ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པའི་དུས་ཆེན་ལ་ཕུལ་བའི་མཆོད་ཚིག་གི་ཕྲེང་བ། (སྨད་ཆ།)

མཛད་པ་བཅུ་གཉིས།

༡  ༽.  རྣམ་པར་བཞེས་པའི་མཛད་པ། གཟིགས་ཚད་བཞི་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་ནུ་རོལ་རྩེད་དང་ཆེ་དགུ་ཡོངས་ཀྱིས་གཙུག་ཏུ་བཀུར། བསྟན་པའི་གཞི་མ་བཟོ་རིག་པ་གཏན་ལ་ཕབ།

༢  ༽   རྣམ་པར་སྤེལ་བའི་མཛད་པ། གདུལ་བྱའི་བློ་ཚོད་དང་བསྟུན་པའི་བོན་ཐེག་པ་རིམ་དགུ་གསུངས་ཤིང་འཁོར་རྣམས་ལ་པེའུ་ཙེ་རྣམ་གསུམ་གྱི་བོན་སྒོ་བསྟན།

༣  ༽.  རྣམ་པར་འདུལ་བའི་མཛད་པ། འདུལ་བྱ་འདུལ་སླད་དུ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་འགྱེད་པ་སྟེ། རིགས་དྲུག་ལ་འདུལ་བ་གཤེན་དྲུག གཡེན་ཁམས་སོ་གསུམ་ལ་གཡེན་འདུལ་གཤེན་པོ་སོ་གསུམ་སོགས་སྤྲུལ་ནས་འགྲོ་བ་དཔག་ཏུ་མེད་པ་ཐར་པར་དྲངས།

༤  ༽.  རྣམ་པར་འདྲེན་པའི་མཛད་པ། འགྲོ་རྣམས་ཐར་པ་དྲངས་པ་སྟེ། སྡིག་ཅན་གཏོ་བུའི་གནས་འདྲེན་དུ་ལྷ་གཤེན་བརྒྱ་ཡི་དཀྱིལ་འཁོར་ཞལ་ཕྱེས། ཁྲི་ཤི་དབང་རྒྱལ་གྱི་སྒྲིབ་སྦྱོང་དུ་ཀུན་རིག་སྒྲོན་མའི་ཆོ་ག་གསུངས། གུ་ཝེར་ར་ཙའི་སྒྲིབ་སྦྱོང་དུ་རྒྱལ་བ་རྒྱ་མཚོའི་ཆོ་ག་གསུངས། བཙུན་མོ་འགུ་ལིང་མ་ཏིའི་སྒྲིབ་སྦྱོང་དུ་མུན་སེལ་སྒྲོན་མའི་ཆོ་ག་གསུངས་ནས་སྡིག་ཅན་རྣམས་ཐར་པར་དྲངས།

༥  ༽   རྣམ་པར་ངེས་པའི་མཛད་པ། ཁབ་བཞེས་པའི་མཛད་པ་སྟེ། ཧོས་བཟའ་རྒྱལ་མེད་དང་། དཔོ་བཟའ་ཐང་མོ་གཙོས་པའི་ཤག་རིགས་དང་། རྒྱལ་རིགས། གཏོ་རིགས། རྨངས་རིགས་སོགས་ཀྱི་མཚན་ལྡན་བུ་མོ་རྣམས་དགོས་པ་དུ་མས་ཁབ་ཏུ་བཞེས།

༦  ༽.  རྣམ་པར་སྤྲུལ་པའི་མཛད་པ། སྲས་སྤྲུལ་པ་སྟེ། ཧོས་བཟའ་རྒྱལ་མེད་ཁབ་ཏུ་བཞེས་པའི་སྲས་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས། བུ་མོ་གཤེན་བཟའ་ནེའུ་ཆེན་གསུམ་འཁྲུངས། དཔོ་བཟའ་ཐང་མོ་ཁབ་ཏུ་བཞེས་པའི་སྲས་ལུང་འདྲེན་གསལ་བ་དང་། རྒྱུད་འདྲེན་སྒྲོན་མ། བུ་མོ་གཤེན་བཟའ་ནེའུ་ཆུང་གསུམ་འཁྲུངས། བདེར་གཤེགས་སྟོང་གི་མཚན་ནས་བརྗོད་དེ་སྡིག་ཅན་མི་དགུ་ཐར་པར་དྲངས།

༧  ༽.  རྣམ་པར་འཇོམས་པའི་མཛད་པ། བདུད་བཏུལ་བ་སྟེ། སྟོན་པ་བསླུ་བའི་ཐབས་སུ་བདུད་ཀྱིས་ཆོ་འཕྲུལ་སྣ་དགུ་བསྟན་པ་ནི། ལྷ་ལ་བརྫུས་པ་དང་། དེ་བཞིན་སློབ་དཔོན། ཕ་མ། སྐྱེས་ཕྲན། ན་ཆུང་། སྤུན། བུ་སོགས་བརྫུས་ནས་ཆོ་འཕྲུལ་བསྟན་ཀྱང་སྟོན་པས་དེ་རྣམས་སུན་ཕྱུང་བས་བདུད་རྣམས་རབ་ཏུ་སྐྱེངས། ལྷ་བཟའ་གུང་དྲུག་ཁབ་ཏུ་བཞེས་པའི་སྲས་མུ་ཆོ་ལྡེམ་དྲུག་འཁྲུངས། བོད་ཀྱི་ཀོང་ཡུལ་ཕེབས་ནས་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་ནས་དེའི་ཕྱི་ལོར་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས།

༨  ༽.  རྣམ་པར་རྒྱལ་བའི་མཛད་པ། བདུད་ལས་རྒྱལ་བ་སྟེ། བདུད་ཀྱིས་གཤེན་འཁོར་རྣམས་བསླུས་ཏེ། གཏོ་ཡི་བཀའ་སྒྲོམ་ཞུགས་ལ་བསྲེགས་ཀྱང་སྟོན་པས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་སྤྲོས། གསས་བཟའ་ངང་དྲུག་ཁབ་ཏུ་བཞེས་པའི་སྲས་འོལ་དྲུག་ཐང་པོ་འཁྲུངས། འབུམ་རྒྱས་འབྲིང་བསྡུས་གསུམ་གསུངས། ཀོང་ཙེའི་འགྲོ་དོན་བྱོན་ནས་བདུད་སྲིན་གྱི་བར་ཆད་མཐར་བསྐྲོད་མཛད། རྒྱ་བཟའ་ཁབ་ཏུ་བཞེས་སྲས་ཀོང་ཙེ་འཕྲུལ་བུ་འཁྲུངས། དཀར་ནག་བཀྲ་གསལ་ལ་བསྟན་པ་རྗེས་བཞག་མཛད།

༩  ༽   རྣམ་པར་རིག་པའི་མཛད་པ། ཁྱིམ་སྤང་རབ་ཏུ་བྱུང་བ་སྟེ། སྐྱེ་རྒས་ན་འཆི་སྡུག་བསྔལ་བཞི་ལ་གཟིགས་ནས་རྒྱལ་སློད་ཀུན་སྤངས་ནས་མཆོད་རྟེན་དཀར་པོའི་དྲུང་དུ་རབ་ཏུ་བྱུང་། དེ་ནས་སུམ་ཅུ་རྩ་གསུམ་ལ་བྱོན་ནས་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་ཁྲིམས་བཞེས། འོག་མིན་གནས་སུ་བྱོན་ནས་བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་ལོ་གསུམ་མཛད།

༡༠  ༽.  རྣམ་པར་དབེན་པའི་མཛད་པ། གཅིག་པུར་དགོན་པ་མཛད་ནས་དབང་རབ་ཁྱབ་པ་ལ་སོགས་ལ་བླ་མེད་རྫོགས་པ་ཆེན་པོའི་བོན་བསྟན། དབང་ཐ་གཤེན་ཟ་ནེའུ་ཆུང་སོགས་ལ་མས་ནས་རིམ་པར་འཛེགས་པའི་བོན་བསྟན། བཀའ་འཁོར་ཐ་མ་ལོ་གསུམ་བསྐོར།

༡༡  ༽.  རྣམ་པར་གྲོལ་བའི་མཛད་པ་སྟེ། བཀའ་འཁོར་དང་པོ་ཐེག་པ་རིམ་དགུ་ནི་ཐེག་དགུའི་གཤེན་པོ་རྣམས་ལ་གཉེར་དུ་གཏད། བར་པ་སྒོ་བཞི་མཛོད་ལྔ་བ་རབ་གླིང་རྩོལ་སོགས་གཤེན་པོ་ལྔ་ལ་གཉེར་དུ་གཏད། ཐ་མ་ཕྱི་ནང་གསང་གསུམ་ནི་བཙུན་པ་ཁྱབ་པ་སོགས་ལ་གཉེར་དུ་གཏད།

༡༢  ༽.  རྣམ་པར་གྲུབ་པའི་མཛད་པ། མྱ་ངན་འདས་པའི་མཛད་པ་སྟེ། གཤེན་རབ་སེམས་དཔའ་རྣམས་ལ་བོན་སྒོ་སོ་སོར་གཉེར་དུ་གཏད་ཅིང་། འདས་མ་འོངས་གསུམ་གྱི་ལུང་བསྟན་གསུངས། འདའ་ཁའི་ཞལ་ཆེམས་ཀྱི་བོན་རྣམས་གསུངས་ནས་རྟག་འཛིན་ཅན་རྣམས་སུན་ཕྱུང་བའི་ཕྱིར་སྐུ་མྱ་ངན་ལས་འདས། (གཟི་བརྗིད་ཨ་སྡེ་ཨང་ ༨༣༡ ལས་བཏུས།)

འོལ་མོ་གླིང་ཞེས་སུ་འབོད་པ་དེས་སོ། །

སྟོན་པའི་དུས་ཆེན་ལ་ཕུལ་བའི་མཆོད་ཕྲེང་།

རྩོམ་པ་པོ། རིག་པའི་ཁུ་བྱུག

༧ ཡོད་ཁམས་དཀར་པོའི་བསོད་ནམས་ཆེ་བ་དང་།། མེད་ཁམས་མགོ་བོ་དུད་པའི་ཡ་ཐོག་དེར།། སངས་རྒྱས་སྟོང་རྩའི་དབུས་ནས་བརྒྱ་པའི་མགོན།།ཕེབས་པའི་ཁྱེའུ་གསལ་བ་ཁྱེད་ལ་འདུད།། ༧ ལྔ་སྙིགས་ཚེ་ལོ་བརྒྱ་པའི་མགོན་པོ་རུ།། ཡེ་ཤེས་ལྷ་ཡི་མདུན་ནས་བྱིན་མཐུ་ཞུས།། ཐབས་མཁས་སངས་པོའི་དྲུང་ནས་ཐབས་ལམབརྩལ། །གཟིགས་དགོངས་ཚད་ལྔའི་སྒོ་ནས་དོག་ལ་ཕེབས།། ༧ ཁྱེད་སྐུ་མི་མཇེད་ཞིང་འདིར་བལྟམས་པའི་ཚེ།། དབང་མེད་ལས་རླུང་དྲག་པོས་དེད་མིན་པར།། ཞི་བདེ་རང་དབང་འཁོར་ལོས་དབང་བསྒྱུར་ཏེ།། སྲིད་པ་རྐང་གཉིས་འགྲོ་བའི་ཤ་ཚུགས་བཟུངས།། ༧ དེའི་ཚེ་གནམ་གྱི་ལྷ་དང་འོག་གི་ཀླུ།། བར་གྱི་གཟུགས་ཅན་མི་དང་གཟུགས་མེད་འགྲོས།། གང་སྐུ་མཚན་དཔེ་བཞད་པའི་གཏམ་ཐོས་ཚེ།། སྤྲོ་དགའི་བསྟོད་ཚིག་དང་བཅས་མདུན་དུ་ལྷགས།། ༧ དངོས་ཡོད་འགྲོ་བ་མི་ཡིས་མཆོད་སྤྲིན་འབུལ།། དངོས་མེད་ལྷ་འདྲེས་ལྐོག་ནས་ཤིས་སྨོན་འཐོར།། ལྷ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཞབས་ནས་བཏེགས།། འཇིག་རྟེན་ཆེ་དགུའི་དྲེགས་པ་ཐང་ལ་བསྙིལ།། ༧ ཕྲ་བ་གཟུགས་མེད་སེམས་ཅན་མན་ཆོད་དང་།། རགས་པ་གཟུགས་ཅན་འབུ་སྲིན་ཡན་ཆོད་དུ།། གང་ལ་གང་འདུལ་སྐུ་རུ་མངོན་བཞེངས་པའི།། མ་ངེས་ལྔ་ལྡན་བརྒྱ་པའི་མགོན་པོར་འདུད།། ༧ རྡུལ་གྲངས་སེམས་ཅན་གྲངས་མེད་ཇི་སྙེད་པས།། ཇི་སྙེད་ཐེ་ཚོམ་དུས་གཅིག་དྲིས་ན་ཡང་།། རང་རང་སོ་སོར་ལན་རེ་འདེབས་པར་ཐོས།། ཚངས་དབྱངས་ངག་གི་སྟོན་པ་ཁྱེད་ལ་འདུད།། ༧ ཐུགས་བསྐྱེད་ཟབ་མོས་མི་མཇེད་སྟོན་པར་སྨོན།། གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱང་།། མཐར་ཐུག་འོག་མིན་ཞིང་དུ་སངས་རྒྱས་ཏེ།། མཁྱེན་གཉིས་མངའ་བདག་དམུ་རྒྱལ་གཤེན་ལ་འདུད།། ༧ གདུལ་བྱའི་ཁམས་དང་མོས་པས་གར་ཁྱབ་ལ།། ཁྱེད་ཀྱིས་མཁྱེན་གཉིས་བརྩེ་བས་མ་ལུས་ཁྱབ།། རང་ལ་དད་དང་མོས་པའི་མཐུ་ཡོད་ན།། དེ་ནར་མོས་སྣང་ཇི་བཞིན་སྤྲུལ་སྐུར་ཤར།། ༧ ཁྱོད་ལ་རྣམ་དཔྱོད་ཤེས་རབ་མིག་ཡོད་ན།། ཁྱོད་ལ་དད་མོས་དབང་པོའི་སྒོ་ཡོད་ན།། ཁྱོད་ལ་ཅི་འདོད་གདམ་པའི་སྟོན་པ་དེ།། ཁྱོད་དང་ཁ་ཐག་མི་རིང་གམ་དུ་བཞུགས།། ༧ ཡིན་ཡང་རང་ཅག་འཁྲུལ་མཚོར་བྱིང་རིང་བས།། རྣམ་དཔྱོད་རིག་པའི་དབང་པོ་མི་གསལ་བས།། ཅི་གསུངས་ཡིད་ཆེས་བྱེད་པ་ཙམ་ཞིག་ལས།། མངོན་དུ་མཐོང་བ་རེ་བ་ཙམ་དུ་ཟད།། ༧ དེ་རིང་རྒྱལ་བ་ཁྱེད་ཀྱི་འཁྲུངས་སྐར་སྟེ།། ངེད་ཅག་རྗེས་འཇུག་ཁྲི་མ་འབུམ་ཚོ་ཡིས།། ཁྱེད་ལ་དད་གུས་སྟོང་གིས་མཆོད་པ་བཤམས།། རྗེ་གཅིག་དྲན་པའི་གདུང་བ་སྟོང་གིས་བོས།། ༧ ཁྱེད་ཀྱི་གསང་གསུམ་འཕྲིན་ལས་ནམ་མཁའི་མཐའ།། མཁྱེན་གཉིས་ཉི་ཟླས་མ་གསལ་མེད་པའི་ཕྱིར།། བདག་ཅག་གསོལ་བ་འདེབས་པའི་འཁོར་ཚོགས་ལ།། ཐུགས་རྗེས་གཟིགས་པ་ནམ་ཡང་མ་འདོར་ཅིག། ༧ དུས་ཚིགས་འདི་ནི་སྙན་ཞིང་གྲགས་པ་སྟེ།། དུས་གསུམ་སངས་རྒྱས་ཐམས་ཅད་འཁྲུངས་དུས་ཞེས།། ཁྱེད་གསུངས་དྲི་མེད་མདོ་དང་གཟེར་མིག་ལུང་།། གཡུང་དྲུང་གསུང་དང་བསྟུན་ནས་ཞུ་བ་ལགས།། ༧ ཉིན་འདིར་ཚུལ་བཞིན་བླང་དོར་གནས་ཞུགས་ན།། གཟུགས་ཅན་འགྲོ་བས་ཡི་རང་ལྟ་ཅི་སྟེ།། གཟུགས་མེད་ལྷ་འདྲེས་མངོན་ལྐོག་དུ་མ་ནས།། ཡི་རང་སྡོང་གྲོགས་ལྷག་པར་ཆེ་དང་ཆེ།། ༧ གལ་ཏེ་ཚུལ་མིན་སྤྱོད་པ་ལ་ཞུགས་ཤིང་།། ཡང་དག་བདེན་པའི་དོན་དང་འགལ་འགྱུར་ན།། མི་འདོད་བར་ཆོད་རྐྱེན་ངན་རྒོད་པ་དང་།། མདོར་ན་ལས་ངན་འབྲས་བུ་ལྕི་བར་ངེས།། ༧ རྣམ་མཁྱེན་རྒྱལ་བའི་བཀའ་ལུང་ཟབ་མོ་ཐོས།། བླ་མ་དགེ་བའི་བཤེས་གཉེན་རྣམས་དང་མཇལ།། དབང་པོ་ཀུན་ཚང་གཙང་མའི་མི་ལུས་ཐོབ།། དུས་འདིར་གཡུང་དྲུང་བོན་ལ་སྤྱོད་པ་གལ།། ༧ འདི་དང་ཕྱི་མའི་ཚེ་རབས་རྣམ་ཀུན་ཏུ།། བདེ་དགའི་ལོངས་སྤྱོད་དཔལ་ལ་རོལ་འདོད་ན།། ཚེ་འདིར་དགེ་ཚོགས་ཁ་ཞེ་གཉིས་མེད་ངང་།། འབད་ན་བདེ་འབྲས་འབྱུང་བ་དངོས་པོའི་གཤིས།། ༧ རྒྱལ་བའི་བཀའ་དང་འཕགས་པའི་ལུང་དོན་ལྟར།། ཇི་བཞིན་ངེས་པར་རྟོགས་པའི་སྐབས་ཕྲ་ཡང་།། བསླུ་མེད་དོན་ལ་ཡིད་ཆེས་བྱེད་ཙམ་གྱིས།། བསོད་ནམས་བསམ་མེད་ཐོབ་པར་ཞེན་པར་མཛོད།།

སྟོན་མཆོག་སྐྱེ་བ་བཞེས་ཚུལ་ལས་བརྩམས་པའི་མཆོད་ཚིག

ཚུལ་ཁྲིམས་དྲི་མེད།

༧ ཡུལ་གཅིག་སྲིད་པ་འོལ་མོའི་གླིང་ཆེན་དུ།། གྲོང་ཁྱེར་ཞིག་ཆགས་བར་པོ་སོ་བརྒྱད་ཡོད།། གསས་མཁར་ཞིག་སྟེ་ཤམ་པོ་ལྷ་ཡི་རྩེ།། གནས་མཆོག་དེ་ནི་རྟགས་གཟིགས་བོན་གྱི་ཕུག། ༧ སྲིད་པ་ལས་གྲོལ་གདུང་རྒྱུད་དྲུག་གི་ཕུལ།། དམུ་ཡི་རྒྱལ་པོ་ལན་གྱི་ཐེམས་སྐས་དང་།། དེ་ཡི་བཙུན་མོ་ཕྱྭ་བཟའ་ངང་འབྲང་ལ།། རིགས་ཀྱི་སྲས་སུ་རྒྱལ་བོན་ཐོད་དཀར་ཞེས།། ༧ ཤིན་ཏུ་ཁོང་དལ་རབ་ཏུ་ངག་འཇམ་ཞིང་།། གཏོ་དང་སྲིད་པའི་སྨྲང་རྒྱུད་ས་ལེར་མཁྱེན།། མི་འཇིགས་སྟོབས་ཀྱིས་རྒྱལ་ཁམས་ཟིལ་གྱིས་མནན།། དགེ་བའི་གཤིས་རྫོགས་འགྲོ་ལ་བྱམས་སེམས་ལྡན།། ༧ མཚོ་ཆེན་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ།། གྲོང་ཁྱེར་ལང་ལིང་བདལ་བའི་དབུས་དཀྱིལ་དུ།། དམངས་རིགས་ཕལ་པ་ཞིག་གི་ཁྱིམ་ཚང་ན།། ཡིད་འོང་མཚན་དང་ལྡན་པའི་བུ་མོ་ཞིག། ༧ ཕ་ཞར་བུ་འཐིང་ཞིག་གི་ཕལ་ཁྱིམ་ན།། གཞན་གྱིས་འཕྲོག་པར་དོག་པའི་ནོར་མཆོག་ཅིག། ཡོད་ན་བདག་གིར་བྱེད་པའི་བསོད་ནམས་དེ།། དམུ་ཡི་སྲས་པོ་མཆོག་ལས་གཞན་ལ་ཅི།། ༧ དམུ་སྲས་ཐོད་དཀར་ལྷོ་ཕྱོགས་གླིང་ཆེན་དུ།། མུ་ལེའི་མཚོ་ལ་སྐུ་ཁྲུས་གསོལ་དུ་གཤེགས།། དེ་ཡི་ལམ་བར་གྲོང་ཁྱེར་ལང་ལིང་ནས།། མི་ཡི་བུ་མོ་ཀླུ་ཡི་སྲས་མོ་མཇལ།། ༧ རྒྱལ་ཁམས་ཀུན་ནས་བཙལ་བས་རྙེད་མ་གྱུར།། ཕྱོགས་སུ་གཤེགས་པའི་ལམ་ནས་ཐོལ་གྱིས་འཕྲད།། ལས་འཕྲོའི་མེ་ཏོག་ཟེར་བ་འདི་འོ་ཞེས།། ལྐོག་གྱུར་གསང་བའི་གནས་ཤིག་དེ་གར་བསྟན།། ༧ བར་པོ་སོ་བརྒྱད་མཁར་གྱི་ཡང་རྩེ་རུ།། ལྷ་ཡི་མེ་ཏོག་ཟུང་གཅིག་ལྷན་དུ་འཛོམས།། ལྷ་མི་འགྲོ་བའི་བསོད་ནམས་དཔལ་དུ་རྫོགས།། འཇིག་རྟེན་གསུམ་ལ་དགེ་བའི་འོད་སྣང་རྒྱས།།༧ དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་ས་ན།། ཐབས་ཤེས་ཉི་ཟླའི་འོད་ཀྱི་གུར་ཁང་ཕུབ།། མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་རྗེ།། མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞེད་མ།། ༧ དེ་ཚེ་སྟོན་པ་ཞིག་གི་བསྟན་པའི་དོན།། གྲུབ་ནས་བརྒྱ་པའི་མགོན་པོ་འབྱོན་དུ་རན།། ལྷ་གཤེན་སྲིད་གསུམ་འགྲོ་བའི་དོན་དུ་འཛོམས།། ཁྱེའུ་གསལ་བ་སྟོན་པའི་སྒྲོན་མེར་གཤེགས།། ༧ རི་རབ་རྩེ་ནས་གླིང་བཞི་ཀུན་ལ་གཟི༵གས།། གཟི༵གས་དགོངས་དུ་མས་འགྲོ་བའི་དོན་ལ་སྤྲུལ༵།། སྤྲུལ༵་པའི་སྟོན་པ་གཤེན་རབ་མི་བོ་ཆེ༵།། ཆེ༵་མཆོག་རྒྱལ་པོ་དམུ་ཡི་སྲས་སུ་འཁྲུངས།། ༧ ལོ་རྒྱལ་ཤིང་བྱིའི་དཔྱིད་ཀྱི་ར་བ་སྟེ།། རྒྱལ་གྱི་ཟླ་བའི་སུམ་ཅུའི་ཞག་གི་སྙིང་།། བཅོ་ལྔའི་ཉ་ཡི་ནམ་ལང་ཡོས་བུ་ལ།། ཨེ་མ་སངས་རྒྱས་འཁྲུངས་པའི་དུས་བཟང་ཤར།། ༧ སངས་རྒྱས་བྱོན་པའི་གསུང་སྙན་ཁུ་བྱུག་བཞིན།། ལྷང་ལྷང་གྲགས་པ་འཇིག་རྟེན་གསུམ་གྱིས་ཐོས།། ལྷ་ཀླུ་མི་ཡི་འགྲོ་ཀུན་སྤྲོ་བ་སྐྱེས།། གཡེན་ཁམས་སོ་གསུམ་དེ་ཡང་དོག་ལ་བབ།། ༧ ནམ་མཁའི་དབྱིངས་ནས་ཡར་གཡེན་བཅུ་གསུམ་བྱུང་།། བར་སྣང་ཁམས་ནས་བར་གཡེན་གཏོད་དགུ་བབ།། ས་གཞིའི་སྟེང་ནས་ས་གཡེན་བཅུ་གཅིག་ལྡང་།། བར་པོ་སོ་བརྒྱད་མཁར་གྱི་སྒོ་ལ་འཛོམས།། ༧ གཤེན་རབ་མི་བོ་འགྲོ་བའི་སྒྲོན་མེ་མཛད།། ཡེ་གཤེན་བཅུ་གསུམ་འཁོར་གྱིས་རབ་ཏུ་བསྐོར།སངས་རྒྱས་བོན་གྱི་བསྟན་པ་རྒྱ་ཆེ་བ།། གདུལ་བྱ་འགྲོ་བའི་དོན་དུ་ཡོངས་སུ་བསྟན།། ༧ ཤམ་པོ་ལྷ་རྩེའི་གསས་ཀྱི་མཁར་ནང་ནས།། སུམ་བརྒྱ་དྲུག་ཅུའི་བོན་གྱི་སྒོ་མོ་ཕྱེས།། ཕྱི་ནང་གསང་གསུམ་འཁོར་གྱི་གདུལ་བྱ་ལ།། བརྒྱད་ཁྲི་བཞི་སྟོང་བཀའ་ཡི་འཁོར་ལོ་བསྐོར།། ༧ ལྷ་ཀླུ་མི་ཡི་འཇིག་རྟེན་རྣམ་གསུམ་ལ།། བསྒྲག་པ་གསུམ་གྱི་པེའུ་ཙེ་ཁྱེད་ཀྱིས་བསྟན།། རིགས་དྲུག་གནས་སུ་འཁོར་བའི་སེམས་ཅན་ལ།། འདུལ་བ་གཤེན་རབ་དྲུག་ཏུ་ཁྱེད་ཀྱིས་སྤྲུལ།། ༧ གདུལ་བྱ་སེམས་ཅན་བློ་ཡི་རིམ་པ་ལ།། ཐེག་པ་རིམ་དགུའི་རྣམ་བཞག་ཁྱེད་ཀྱིས་ཕྱེས།། ཉོན་མོང་དུག་ལྔའི་དབང་དུ་གྱུར་པ་ལ།། སྒོ་བཞི་མཛོད་ལྔའི་བསྟན་པ་ཁྱེད་ཀྱིས་བཞག། ༧ བདུད་དང་སྲིན་པོའི་ལོག་པའི་བར་ཆོད་ལ།། ཕ་རོལ་ཕྱིན་བཅུའི་གོ་ཆ་ཁྱེད་ཀྱིས་བགོས།། ཚད་མེད་རྣམ་བཞིའི་དམག་གི་དཔུང་བཀྱེས་ནས།། རྒྱལ་ཁམས་མ་ལུས་བདེ་ལ་ཁྱེད་ཀྱིས་བཀོད།། ༧ ལྟ་བ་མཐོན་པོའི་ཡས་ནས་དབུ་ཕུབ་ཅིང་།། སྤྱོད་པ་དམའ་མོ་མས་ཡར་སྐྲས་ལ་འཛེག། སྙིང་རྗེའི་གཞི་བྱས་ཕ་རོལ་ཕྱིན་བཅུར་སྤྱོད།། ཚིག་བཞིའི་མདོ་འདི་ཁྱེད་ཀྱི་ཞལ་ཏ་ཡིན།། ༧ དང་པོ་ཞི་བའི་ལས་ཀྱི་སྤ་རེ་བཀོང་།། དེ་ཡིས་མ་ཐུལ་དྲག་པོས་ཚར་དུ་གཅོད།། ཞི་རྒྱས་དབང་དྲག་བཞི་ཡི་ལས་བསྒྲུབས་པ།། འདི་ནི་ཁྱེད་ཀྱི་འགྲོ་བ་འདུལ་ལུགས་ཡིན།། ༧ སེམས་ཅན་ཐམས་ཅད་ཆ་མཉམ་མི་འཇོག་པར།། གཅིག་གསོ་གཅིག་གསོད་བྱ་བའི་བོན་དེ་ནི།། ལོག་པ་ཡིན་པས་བྱ་རུ་མི་རུང་ཞེས།། འདི་ནི་ཁྱེད་ཀྱི་ཞལ་གདམ་དྲོན་མོ་ཡིན།། ༧ བདུད་ལས་དཔའ་བའི་ས་བོན་འབྲུ་ལྔ་ལས།། རྩལ་དང་རོལ་པའི་འཕྲིན་ལས་མ་འགག་པར།། འཕྲུལ་ཆེན་ཡི་གེ་བཞི་བཅུ་རབ་ཏུ་སྤྲོས།། འདི་ནི་ཁྱེད་ཀྱི་ཐབས་དང་ཐུགས་རྗེ་ཡིན།། ༧ འཁོར་བའི་འདམ་དུ་པད་མའི་འདབ་མ་ལྟར།། རྣམ་དག་ཚུལ་ཁྲིམས་གཙང་མའི་ངུར་སྨྲིག་མཛེས།། ལྷ་ཡི་ནབ་བཟའ་པད་ལོ་རིས་དྲུག་འདི།། བཟང་ཟ་ཡུམ་ལས་དངོས་གྲུབ་ཁྱེད་ཀྱིས་ཞུས།། ༧ རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས།།དཀར་ནག་བཀྲ་གསལ་གསས་ཁང་བཞེངས་པ་ལ།། སྲིན་གྱིས་བར་དུ་གཅོད་པ་མཚམས་བཅད་དེ།། བསྟན་པ་རྣམ་གསུམ་རྗེས་བཞག་ཁྱེད་ཀྱིས་མཛད།། ༧ ཁྱེད་ཀྱི་ཐུགས་རྗེ་ཀུན་ཁྱབ་ཉི་མ་ཡིས།། རིས་མེད་འགྲོ་བའི་སྡུག་བསྔལ་མུན་པ་གཞོམ།། ཁྱེད་ཉིད་གཤེགས་ཤུལ་སྐད་ཅིག་ལམ་ལ་ཡང་།།འགྲོ་བ་ཆབ་ཀྱི་བྲམ་ཙམ་ཐར་པར་འདྲེན།། ༧ རྫུ་འཕྲུལ་སྟོབས་ཀྱིས་གླིང་གཞི་ཀུན་ལ་གཤེགས།། གང་ལ་གང་འདུལ་བོན་སྒོ་ཇི་སྙེད་བསྟན།། གདུལ་བྱ་མཐའ་ཀླས་སྨིན་དང་གྲོལ་བར་མཛད།། གཤེན་རྒྱལ་སྟོན་པ་སྲིད་པའི་མངའ་བདག་ཆེ།། ༧ ཁྱེད་ཉིད་འཁྲུངས་པའི་དུས་ཆེན་ཉིན་མོ་འདིར།། ཁྱེད་ཀྱི་བཀའ་དྲིན་དྲན་པའི་གདུང་ཤུགས་ཀྱིས།། ཁྱེད་ལ་མཆོད་ཚིག་རིང་མོ་འདི་ཕུལ་བ།། ཁྱེད་ཀྱི་འཁྲུངས་མཆོད་བསུ་བ་མཚོན་ཕྱིར་ཡིན།།

སེམས་ཀྱི་མཆོད་ཀ།

ཁམས་རིག་གྲོལ།

༧ ཚོགས་གཉིས་སྤྲིན་དཀར་འདབ་མ་གྲོལ་བའི་དབུས།། སྐུ་གཉིས་ཟེའུ་འབྲུའི་ལང་ཚོ་རབ་ཏུ་བརྟས།། མཁྱེན་གཉིས་བདུད་རྩིའི་ཐིགས་ཕྲེང་འབུམ་འཛག་པའི།། དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་དེར་བསྔགས།། ༧ གནམ་ལ་ཉི་ཟླ་གཟའ་སྐར་ཀླུང་བཟང་སྟེ།། ས་ལ་དུས་ཚོད་ཚེས་གྲངས་མཐུན་ཞིང་ཤིས།། བར་ན་གཞའ་སྤྲིན་དལ་གསུམ་མཛེས་ཤིང་བཀྲ།། འོག་ན་འཁོར་འབངས་བདེ་སྐྱིད་དར་ཞིང་རྒྱས།། ༧ དེ་ལྟའི་དུས་ཀྱི་སྐལ་བཟང་ཤར་དང་ལྷན།། མི་མཇེད་འཇིག་རྟེན་འདུལ་བའི་དཔུང་གཉེན་དུ།། གཟིགས་དགོངས་བརྩེ་བ་ཆེན་པོའི་ཀློང་དབྱིངས་ནས།། མཚན་དཔེའི་སྐུ་མཆོག་ཞིང་འདིར་མངོན་པར་འཛུམ།། ༧ འཇིགས་རུང་ལྔ་སྙིགས་དུས་ཀྱི་ཞིང་ས་རུ།། འཁྲུལ་རྟོག་བདུད་ཀྱིས་བསླུས་པའི་འགྲོ་རྣམས་ལ།། གང་འདུལ་ཐབས་ཤེས་ཟུང་གི་ལམ་བཟང་ནས།། རིམ་དགུ་ཐེག་པའི་འོད་ཀྱི་འཛུམ་ཟེར་སྤྲོས།། ༧ རྣམ་མང་ཤེས་བྱའི་དཀྱིལ་འཁོར་ཡངས་པ་རུ།། རབ་འབྱམས་བོན་གྱི་རྒྱ་མཚོ་འཁྱིལ་བའི་ཀློང་།། བརྒྱད་ཁྲི་བཞི་སྟོང་རླབས་ཀྱི་ཕྲེང་བ་རྩེན།། སྒོ་བཞི་མཛོད་ལྔ་རིན་ཆེན་གྲམ་ལྟར་སྤུངས།། ༧ མཐའ་མེད་སྲིད་གསུམ་འགྲོ་བའི་ཞིང་ས་རུ།། དུག་གསུམ་ལོག་རྟོག་ཁྲག་མཚོ་འཁྲུག་པའི་དབུས།། སྡེ་གསུམ་ཤེས་རབ་རིག་པའི་རྣོ་དབལ་གྱིས།། ཕྱི་ནང་གསང་གསུམ་བོན་གྱི་གཏེར་སྒོ་ཕྱེས།། ༧ མདོར་ན་ཁྱེད་ཀྱི་མཁྱེན་བརྩེའི་རྟ་བདུན་ཟེར།། སྐལ་བཟང་སྐྱེ་རྒུ་འགྲོ་བའི་དཔྱིད་ཀྱི་དཔལ།། གཤེན་བསྟན་པད་མོ་བཞད་པའི་ཉིན་བྱེད་དབང་།། ལས་ཉོན་འཁྲུལ་རྟོག་འཇོམས་བྱེད་རྣམ་པར་རྒྱལ།། ༧ བདག་སོགས་འགྲོ་བློས་འདི་ཞེས་གཞལ་དཀའ་ཡང་།། ཟོལ་བྲལ་བསྟོད་ཚིག་ངག་གི་རིག་བྱེད་འདི།། མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནས།། དད་སེམས་དབུགས་ཀྱིས་བསྐུལ་ཏེ་འདི་རུ་ལུད།། སྟོན་མཆོག་ཡང་དག་པ་རྫོགས་པའི་སངས་རྒྱས་༧རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་མཆོག་གདུལ་བྱ་གཞན་དོན་དུ་མཚན་དཔེའི་སྐུ་མཆོག་འཛམ་གླིང་འདིར་མངོར་པར་བཞད་ནས་མི་ལོ་(18033)འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་སྐབས་བསྟུན་ཏེ་ཁམས་རིག་གྲོལ་པས།

སྟོན་པའི་མཛད་རྣམ་ལ་བསྟོད་པའི་ཚིག་ཕྲེང་།

ཉི་མའི་འོད།

༧ ཤེས་ལྡན་སྟོང་གི་ཟུར་ཕུད་མཁྱེན་རབ་སྡེ་བཞི་མཐའ་མེད་སྤྲོས་བྲལ་མཁའ་ཡི་ཀློང་།། རྨད་བྱུང་འོད་ལྔའི་གཞའ་རིས་འཁྱུད་པའི་གསང་གསུམ་བདུད་རྩི་ཟེགས་མའི་རླབས་ཕྲེང་གཡོས།། རྣམ་གསུམ་ཚོགས་ཀྱི་འཁོར་ལོའི་ཚད་མེད་རྣམ་བཞི་སྤང་བསྒྱུར་གྲོལ་བའི་འདབ་བརྒྱ་བཞད།། དཀའ་བ་མཐའ་ཀླས་མུ་མཐའ་མེད་པའི་བསོད་ནམས་ཚོགས་ཀྱིས་བདེ་བའི་ཞིང་དུ་བགྲོད།། གོ་མཚོན་མཚོན་ཆའི་ཆར་འབེབ་བཙོ་སྲེགས་དྲག་པོ་མུན་པ་འཁྲིག་པའི་འདམ་དོང་ཁྲོད།། དམྱལ་བ་གྱད་བུ་ཐུང་གི་རང་ཞལ་ངོམ་བཞིན་ལྷག་བསམས་འདབ་མའི་འོད་སྟོང་རྒྱས།། རྒྱལ་བུ་ཀུན་དགའི་མཚན་དཔེ་རབ་བཞད་ཚོགས་ཀྱི་ལམ་བཟང་མཁའ་ཡི་གླིང་དུ་བསྒྱུར།། སྟོང་གསུམ་འགྲོ་འདྲེན་འཁོར་འདས་དབང་བསྒྱུར་རྒྱལ་བུ་ཤེས་ལྡན་ཉིད་ཀྱི་ལང་ཚོ་ལས།། སྦྱིན་པའི་ཚོགས་ཆེན་རབ་རྫོགས་སྦྱོར་ལམ་རིགས་བཞི་རིག་པའི་མདའ་མོ་མཁའ་རུ་བསྙེགས།། རྨད་བྱུང་འོག་མིན་སྲིད་པ་ཡེ་སངས་ཡུལ་དུ་ཁྱེའུ་གསལ་བའི་སྐུ་མཆོག་ཀློང།། རྩལ་གསུམ་ས་ལམ་རིམ་བགྲོད་སྤང་རྟོགས་རབ་རྒྱས་སྐུ་ལྔའི་ཀློང་དྲུང་སྟོན་པ་རྫོགས་སངས་རྒྱས།། རྣམ་བཞི་ལེགས་བྱས་རྒྱ་མཚོའི་འོད་རླབས་བརྩེ་ཆེན་སྙིང་རྗེ་ཆེན་པོས་ཉེར་གཟིགས་ཏེ།། རྣམ་བཞི་དཔལ་མངའ་བདག་འཛིན་ལས་སྒྲིབ་ཉོན་མོངས་རབ་ཞི་ཡོ་ཕྱི་རྒྱལ་བཞད་དང་།། རྣམ་དཔྱོད་སྒོ་འཕར་རབ་ཡངས་རིགས་རུས་ཁུངས་བཙུན་རྒྱལ་བོན་ཐོད་དཀའི་སྐུ་དཀྱིལ་ཀློང་།། ཕུན་ཚོགས་སྡེ་བཞིའི་དཔལ་མངའ་ཉིད་བྱེད་རབ་དཀར་ལོ་རྒྱལ་ཤིང་ཕོ་བྱི་བའི་ལོ།། རྒྱུ་སྐར་མཐུན་ཤིས་རྩི་ཤིང་ཡལ་འདབ་རབ་རྒྱས་རྒྱལ་ཟླ་དཔྱིད་ཟླ་ར་བ་དང་།། རྨད་བྱུང་ཉི་མའི་འོད་སྟོང་དཀར་ཕྱོགས་དགེ་བ་བཅོ་ལྔའི་དུང་ཟླ་ཤར་བའི་ཉིན།། མཁའ་ལམ་རྒྱུ་སྐར་རྒྱལ་དུས་སྐུ་མཚན་པད་མོ་རྟག་གཟིགས་ཡུལ་དུ་སྐྱེ་བ་བཞེས།། འཇིག་རྟེན་འཁོར་བ་མཐའ་མེད་གདུལ་བྱ་འགྲོ་བ་དབང་པོ་རབ་འབྲིང་ཐ་མ་ལ།། རྣམ་དཀར་ལེགས་བཤད་དྲང་ངེས་བརྒྱད་ཁྲི་བཞི་སྟོང་ཕྱི་ནང་གསང་བའི་བོན་རྣམས་སྤེལ།། ཐུགས་རྗེའི་ཚད་མེད་རྣམ་བཞིས་སྡིག་ཅན་གཏོ་བུ་འཁོར་བའི་གནས་ནས་ཐར་པ་དྲངས།། བཙུན་མོ་འགུ་ལིང་མ་ཏི་འཆི་བའི་ནད་གསོས་རྣམ་དག་འགྲོ་འདྲེན་ལྷ་མོ་བསྒྱུར།། སེམས་ཅན་རང་མཐུན་རབ་ཆད་མ་ནིང་བྱ་བའི་ངག་བཅག་བཙུན་མོ་ཁབ་ཏུ་བཞེས།། སྲིད་པ་ལྷ་མིའི་བསོད་ནམས་དབང་དང་འགྲོ་དོན་མཛད་ཕྱིར་རྒྱལ་བའི་སྲས་སུ་སྤྲུལ།། འཁོར་བ་འཁྱམ་པའི་སྡིག་ཅན་མི་དགུ་ཐར་པ་དྲངས་ནས་འགྲོ་དོན་རྒྱ་ཆེར་མཛད།། རྣམ་བཞི་དཔལ་མངའ་བཟོད་པའི་གོ་གྱོན་སྙིང་རྗེས་དམག་དཔུང་བདུད་ཀྱི་དམག་ཚོགས་བཏུལ།། མུ་ཁྱུད་མཚོ་གླིང་དཀྱིལ་དུ་འཕྲུལ་གྱིས་བཟོས་པའི་དཀར་ནག་བཀྲ་གསལ་འབར་བའི་གླིང་།། རྣམ་དཀར་ལེགས་བཤད་སྐུ་གསུང་ཐུགས་གསུམ་བརྒྱད་ཁྲི་བཞི་སྟོང་བོན་གྱི་བསྟན་པ་བཞགས།། འཁོར་དང་རྒྱལ་སྲིད་ལོངས་སྤྱོད་སྤང་དེ་རྣམ་དག་རབ་བྱུང་སྲིད་པའི་དཀའ་ཐུབ་མཛད།། གཡུང་དྲུང་དགུ་རྩེག་གླིང་དུ་བླ་མེད་ངེས་དོན་རབ་བསྟན་འཁོར་སྤང་དགོན་པ་མཛད།། རྣམ་དག་འགྲོ་བའི་དོན་རྫོགས་འགྲོ་ཀུན་སྐྱེ་འཆི་རྟག་འཛིན་ཟློག་ཕྱིར་མྱ་ངན་འདས།། དགེ་ལེགས་རྨད་བྱུང་རྣམ་དག་རྣམ་བཞི་མཛད་པ་བཅུ་གཉིས་མཐའ་རུ་ཕྱིན་པར་མཛད།། དུས་གསུམ་སྐལ་བཟང་སངས་རྒྱས་སྟོང་གཙོ་གཤེན་རབ་སྐྱེ་བཞེས་རྒྱུ་སྐར་ཉི་གཞོན་འཛུམ།། རྒྱལ་ཟླ་དཔྱིད་རའི་རྫོགས་ལྡན་ཉིན་ལ་སྐུ་འཁྲུངས་ལོ་རྒྱུས་གསེར་གྱི་གླེགས་བམ་ཉིད།། རྣམ་འདྲེན་སྟོན་པའི་བཀའ་དང་མཛད་མདོ་རྒྱས་བསྡུས་བཀའ་བརྟེན་རྣམས་ཀྱི་དགོངས་དོན་དང་།། དུས་འཁོར་སྲིད་པ་དབང་བསྒྱུར་སྒྱུ་འཕྲུལ་རྣམ་བཞག་སྐར་རྩིས་རིག་པའི་རྙེད་དོན་ནམ།། མཁྱེན་རབ་དབང་ཕྱུག་སྨྲ་དབང་ཡོངས་འཛིན་ཆེན་མོའི་མཁྱེན་དཔྱོད་རིག་པའི་གཤོག་རླབས་རྒྱས།། འདིར་བརྗོད་བསོད་ནམས་མཆིས་ཚེ་རྨོངས་བརྒྱ་རབ་གྲོལ་བླ་མེད་རྫོགས་བྱང་ཐོབ་པར་སྨོན།། །ཅེས་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་འཁྲུངས་ནས་མི་ལོ་{ ༡༨༠༣༣ }འཁོར་བའི་དགྱེས་སྟོན་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རྟེན་འབྱུང་བཀྲ་ཤིས་བདེ་ལེགས་ཞུ།།

མེས་པོ་གཡུ་ཡི་རལ་པ།

ལྡོང་སྐལ་བཟང་།

༧ གནམ་ལ་རིམ་པ་བཅུ་གསུམ་ཕྱེས་པའི་ཉི་ཟླའི་ཉི་ཟླ་གསལ་པོ་ལགས།། ས་ལ་ཐེམ་སྐས་བཅུ་རུ་བསྒྲིགས་པའི་གངས་རིའི་གངས་རི་དཀར་པོ་འོ།། འགྲོ་མིའི་སེམས་ཁམས་ཞིབ་མོར་འཐགས་པའི་རིག་པའི་རིག་པ་གྲུང་མོ་ཅན།། བོད་པའི་འཚོ་བའི་གཞི་རྐང་བསྒྲིགས་པའི་རྩ་བའི་རྩ་བ་བརྟན་པོ་མཆོག།རྒྱལ་བཞད་གཅེས་ལོ་གཡུ་ཡི་རལ་པས་ཁོག་སྟོད་ཁེབ་པ་དེ་རིང་དྲན།། ༧ ཐེག་པ་བཀྲལ་བ་དགུ་རུ་ཕྱེས་སོ་ཨུན་ཆེན་དུང་གི་སྒྲ་ཡིས་བསྟན།། ཕྱི་ནང་བཀར་བ་གསུམ་དུ་བསྟན་ཡོད་ཁྲི་ལོ་གཤང་གི་སྐད་ཀྱིས་བཤད།། གཉིས་སུ་བགོས་པ་རྒྱུ་འབྲས་ལམ་ཡིག་ལྟག་སྤྲོད་ལྔ་ཡི་འུར་གྱིས་ལྡིར།། སྐད་ཀྱི་ཐོག་ལ་ཡིག་གིས་བརྩེགས་པ་གྱེར་དབྱངས་སྙན་མོའི་གདངས་ཀྱིས་འབོད།། རྒྱལ་བཞད་གཅེས་ལོ་སྨུག་པོ་མདོག་གཅིག་དམུ་ཡི་རིགས་ཅན་དེ་རིང་དྲན།། ༧ དྲན་པ་བསྙལ་བའི་དུས་སུ་ཏི་སེ་རི་བོ་ཕ་མཁར་བཞག་པ་བཟང་།། བསམ་པ་གློད་པའི་དུས་སུ་བོད་པའི་རིག་གནས་གཅེས་ནོར་གནང་བ་ཡག། གདུང་བ་འཕར་བའི་དུས་སུ་སྒང་པའི་མཐོ་ནོར་འཚོ་ཐབས་བསྟན་པ་སྨན།། ལྔ་ཆའི་རིག་གནས་རིགས་ལ་འཇོག་མཁན་མེས་པོ་དྲན་པའི་དྲན་པ་འཕར།། རྒྱལ་བཞད་གཅེས་ལོའི་སྐྱེས་སྐར་ཟབ་མོ་སྒང་པ་བོད་ཀྱིས་བསུ་བཞིན་འགྲོ།། མེ་སྤྲེལ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་ཁྲིན་ཏུའུ་ནས།

སྟོན་པའི་དུས་ཆེན་ལ་ཕུལ་བའི་མཆོད་ཚིག

ལུང་རིག་ཉི་མ།

༡  ༽  ལོག་སྡེ་བདུད་དཔུང་འཇོམས་མཛད་རྒྱལ་བ་གཤེན།། མ་ངེས་སྤྲུལ་པའི་རྣམ་འགྱུར་འབུམ་ཕྲག་གིས། གང་འདུལ་ཐབས་མཁས་ཐེག་པ་རིམ་དགུ་སྟོན།། མ་རིག་མུན་སེལ་གཤེན་རྒྱལ་བླ་མར་འདུད།། ༢  ༽.  སྲིད་ཁམས་དུག་ལྔའི་འཆིང་བའི་འགྲོ་བའི་ཚོགས།། བྱང་ཆེན་བདེ་བའི་གནས་སུ་འདྲེན་མཛད་ཕྱིར།། སྣ་མང་འགྲོ་བའི་མོས་ངོར་ཚུལ་མཛད་ནས།། འདི་ཟླའི་ཉ་རུ་མཚན་དཔེ་པད་མོ་བཞད།། ༣  ༽  རབ་ཏུ་དཱངས་པའ་ིསྒོ་གསུམ་གུས་ཕྱག་བཅས།། རབ་འབྱམས་ཞིང་འདིར་ཇི་སྙེད་མཆོད་པའི་སྤྲིན།། རབ་མཆོག་དམུ་རྒྱལ་སྲས་པོ་བལྟམས་པའི་དུས།། རབ་ཟླའི་རྒྱལ་གྱི་ཉ་ཟླའི་ཚེས་ལ་འབུལ།།

རྗེས་དྲན།

འཕགས་སེམས།

༧ སྲིད་པའི་སྡུག་བསྔལ་གདུང་བའི་མེ་འོབ་ལ།། དཔུང་གཉེན་འཁོར་ལོ་གསུམ་གྱི་ཆར་པའི་རྒྱུན།། ཕབ་ཏེ་འགྲོ་ཀུན་ཞི་བསིལ་བདེ་གནས་སུ།། འགོད་མཛད་སྟོན་མཆོག་གཤེན་ལ་གུས་པའི་འདུད།། ༧ བསླུ་མེད་རྣམ་གཉིས་ཚོགས་ཀྱི་ལམ་རིམ་ལ།། གྲངས་མེད་བསྐལ་པའི་ཡུན་དུ་ཤུགས་ཀྱིས་བརྩོན།། བགྲོད་མེད་མཐར་ཐུག་སྐུ་གསུམ་གོ་འཕང་དངོས།། ལྷག་མེད་མངོན་དུ་བྱས་པ་སྲིད་ཞིའི་མགོན།། ༧ ཕྲ་རག་སྒྲིབ་པ་སྤོངས་པའི་མཁའ་དབྱིངས་ན།། ཀུན་གསལ་མཁྱེན་གཉིས་ཉི་ཟླའི་དཔལ་ཡོན་རྒྱས།། ཚད་མེད་ཐུགས་རྗེའི་འོད་ཀྱིས་འགྲོ་ཁམས་སུ།། སྨན་པའི་བདེ་དྲོད་རིས་མེད་ཀུན་ལ་སྟེར།། ༧ རང་དོན་བོན་གྱི་སྐུ་ལས་མ་གཡོས་པར།། གཞན་དོན་གཟུགས་སྐུའི་བཀོད་པ་དངོས་སུ་སྟོན།། གང་འདུལ་འཁོར་ལོ་གསུམ་སོགས་བསྟན་པའི་བོན།། ཐབས་ཀྱི་རྣམ་པར་བཀོད་པ་བསམ་ཡས་སྟོན།། ༧ དམན་པའི་མདོ་སྡེ་གཞན་དུ་གཏུག་དགོས་མེད།། མཚན་ཉིད་ཐེག་ཆེན་འོག་ནས་དྲངས་པ་མེད།། གདུལ་བྱར་དད་མོས་གུས་བརྩོན་སྟོབས་ལྡན་ན།། གདུལ་བྱེད་བསྟན་པའི་བོན་སྒོ་ཚང་ནས་ཡོད། ༧ ཁྱེད་ཀྱི་བརྩེ་བའི་གཞན་དོན་མཛད་འཕྲིན་ལས།། ལྷག་པའི་ཐབས་གཞན་གང་གིས་དབེན་པས་ན།། སྐུ་མཚན་མངོན་པར་བཞད་པའི་དུས་བཟང་ཉིན།། དད་པའི་ཤུགས་ཀྱིས་རྗེས་དྲན་བསྟོད་ཚིག་ཕུལ།།

མཆོད་ཚིག་སེམས་ཀྱི་དགའ་འབོད།།

ཁྱུང་སྨྱུག་མཛེས།

༧ ཚད་མེད་སྙིང་རྗེའི་རླབས་ལས་འོང་པ་ཡི།། མཚན་དཔེ་ཟླ་བ་སྐལ་བཟང་གཙུག་གི་རྒྱན།། ལྷར་བཅས་སྙིང་གི་རྒྱན་ཅིག་གཤེན་རབ་མཆོག། ཐོད་དཀར་སྲས་སུ་འཁྲུངས་ལ་ཕྱག་གིས་འདུད།། ༧ སྤང་སྒྱུར་གྲོལ་གསུམ་ཉི་མའི་འོད་རྣོན་གྱིས།། གདུལ་བྱའི་པད་ཚལ་འདབ་བརྒྱ་གྲོལ་བ་ཡི།། མི་མཇེད་ཞིང་ཅིག་ཞི་བའི་སར་བསྒྱུར་པའི།། རྣམ་གསུམ་བསྟན་སྤེལ་ལྷ་མིའི་གཙོ་བོ་མཆོད།། ༧ སྒྲིབ་གཉིས་མུན་སྨག་གཏིབ་པའི་མཐོངས་ཆེན་པོ།། ཐུགས་རྗེ་ཉིན་བྱེད་འོད་ཀྱིས་སེལ་བ་ཡི།། འདོད་གདུང་ལྷ་མོའི་སྐུ་ལ་མངོན་དགའ་བ།། འགྲོ་འདུལ་སྲིད་ཞིའི་གཙོ་བོ་གུས་པས་མཆོད།། ༧ ལས་ཉོན་སྲིན་པོ་འཁྲོས་པའི་ཁ་རླངས་ཀྱིས།། གཞན་འཚེས་རྣམ་སྨིན་ཁུར་དུ་ཆེ་བ་ཡི།། དམྱ་བའི་སེམས་ཅན་དག་པའི་སེམས་དཔའ་རུ།། ཐར་པར་འདྲེན་མཛད་མཆོག་ལ་ཕྱག་འཚལ་ལོ།། ༧ རྒྱལ་སྲས་བྱེ་བའི་མཐུ་ལས་བརྙེད་པ་ཡི།། ཨེ་དབྱིངས་སྟོང་པར་བརྩེན་པའི་བཟློས་གར་དུ།། སུམ་བརྒྱ་དྲུག་ཅུ་དགའ་བདེ་དགྱེས་པའི་མཆོག། ཁབ་ཀྱི་དཔལ་འབར་འཛིན་ལ་ངག་གིས་སོ།། ༧ གཤེན་བསྟན་འཁོར་ལོ་གསུམ་གྱི་འཕྲིན་ལས་འཆང་།། གཉེར་བསྡུ་སྤེལ་བའི་གོ་ལ་དཔའ་བོ་སྟེ།། བྱང་སེམས་སེམས་དཔའ་རྒྱ་མཚོའི་སྡེ་ཆེན་པོ།། སྲས་སྤྲུལ་འགྲོ་དོན་མཛད་ལ་ཡིད་ཀྱིས་བསྟོད།། ༧ འཚེ་བ་ཆོས་སུ་ལོག་བོན་སྨྲ་བ་ཡི།། གཏོ་དཔྱད་རྫུན་གྱི་སྡེ་རྣམ་ཕམ་པ་ལ།། གཡུལ་འཁྲུག་སྡིག་པའི་ན་དར་དམག་གི་ཚོགས།། འདུལ་བའི་གཤེན་རབ་མཆོག་ལ་གུས་པས་འཆོད།། ༧ གཉིས་འཛིན་འཁྲུལ་པའི་རླབས་ལས་བྱུང་བ་ཡི།། ཕྲ་རྒྱས་སྙིང་པོས་སྟོང་བ་ལྦུ་བའི་ཕྲེང་།། ངེས་གསང་ཟབ་མོའི་མཛོད་དུ་གཟུད་པ་ཡི།། བདུད་སྡེ་འདུལ་ལ་ཐབས་ཀྱི་ཕུལ་བྱུང་བསྟོད།། ༧ སྐུ་གསུང་ཐུགས་གསུམ་འཆད་ཉན་སྒོམ་སྒྲུབ་སོགས།། འཁོར་ལོ་གསུམ་གྱི་མཛད་བཟང་སྐྱེ་རྒུའི་དཔལ།། སྡེ་བཞི་བོན་གྱི་མཛོད་སྒོར་སྦོམ་པ་ཡི།། རྒྱལ་བསྟན་རྗེས་སུ་བཞག་ལ་ཕྱག་འཚལ་ལོ།། ༧ སྡུག་བསྔལ་བཞིར་གཟིགས་སྙིང་རྗེའི་ཆུ་ཀླུང་འབྲུགས།། སྲས་ཡུབ་རྒྱལ་སྲིད་ཀུན་དོར་དཀའ་ཐུབ་གཤེགས།། ཐབས་མཆོག་ཕུལ་ཕྱིན་དྲེགས་ཕྱོགས་འཁོར་དུ་འདུས།། ཁྱིམ་སྤོང་རབ་ཏུ་བྱུང་ལ་ཕྱག་འཚལ་ལོ།། ༧ སྡེ་བཞི་འཁོར་རྣམས་ཟབ་མོའི་དོན་མཆོག་ཏུ།། ཚིག་བོར་དོན་འཇུག་སྲིད་པ་ཐ་མ་རུ།། འགྱུར་ལ་འདོམ་པ་གཅིག་པུར་དབེན་སུལ་དུ།། འཁོར་སྤོང་དགོན་པ་མཛད་ལ་ཕྱག་འཚལ་ལོ།། ༧ རྟག་པར་ལྟ་རྣམས་སུན་འབྱིན་ཡང་དག་ཏུ།། རྒྱལ་བ་ཀུན་གྱི་ཆོས་ཚུལ་བླ་མེད་པ།། ཉག་ཅིག་བོན་སྐུའི་ངང་ལ་སྙོམས་འཇུག་པའི།། མི་རྟག་མྱ་ངན་འདས་ལ་ཕྱག་འཚལ་ལོ།། ༧ རྒྱལ་བ་ཁྱེད་ཀྱིས་མཛད་པ་ཉི་མའི་ཁྱིམ།། སྐལ་བཟང་ཁྱོན་ལ་རོལ་བའི་དགེ་ལེགས་ཀྱིས།། ཐར་པ་དགེ་བའི་རོ་ལ་མངོན་སྒེག་པ།། ཁྲི་གཙུག་གཤེན་རྒྱལ་ཉིད་དགོངས་མངོན་གྱུར་ཤོག།

སྟོན་པའི་རྒྱལ་པོ།

 ༧ སྟོང་པའི་རང་བཞིན་ངང་ལས་མ་གཡོས་ཡང་།། གཡོ་བའི་ཆོ་འཕྲུལ་འདུལ་བྱའི་སྣང་ངོ་རུ།། མཛད་འཕྲིན་སྣང་བ་འོད་ཀྱི་ཉི་ཟླ་བཞིན།། སྟོན་པ་བླ་མེད་བཀའ་དྲིན་ཨེ་མ་རྨད།། ༧ དབྱིངས་ཤེས་དབྱེར་མེད་སྐྱེ་མེད་རང་བཞིན་ལ།། མ་འགག་རྣམ་པ་སྤྲུལ་པའི་ངོ་བོ་ལས།། གང་ལ་ཅི་འདུལ་ཇི་སྙེད་ཇི་བཞིན་དུ།། སྟོན་པ་བླ་མེད་བཀའ་དྲིན་ཨེ་མ་རྨད།། ༧ མཚུངས་མེད་བརྡ་བྲལ་ཤེས་བྱའི་གནས་ལུགས་ལ།། ཟད་སར་གཡོ་བའི་ཐབས་ཀྱི་མ་འགག་སྟེ།།དྲི་མེད་ཕུན་ཕྱིན་ཡོན་ཏན་རབ་རྫོགས་ལྟར།། སྟོན་པ་བླ་མེད་བཀའ་དྲིན་ཨེ་མ་རྨད།། ༧ མཛད་པའི་བྱ་སྤྲེལ་མི་ཡི་དཀའ་ཐུབ་ལ།། ལོ་གསུམ་བཞུགས་ནས་དུས་ཚོད་རིན་ཐང་ནང་།། བདུད་ཆེན་ཁྱབ་པ་གྲོལ་ནས་འཁོར་དུ་བཏགས།། སྟོན་པ་བླ་མེད་བཀའ་དྲིན་ཨེ་མ་རྨད།། སེམས་གཙོ་སྨྲ་བ་ནས།

འཁྲུངས་མཆོད་ཀྱི་ལྷ་རེག

ཤེས་རབ་ནས།

༧ ཐུགས་ཡངས་པ་བོན་སྐུ་ཁྱབ་བདལ་གྱི་ཀློང་ནས།། གསུང་འགག་མེད་བརྒྱད་ཁྲི་བཞི་སྟོང་དུ་སྙན་ཞིང་།། སྐུ་མ་ངེས་མཚན་དཔེ་རང་མཐུན་དུ་སྤྲུལ་པའི།། གཤེན་རྒྱལ་སྲས་རྒྱལ་བའི་དབང་པོ་ཁྱེད་མཁྱེན་ནོ།། ༧ དུས་སྙིགས་མ་སྐྱེ་རྒུ་རྩོད་ལྡན་གྱི་མཚམས་སུ།། བདུད་མུ་སྟེགས་ལོག་པའི་སྡེ་ཚོགས་རྣམས་བཅོམ་སྟེ།། ཀུན་ཞི་བདེའི་དཔལ་ལ་འགོད་པ་ཡི་དེད་དཔོན།། གཙང་དམུ་རིགས་གཤེན་གྱི་རྒྱལ་པོ་ཁྱེད་མཁྱེན་ནོ།། ༧ རྐྱེན་བར་ཆོད་གེགས་ཀྱི་འཕྲང་ལམ་དུ་གཤར་དུས།། སྐྱབས་བསླུ་མེད་འཇིགས་པ་བརྒྱད་སྐྱབས་ཀྱི་ངོ་བོ།། ཚེ་ཕྱྭ་གཡང་སྩོལ་ལ་ཡེ་ཤེས་ཀྱི་ལྷ་སྟེ།། གཤེན་སྟོང་གསུམ་སྟོང་གི་སྤྱི་ཕུད་ཁྱེད་མཁྱེན་ནོ།། ༧ དུས་བསྐལ་ཆེན་གཅིག་གི་བསྟན་པ་ཡི་བདག་པོ།། ཚེ་བརྒྱ་ཕྲག་གཅིག་གི་སྟོན་པ་ཡི་སྒྲོན་མེ།། བོན་ཁྲི་ཕྲག་གསུམ་གྱི་འཁོར་ལོ་རང་བསྐོར་ནས།། ཡུལ་བྱེ་བ་ཕྲག་བརྒྱའི་སྐྱབས་མགོན་ཁྱེད་མཁྱེན་ནོ།། ༧ ངའི་མི་ཕྱེད་དད་པའི་གསོལ་འདེབས་ཀྱི་རླུང་རྟ།། ཁྱེད་འཁྲུངས་པའི་ཟླ་ཚེས་འཁྲུལ་མེད་དུ་རྙེད་པ།། རྒྱལ་ཟླ་བའི་ཚེས་པ་བཅོ་ལྔ་ཡི་ཉིན་མོར།། ལུས་གུས་པའི་སྒོ་ནས་སྙན་པ་རུ་ཕུལ་ཡོད།། ༢༡༦ ༡ ༢༣ ཉིན།   ཤེས་རབ་ནས།

ཡབ་ཆེན་དྲན་པ།

           ཞུ་ཚང་བ།

༧ སྟག་གཟིག་འོལ་གླིང་གི་ཞིང་ཁམས་དེ་ནས།། སྐུ་མཚན་ཁྱེའུ་ཡི་གཟུགས་སུ་སྤྲུལ་པས།། རྒྱལ་མཁར་བལ་པོ་ཡི་གསེར་གྱི་རྒོད་འཕྲུ།། ལྡེམ་ལྡེམ་ཤིག་ཤིག་གིས་གསེར་འོད་འཕྲོས་སོང་།། ༧ ཤམ་པོ་ལྷ་རྩེ་ཡི་གསས་མཁར་ཕུགས་ནས།། ཡབ་ཆེན་ཐོད་དཀར་གྱི་རྒྱལ་སར་འཁོད་པས།། ཁབ་བཞེས་སྲས་སྤྲུལ་གྱི་མཛད་པ་ཞིག་གིས།། དམུ་རིགས་གསེར་ཕྲེང་གི་རྒྱུད་པ་ཆད་མེད།། ༧ འབྲུ་ལྔའི་སྙིང་པོ་ཡི་སྲོག་ཟུངས་དྭངས་མ།། དབྱངས་གསལ་སོ་བཞི་ཡི་ས་བོན་བྱས་པས།། འཕྲུལ་ཡིག་བཞི་བཅུ་ཡི་ལྡེ་མིག་དེ་ཡིས།། མི་ཤེས་ལྐུགས་ཁ་ཡི་སྒོ་མོ་ཕྱེས་སོ།། ༧ གལ་མ་ལི་ཤོ་སོགས་སྣོད་ལྡན་དག་ལ།། ལྔ་རིག་གསང་བ་ཡི་གཉེར་གཏད་བྱས་པས།། བཅུ་རིག་འོད་སྣང་གི་ཟིལ་ཤུགས་རེ་རེ།། འཛམ་གླིང་ཁྱོན་ཀུན་ནས་འོད་དུ་འཚེར་འདུག། ༧ གདུལ་བྱའི་བློ་ཚོད་ཀྱི་རིམ་པ་ཁག་ལ།། ཐེག་དགུའི་ལྟ་སྤྱོད་ཀྱི་ཁོག་དབུབ་བྱས་པས།། སྒོམ་སྒྲུབ་ཉམས་ལེན་གྱི་བྱང་ཚད་རྫོགས་པའི།། སྐྱེས་ཆེན་གྲངས་མེད་ཀྱིས་གནམ་ས་ཁེངས་སོ།། ༧ བརྒྱད་ཁྲི་བཞི་སྟོང་གི་བསྟན་དོན་ཉག་མ།། སྒོ་བཞི་མཛོད་ལྔ་ལ་བཅུད་དུ་དྲིལ་བས།། དུག་ལྔའི་ཐ་རམ་གྱི་རྒྱུན་ཐག་གཅོད་པའི།། ཡེ་ཤེས་རལ་གྲི་ཡི་རྣོ་དབལ་རྒྱས་སོང་།། ༧ ཕྱི་ནང་གསང་གསུམ་གྱི་གཉེན་པོ་དེ་ཡིས།། དུག་གསུམ་ས་བོན་ལ་བཙན་བསྔོག་བྱས་པས།། གོ་འཕང་གྲུབ་འབྲས་ལ་ཚེ་གཅིག་བྱས་མཁན།། དེ་རིང་ཁ་སང་ཡང་རྒྱུན་ཆད་མི་འདུག། ༧ འཁོར་བའི་འདབ་རྫབ་ལ་སུན་དུ་ཕྱུང་ཕྱིར།། རྒྱལ་སྲིད་འཁོར་འབངས་དག་རྩད་ནས་དོར་ཏེ།། བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་མཛད་ཅིང་།། ཁྲི་གཙུག་རྒྱལ་བ་ཡི་མཚན་སྙན་བླང་ངོ་།། ༧ འདུས་བྱས་མི་རྟག་གི་དཔེ་ཟླ་བསྟན་ཏེ།། ཟག་ཟད་མྱང་འདས་ཀྱི་ཞིང་ས་དེ་རུ།། མི་ཡུལ་འཇིག་རྟེན་ནས་གཤེགས་ཚུལ་མཛད་པས།། རྟག་འཛིན་སྤྲོས་པ་ཡི་མཐའ་གཅོད་མཛད་ཡོད།། ༧ རྒྱལ་རིགས་ཡབ་ཆེན་གྱི་མཛད་རྗེས་རེ་ལ།། གཟུར་གནས་བློ་གྲོས་ཀྱིས་བམ་ཀློག་བྱེད་བཞིན།། འབྱུང་ལྡན་སུམ་བརྒྱ་ཡི་ཉག་མ་རེ་ལ།། དད་འདུན་མོས་གསུམ་གྱིས་བསུ་བ་བྱེད་དོ།། ༢༠༡༦/༡/༢༨ཉིན།

(སྤྱིའི་གཟིགས་གྲངས། 302 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

2 Responses

  1. ཧི་མ་ལ་ཡའི་རྒྱལ་སྲས། ལགས་ཀྱིས:

    འདི་ལྟ་བུ་དུས་དང་བསྟུན་ཏེ་བསྟོད་ཚོགས་ཀྱི་མཆོད་སྤྲིན་འབུལ་བ་ནི་བསོད་ནམས་གསོག་པའི་རྒྱུ་དང་། སྟོན་པ་རྫོགས་པའི་སངས་རྒྱས་དེ་ཉིད་ཇི་འདྲའི་རླབས་ཆེན་དང་འཁོར་བ་འདྲེན་པའི་དད་དཔོན་ཞིག་ཡིན་པར་མཚོན་ཐུབ་པས་(མེ་ལོང་ཡ་ཤེས་)དྲ་བས་འདི་ལྟ་བུའི་ལས་ཚན་གཉེར་བ་ནི་བསྟོད་ཡུལ་དུ་གྱུར་རོ།།
    སྤྱིར་བཏང་གོང་གི་མཆོད་སྤྲིན་གྱི་བསྟོད་ཚོགས་དེ་ཚོ་གཅིག་ལས་གཅིག་སྙན་པ་དང་འཇིབ་པ་ཤ་སྟག་རེད་འདུག་ཀྱང་། ཁྱུང་གི་ཤེས་རབ་དང་རིག་པའི་ཁུ་བྱུག ཚུལ་ཁྲིམས་དྲི་མེད་རྣམ་པའི་སྙན་ངག་དེ་དག་དངོས་གནས་ཞང་བོད་གནའ་རྩོམ་གྱི་བྲོ་བ་ལྡན་ཞིང་མཐོ་དམན་སོས་ཀྱང་གོ་བ་ལོན་ཐུབ་པའི་དམིགས་བསལ་ཁྱད་བོན་རེ་འདུག་པས་བཀའ་དྲིན་ཆེ་ཞུ།

    • WisdomEye ལགས་ཀྱིས:

      སྐུ་ཉིད་ནས་བསྔགས་བརྗོད་དང་འབྲེལ་བཀའ་སློབ་ལམ་སྟོན་དང་དཔྱད་བརྗོད་སྡོམ་ཚིག་གནང་བར་ཤིན་ཏུ་བཀའ་དྲིན་ཆེ་ཞུ། མེ་ལོང་ཡེ་ཤེས་དྲ་བས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྟོན་…
error: རྩོམ་འདི་བདག་དབང་ཅན་ཡིན།