེ་འབུམ་སྡེ་ཡིན་པའི་ཆ་ནས་བཞག་ན་མ་གཏོགས་ལྷ་དང་བརྗོད་བྱ་གང་ཐད་ནས་འདིའི་མཚན་གཞིར་འོས་འདུག་བསམ་པ་རྙེད་དུ་མེད། མ་རྒྱུད་ཀྱི་ཁྲིད་གཞུང་ལས་འབུམ་རྒྱུད་རྒྱུད་ཆེན་སྐོར་ནས་གསལ་བའི་ལྷ་དང་བརྗོད་བྱ་མང་པོ་ཞིག་ཀ་བ་གླིང་དགུའི་ནང་བཞུགས་པས་ན་འབུམ་རྒྱུད་རྒྱུད་ཆེན་ནམ་དབལ་ལུང་རྒྱུད་ཆེན་ཞེས་པ་ཀ་བ་གླིང་དགུར་ངོས་འཛིན་བྱས་ན་འོས་པར་མཐོང་། རྒྱུ་མཚན་ནི་སྒོམ་འགྲེལ་ལས། གཤེན་རྫོགས་པ་ཆེན་པོ་ལ། མགོན་ལྷ་དཀར་པོའི་ཞིང་ཁམས་ནས་དོན་རྒྱུད་རྒྱུད་ཆེན་གྱི་ལྷ་ཚོགས་སུ་ཤར་རོ། །ཞེས་གསུངས་པ་ལྟར་གཤེན་རྫོགས་པ་ཆེན་པོ་ནི་ཀ་བ་གླིང་དགུའི་ནང་གི་ལྷ་གསས་དབང་དབལ་གཤེན་ལྔའི་ནང་གི་ཕྱི་མ་དེ་ཡིན་པ་དང་། མགོན་ལྷའི་ཞིང་ཁམས་ཕྱོགས་བཞི་དབུས་ལྔའི་བྱང་ན་བཞུགས་པ་དང་། ཀ་བ་གླིང་དགུའི་ནང་གི་སྡེ་ཚན་མང་པོའི་གསུང་པ་པོ་ཡིན། ལུང་གཞི་དབང་བཞི་ལྷུན་གྲུབ་ལས། དེ་ནས་རང་ལུས་མགོན་ལྷ་གསང་བའི་དཀྱིལ་འཁོར་དུ་བསྒྱུར་ལ། བུམ་པ་གསང་མཆོག་གསང་བའི་གཞལ་ཡས་ཁང་། །ཞིང་ཁམས་རབ་འབྱམས་ཡོངས་སུ་རྫོགས་པའི་གནས། །ལྟག་པའི་རྒྱས་རུམ་དབང་ཆེན་བསྐུར་བ་ཡིས། །རྒྱུད་ཆེན་བླ་ན་མེད་པ་མགོན་ལྷའི་དབང་། །སྤྱོད་པ་རི་རྒྱལ་ལྟ་བུའི་དབང་ཐོབ་ཤོག། རྒྱུད་ཆེན་པོ་དབལ་ལུང་དགུ་བསྐོར་གྱི་དབང་བསྐུར་བ་ཡིས། ཀུན་ཏུ་བཟང་པོ་རྒྱུད་བླ་ན་མེད་པའི་དབང་ཐོབ་པར་གྱུར་ཅིག རྒྱུད་ཀྱི་བཤད་པ་ལྷ་དང་གསས་དང་དབང་དུ་དབལ་དུ་བསྟན་པ་དང་། ཡང་བསྡུས་མགོན་ལྷའི་བཤད་པ་བཏང་། ཞེས་ལྷ་སོགས་བཞི་ནི་ཀ་བ་གླིང་དགུའི་ནང་གི་མགོན་ལྷ་ཐུགས་རྗེ་ཅན་དང་། གསས་ཆེན་རྫུ་འཕྲུལ་ཅན། དབང་ལྷ་མཐུ་བྱིན་ཅན། དབལ་ཆེན་མཐུ་སྟོབས་ཅན་བཞི་ལས་གཞན་ངོས་འཛིན་བྱ་རྒྱུ་མི་རྙེད། མི་ནུབ་ཐིག་འགྲེལ་ལས། རྒྱུད་ཆེན་པོ་དབལ་ལུང་དགུ་སྐོར་ནི། དུག་ལྔ་ཡེ་ཤེས་མགོ་ཐུག་ལས་གཞན་འཚོལ་བ། ཐོ་ཡོར་ལ་དམག་འདྲེན་པ་བཞིན་དུ་སོང་བས། འདི་ནི་སྤང་མེད་རང་འབྱུང་སྟོན་པས་གསང་བ་དེའི་མཆོག་གོ །ཞེས་པའི་འདི་ཡི་ནང་དུག་ལྔའི་གཉེན་པོ་ཞེ་སྡང་འཇོམ་བྱེད་ཀྱི་འཛབ་དང་། འདོད་ཆགས་འཇོམ་བྱེད་ཀྱི་འཛབ་ལྟ་བུ་དུག་ལྔ་སོགས་ཉོན་མོངས་འཇོམ་བྱེད་འཛབ་རྩལ་དུ་བཏོན་ནས་གསུངས་པ་རྣམས་དུག་ལྔ་ཡེ་ཤེས་མགོ་ཐུག་དོར་ནས་ཐོ་ཡོར་ལ་དམག་འདྲེན་པ་བཞིན་དུ་སོང་ཡོད། མ་རྒྱུད་སྐོང་བཤགས་ལས། ལྷ་ཆེན་ཡེ་སངས་རྒྱལ་པོ་ལ་སོགས་ཏེ། །འབུམ་རྒྱུད་རྒྱུད་ཆེན་ལྷ་ཚོགས་ཐུགས་དམ་བསྐང་། །ཞེས་འབུམ་རྒྱུད་དུ་གསུངས་པ་དང་། ཀ་བ་གླིང་དགུ་ནི་འབུམ་གྱི་སྡེ་ཡིན་པར་ཀ་བ་གླིང་དགུ་རང་ལས་གསལ་བ་གཉིས་མཐུན་པའི་ཕྱིར། གོང་དུ་སྤྱོད་པའི་རྒྱུད་གསུངས་པ་ཡང་ལྟ་སྒོམ་སྤྱོད་དམ་སོགས་ཀྱི་ནང་ནས་སྤྱོད་པ་གཙོ་བོར་སྟོན་བྱེད་ཡིན་པ་གཞུང་རང་ལ་གཟིགས་ན་ཤེས་ནུས་པར་འདུག དཔེར་ན་སྒྲིབ་པ་སྦྱོང་བྱེད་ལ་ཕྱི་ཁྲུས་ནང་ཁྲུས་གསང་ཁྲུས་སོགས་ཁྲུས་ཀྱི་སྐོར་རྒྱས་པ་དང་། དུག་ལྔ་དང་རིགས་དྲུག་སོགས་སྦྱོང་བྱེད་ལ་འཛབ་ཀྱི་སྐོར་སོགས་རྒྱས་པ་བསྟན་ཡོད། དབལ་ལུང་དགུ་སྐོར་ཞེས་པའི་དགུ་སྐོར་འདིའི་གྲངས་ཀ་རྩི་ཚུལ་གོང་དུ་སྨོས་པ་ལྟར་ཕྱོགས་མཚམས་ཀྱི་གླིང་དགུའི་སྒོ་ནས་ཀ་བ་གླིང་དགུ་བཞག་པ་ལྟར་རམ། ཡང་ན་ཀ་བ་གླིང་དགུའི་དབུ་ཡང་ཏོག་བླ་མ་ནས་མཇུག་ཏིལ་སྒྲོམ་བར་གྱི་དུམ་བུ་བརྒྱད་པོ་རེ་རེར་དགུ་རེ་ཡོད་པ་གང་རུང་གི་སྒོ་ནས་འཇོག་ཆོག་པར་སེམས། དེས་ན་འབུམ་རྒྱུད་རྒྱུད་ཆེན་གྱི་མཚན་གཞི་ལ་ད་བཞུགས་བོན་གྱི་དཔེ་ཆའི་ཁྲོད་ནས་ཀ་བ་གླིང་དགུ་འདི་རང་ལས་གཞན་འོས་པ་ཞིག་མ་མཐོང་ངོ་། །