མཁན་པོ་དབྲ་ཙ་བསྟན་འཛིན་དར་རྒྱས་ནས་གདུང་སེམས་མཚོན་པའི་འཕྲིན།
༄༅། །རྒྱལ་གཤེན་བསྟན་པའི་གསལ་བྱེད་དམ་པ། གསང་གསུམ་བོན་གྱི་མཛོད་འཛིན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་འཕྲིན་ལས་རྒྱ་ཆེར་བསྐྱངས་པ་དང་། ལྷག་པར་དུ་འདི་ལོར་དགུང་ལོ་བརྒྱ་བཞེས་ནས་བརྒྱ་སྟོན་གྱི་བསོད་ནམས་ཚོགས་རྒྱ་ཆེར་བསགས་པའོ། །
༧སྐྱབས་རྗེ་མཆོག་ནི་གཤེན་གྱི་འབྱུང་ལྡན་༼༣༠༡༽བོད་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་༡༦སྟེ། སྤྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༢ གཟའ་ཕུར་བུའི་ཉིན་སྔ་དྲོའི་དུས་ཚོད་ ༧ དང་སྐར་མ་ ༤༥ ཐོག་བལ་ཡུལ་ཀ་ཐ་མན་དྲུའི་འཁྲིས་དབེན་གནས་བྱེ་མ་རི་ཁྲོད་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པ་ཐོས་ཕྲལ་བློ་འགྱོད་ཚད་མེད་བྱུང་བ་དང་། ཞིང་གཤེགས་དམ་པའི་ཐུགས་དགོངས་རྫོགས་ནའང་༧དཔལ་གཤེན་བསྟན་ཌོར་ཐང་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་དང་། མཁན་པོ་དབྲ་ཙ་བསྟན་འཛིན་དར་རྒྱས་རང་ངོས་ནས་གདུང་སེམས་མཉམ་བསྐྱེད་དང་བསོད་ནམས་ཚོགས་སྒྲུབ་ཆེད་མཆོད་འབུལ་སྨོན་ལམ་སོགས་གང་ཐུབ་ཞུ་རྒྱུ་བཅས།
སྤྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༢༨ བྱང་ཨ་རི་ནས་མཁན་པོ་དབྲ་ཙ་བསྟན་འཛིན་དར་རྒྱས་ཀྱིས།