ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མེ་ལོང་ཡེ་ཤེས་དྲ་ཚིགས་གསར་རྙིང་བརྗེས་པ།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༠༩ ཚེས་ ༠༦ ཉིན་མེ་ལོང་ཡེ་ཤེས་དྲ་ཚིགས་གསར་དུ་གཉེར་ནས་ད་བར་༢༠༡༨ ཟླ་ ༡༢ ཚེས་ ༢༥ བར་ལོ་ ༠༣ ཟླ་ ༠༣ ཞག་ ༢༥ འཁོར་བའི་དེ་རིང་ཉིན་མོ་ནི་མེ་ལོང་ཡེ་ཤེས་དྲ་ཚིགས་གསར་པ་སྤེལ་བའི་སྔོན་འགྲོའི་བརྡ་ཁྱབ་ཀྱི་དུས་ཚིགས་ཤིག་ཏུ་ཁེལ་སོང་། དྲ་ཚིགས་རྙིང་པའི་ནང་སྤེལ་བའི་རྩོམ་ཡིག་ཁག་རགས་བརྩིས་བྱས་ཏེ་ཕྱི་འདང་རེ་བརྒྱབ་ཚེ་དུས་ཚོད་དང་། འགྲོ་གྲོན། རེ་བ་དང་ནུས་པ་གང་མང་བཏང་ཡོད་པ་ནི་སྤྱི་ཚོགས་གང་ཞིག་གི་ལས་དཀའི་ངོ་བོ་ཞིག་ཏུ་གྲུབ་ཡོད་ཕྱིར་དེ་ལ་ཕངས་སེམས་དང་རེ་ཆད་དགོས་པའི་གནད་དོན་ཅི་ཞིག་ཀྱང་མ་མཆིས། དགའ་འོས་པའི་གྲུབ་ཆ་གང་མང་ཞིག་ཡོད་པ་ལས་རེ་གཉིས་ཞིག་དྲན་གསོས་ཞུས་ན། སྤྱིར་ན་ཕྱི་ལོ་ ༢༠༡༥ དྲ་རྒྱ་འདི་གཉེར་བ་ནས་བཟུང་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་ལོ་རེའི་འཆར་ཅན་གྱི་འཚོགས་དུས་ཆེན་དང་། སྐྱབས་རྗེ་མཁན་སློབ་རྣམ་པས་བསྟན་པ་འཛིན་སྐྱོང་སྤེལ་བའི་རྒྱ་ཆེའི་མཛད་འཕྲིན་རགས་བསྡུས་རྣམས་ངོས་འཛིན་དང་འོས་སྦྱོར་ཞུ་རྒྱུ་བྱུང་བ་ནི་གདན་ས་ཁྲི་བརྟན་ནོར་བུའི་རྩེ་ཕྱག་བཏབ་ཅིང་བཤད་བསྟན་སྒྲུབ་ཀྱི་བསྟན་པ་གསར་དུ་དབུ་བརྙེས་པ་ནས་ད་ལྟའི་བར་གྱི་ལོ་རེའི་དཔེ་མཚོན་གྱི་རང་བཞིན་ཞིག་ཆགས་ཡོད་པ་དང་།

ཕྱི་ལོ་ ༢༠༡༦ ཟླ་ ༠༡ ཚེས་ ༢༢ ཉིན་<<སྟོན་པའི་དུས་ཆེན་ལ་ཕུལ་བའི་མཆོད་ཚིག་གི་ཕྲེང་བ་>>ཞེས་རྩོམ་པ་པོ་མི་གྲངས་ ༢༦ ལས་གྲུབ་པས་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་མཛད་རྣམ་དང་འབྲེལ་བའི་བསྟོད་ཚོགས་མཉམ་སྤེལ་ཞུས་པ་དང་། 

ཕྱི་ལོ་ ༢༠༡༦ ཟླ་ ༠༢ ཚེས་ ༠༨ ཉིན་<<ཉི་ཟླའི་འོད་སྣང་ལ་འཁྲུངས་པའི་སྐར་ཆེན་གྱི་ངང་ཉིད་བརྗོད་པ།>> ཞེས་རྩོམ་པ་པོ་ ༡༦ གིས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་སྐུ་གསུང་ཐུགས་གསུམ་གྱི་ཆེ་བའི་ཡོན་ཏན་ལ་བསྔགས་པའི་བསྟོད་ཚོགས་མཉམ་སྤེལ་ཞུས། 

ཡང་ཕྱི་ལོ་ ༢༠༡༦ ཟླ་ ༠༢ ཚེས་ ༡༣ ཉིན་<<སྤུ་རྒྱལ་རིག་སློབ་ཁང་ནས་རྗེ་མཉམ་མེད་ཆེན་པོའི་དུས་ཆེན་ལ་ཕུལ་བའི་བསྟོད་ཚོམ།>>ཞེས་རྩོམ་པ་པོ་ ༡༥ ལས་གྲུབ་པས་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ལ་གསོལ་འདེབས་དང་རྗེས་དྲན་གྱི་བསྟོད་ཚོགས་མཉམ་སྤེལ་ཞུས་པ་དང་།

ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༢༠ ཉིན་༧སྐྱབས་རྗེ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་མཆོག་དང་། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ལ་འཛམ་གླིང་བོན་འབངས་ཡོངས་ཀྱིས་བརྟན་བཞུགས་མན་ཌལ་རྒྱས་འབུལ་ཞུས་པའི་སྐལ་བཟང་གི་གོ་སྐབས་དང་བསྟུན་མཛད་སྒོ་དངོས་ཀྱི་སྐབས་སུ་<<སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན།>> ཞེས་རྩོམ་པ་པོ་ ༨༠ ཙམ་གྱིས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཚེའི་མཛད་རྣམ་དང་བཀའ་དྲིན་རྗེས་དྲན་གྱི་བསྟོད་རྩོམ་སྣ་ཁ་ ༩༣ ཙམ་མཉམ་སྤེལ་ཞུས། དེ་ལྟར་བརྒྱུད་ལམ་འདི་ནས་ངེད་དྲ་རྒྱ་གཏོང་འཛིན་པ་དགེ་བཤེས་བསྟན་འཛིན་སྦྱིན་པ་དང་། ཁྲི་ལྡེ་ཚུལ་ཁྲིམས། དཔལ་གྱི་དབང་ཕྱུག ཁྲི་གཙུག་བསྟན་པ་དང་བཞིས་ཁྱབ་སྤེལ་ཞུས་པའི་རྩོམ་ཡིག་རྣམས་ཕེབས་གཟིགས་གནང་མཁན་མང་ཤོས་སྟོང་ཚོ་དགུ་ནས་ལྔ་བར་ཆགས་ཡོད་པ་བཅས་ནི་ལོ་ངོ་གཉིས་དང་གསུམ་གཅིག་བཅས་ཀྱི་ནང་ཚུད་དུ་བཀླགས་པའི་སྤྱི་བཏང་གི་གྲངས་ཀའི་ཚད་གཞི་ཞིག་ཡིན།

མདོར་ན་རྩོམ་པ་པོ་མི་ཉུང་བ་ཞིག་གིས་སྔ་ཕྱིར་མཉམ་སྤེལ་ཞུས་པའི་བསྟོད་ཚོགས་རྣམས་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་རྣམས་ཀྱིས་སྐུལ་ལྕག་དང་འཚོལ་བསྡུ། རྩོམ་སྒྲིག་དང་བརྒྱུད་སྤེལ་ཞུས་པའི་རྣམ་གྲངས་གཙོ་བོ་འགའ་ཞིག་ཡིན། དེ་ལྟར་དམིགས་བསལ་གྱི་དུས་ཚིགས་རྣམས་སུ་གཉེར་བའི་རྩོམ་རིགས་མཉམ་སྤེལ་་གྱི་བྱ་བ་ནི་རིག་གནས་ཀྱི་གསོན་ཤུགས་ཞིག་དང་། སྐད་ཡིག་ལ་བཞག་པའི་བག་ཆགས་ཟབ་མོ་ཞིག་ཀྱང་རེད། མདོར་ན་ད་ཕན་ངེད་ཚོས་ཇི་ལྟར་རྒྱུན་སྐྱོང་བྱས་པའི་མེ་ལོང་ཡེ་ཤེས་དྲ་བ་འདིའི་བརྒྱུད་ནས་ཤེས་བྱ་རིག་གནས་དང་། ཆོས་ལུགས་གྲུབ་མཐའ་ལ་བཞག་པའི་བཟང་ཕྱོགས་ཀྱི་བག་ཆགས་ཕྲན་བུ་རེ་ཡོད་ཚེ་དོན་དུ་གཉེར་བ་པོ་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་བར་གསེང་ནས་མཁོ་སྒྲུབ་ཞུས་པའི་ལེགས་སྐྱེས་ཕྲན་བུ་ཞིག་ཏུ་ངོས་འཛིན་གནང་འོས། བརྗེད་དུ་མི་རུང་བ་ཞིག་ལ་ད་སྔོན་དྲ་ཚིགས་འདི་གཉེར་་སྐྱོང་བྱས་པའི་བརྒྱུད་རིམ་ནང་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་གནང་མཁན་གང་མང་ཞིག་ཡོད་པ་རྣམས་ལ་ཤིན་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། 

སླར་ཡང་མེ་ལོང་ཡེ་ཤེས་དྲ་ཚིགས་གསར་པ་འདི་ཡང་དགོན་སྡེ་ཞིག་གི་བྱིན་རླབས་ཀྱི་ན་བུན་འཐུལ་སའི་ལྡུམ་ར་ཞིག་དང་། ང་ཚོ་ཐུན་མོང་འཁོར་སྐྱོད་ཆོག་པའི་གནས་མཆོག་ཅིག་ཡིན་པས་རྒྱ་ཆེའི་གྲོགས་པོ་གྲོགས་མོ་རྣམས་ཀྱིས་ཤེས་བྱའི་རྒྱག་ཕྱེ་རེ་སྣོམ་སྟེ་འདི་རུ་འཚམ་གཟིགས་སུ་འབྱོན་པར་དགའ་བསུ་ཞུ་རྒྱུ་མ་ཟད། དགེ་འདོན་སྐྱོན་སེལ་གྱི་ལམ་སྟོན་སྒྲོན་མེའི་འོད་སྣང་རེའང་སྦྱིན་པར་ཞུ་རྒྱུ་བཅས།

གཙོ་སྒྲུབ་པས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ ཉིན།

(སྤྱིའི་གཟིགས་གྲངས། 343 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བརྡ་འཕྲིན་…
error: རྩོམ་འདི་བདག་དབང་ཅན་ཡིན།