ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཞང་བོད་ལུགས་རྙིང་ལོ་གསར་སྤྲོ་ཚོགས་ཀྱི་གནས་བསྡུས།

ཧོར་ཟླ་བཅུ་གཉིས་པའི་དཔྱིད་ར་སྟག་གི་ཟླ་བ་སྟེ། བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་སྐུ་སྐྱེ་བ་མི་རུ་བཞེས་པའི་འབུམ་འགྱུར་ཟླ་བའི་ཚེས་གཅིག་ཉིན། བོད་ཀྱི་ལུགས་སྲོལ་རྙིང་བའི་ལོ་འགོ་ཡིན་པ་བོན་གྱི་བཀའ་མདོ་རྒྱུད་ཀྱི་དགོངས་དོན་འཁྲུལ་མེད་ཡིན་པ་ལྟར། བལ་ཡུལ་བོན་པོ་ཚོགས་པས་གོ་སྒྲིག་ཐོག་ཞང་བོད་ལུགས་རྙིང་ལོ་གསར་དང་བོན་སྡེ་སྤྲོ་ཚོགས་ཞེས་པ་ཉིས་སྟོང་བཅུ་བདུན་ལོ་ནས་འགོ་བཟུང་སྲུང་བརྩི་ཞུས། འདི་ལོར་ཡང་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཐེངས་གཉིས་པ་དང་། ཞང་བོད་ལུགས་རྙིང་ལོ་གསར་གཉིས་ཀྱི་མཛད་སྒོ་མཉམ་དུ་ཕྱི་ལོ་ ༢༠༡༩  ཟླ་༠༡ ཚེས་༠༦ དཔྱིད་ར་ཧོར་ཟླ་བཅུ་གཉིས་པའི་རྒྱལ་ཟླ་བའི་ཚེས་གཅིག་ཉིན་འཚོགས་པ་རེད། དེ་ཡང་ཞོགས་ཀ་མཛད་རིམ་ཐོག་མར་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེའི་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཙོས་དགེ་འདུན་རྣམ་པ་དང་སེར་སྐྱ་མི་མང་རྣམས་འཚོགས་གུར་དུ་ལྷན་འཛོམས་གདན་ལ་འཁོད་པ་དང་། མཛད་རིམ་གཉིས་པ་མདོ་འཛིན་པ་སྨན་པ་ཨོ་རྒྱན་བུ་ཁྲིད་ཀྱིས་བོད་སྐད་ཀྱི་ཐོག་ནས་སེར་སྐྱ་མི་མང་ལ་འཚམས་འདྲི་དང་འབྲེལ་མཛད་རིམ་ངོ་སྤྲོད་དང་མདོ་འཛིན་པ་ཏ་པི་ཧྲི་ཙའི་སློབ་སྤྱི་བསམ་གྲུབ་ནས་བལ་སྐད་ཐོག་འཚམས་འདྲི་དང་མཛད་རིམ་སྒྲོག་སྦྱོང་གནང་། 

མཛད་རིམ་གསུམ་པ་སེར་སྐྱ་མི་མང་ཡོངས་ཀྱིས་ཡི་དམ་བོན་སྐྱོང་སྲུང་མའི་ཚོགས་ལ་བསང་གསོལ་བཏང་།

མཛད་རིམ་བཞི་པ་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་དབྱངས་སུ་གྱེར་ཏེ་བསྟན་རྒྱས་སྨོན་ལམ་གསུངས་ནས་བོན་གྱི་དར་ཆེན་མཁའ་ལ་བསྒྲེངས་ཏེ་ཀི་བསྭོ་ལྷ་རྒྱལ་འཐེན། 

མཛད་རིམ་ལྔ་པ་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་དང་འབྲས་སིལ་འདེག་འབུལ་ཞུས།

མཛད་རིམ་དྲུག་པ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས་ལོ་གསར་གྱི་འཚམས་འདྲི་ཞུ་སྟངས་དང་ལོ་གསར་པའི་ཉིན་མོར་གསོལ་བ་སྨོན་ལམ་གང་འདྲ་རྒྱག་དགོས་མིན་སྐོར་དང་བཀྲ་ཤིས་བདེ་ལེགས་ཞེས་པའི་གོ་དོན་དང་བལ་ཡུལ་གྱི་རྒྱལ་ས་ཆེན་མོའི་ནང་གནས་འཁོད་བོན་འབངས་ཚོ་མཉམ་འཛོམས་བྱེད་དགོས་པའི་རྒྱུ་མཚན་བཅས་གསུངས། དེ་ཡང་”ཁོང་གིས་ང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱེད་ཡ་དེ་ང་ཚོའི་འཚོ་བ་སྐྱེལ་བའི་ཆེད་མ་རེད། འཚོ་བ་དེ་བལ་སྐད་དང་དབྱིན་སྐད་དེ་ཚོ་ཤེས་ན་འགྲིག་འགྲོ་གི་རེད། ང་ཚོས་སྐད་ཡིག་བདག་པོ་རྒྱག་ཡ་ང་ཚོའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་དེ་ཚོ་ཤེས་པའི་ཆེད་དུ་རེད། དཔེར་ན་བལ་པོའི་སྐད་ཡིག་ཡག་པོ་ཤེས་ན་རང་བཞིན་གྱིས་བལ་པོའི་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མང་པོ་ཤེས་ཡོང་གི་ཡོད་རེད། དེ་བཞིན་དབྱིན་ཇིའི་སྐད་ཤེས་ན་དབྱིན་ཇིའི་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མང་པོ་ཞིག་རང་བཞིན་གྱིས་ཤེས་ཡོང་གི་ཡོད་རེད། དེ་ཡིན་དུས་ང་ཚོ་བོད་ཀྱི་སྐད་ཡིག་དེ་བོད་ཀྱི་རིག་གཞུང་གལ་ཆེན་པོ་ཡིན་པ་ལྟར་དེ་ཚོ་བདག་པོ་རྒྱག་ཡའི་ཆེད་དུ་རེད། ང་ཚོ་ལ་ཆོས་ལུགས་མང་པོ་ཡོད་རེད། ཆོས་ལུགས་གཅིག་གིས་གཅིག་ལ་ཕྱོགས་རིས་བྱེད་ཡ་དེ་ཡག་པོ་མ་རེད། ཕྱོགས་རིས་བྱེད་ཡ་ཡོད་མ་རེད། ཡིན་ན་ཡང་། རང་རང་སོ་སོ་ལ་ཚེ་སྔོན་གྱི་ལས་ཡིན་ན་འདྲ། ད་ལྟའི་མཐུན་རྐྱེན་ཡིན་ན་འདྲ། ཆོས་ལུགས་རེ་རེ་འཕྲད་ཡོད་པ་རེད། དེ་རང་རང་སོ་སོས་བདག་པོ་ཡག་པོ་རྒྱག་དགོས་རེད།” ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བཀའ་དྲིན་བསྐྱངས། 

མཛད་རིམ་བདུན་པ་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་མཆོག་ནས་བོད་ཀྱི་ལོ་གསར་བྱུང་རབས་སྐོར་བོད་ཀྱི་རྩིས་རིག་དང་འབྲེལ་བའི་སྒོ་ནས་གཉའ་ཁྲི་བཙན་པོའི་སྔོན་དུ་ལོ་གསར་གཏོང་བའི་སྲོལ་ཡོད་པ་ལུང་རིགས་གཉིས་ཀྱི་སྒོ་ནས་གསུང་བཤད་ཟབ་རྒྱས་གནང་། 

མཛད་རིམ་བརྒྱད་པ་བོད་དང་། ཏྲེ་བ་རིག་གཞུང་ཚོགས་པ། བྱི་གཅེར་སློབ་གྲྭ། ཀླུ་བྲག་ཕྱྭ་ཀེང་ཙེའི་སློབ་གྲྭ། བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་ཟུར་པ། ཏ་པི་ཧྲི་ཙའི་སློབ་ཕྲུག གསོ་རིག་འབུམ་བཞིའི་སློབ་གྲྭ། འོམ་གློ། བ་སླེ། སོགས་ཀྱི་འཁྲབ་སྟོན་པ་དང་སོག་རྫོང་བསྟན་འཛིན་ཀུན་བཟང་དང་། ཚེ་རིང་བཀྲ་ཤིས། གློ་འཆི་མེད་བཟང་མོ་སོགས་གཞས་པ་གཞས་མ་རྣམས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་པའི་གནའ་བོའི་སྲོལ་རྒྱུན་གྱི་བྲོ་གླུ་གཞས་གསུམ་གྱི་རིག་གཞུང་འཁྲབ་སྟོན་གནང་། 

མཛད་རིམ་དགུ་པ་ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་སེར་སྐྱ་མི་མང་ཡོངས་ལ་གསོལ་ཚིགས་རྒྱས་འབུལ་ཞུས། 

མཛད་རིམ་བཅུ་པ་ཉིན་རྒྱབ་མུ་མཐུད་རིག་གཞུང་འཁྲབ་སྟོན་གནང་།

མཛད་རིམ་བཅུ་གཅིག་པ་དགོང་མོ་བལ་ཡུལ་བོན་པོ་ཚོགས་པའི་དྲུང་ཆེ་ཁྲི་བརྟན་ནོར་བུའི་རྩེའི་སྤྱི་ཁྱབ་དབུ་འཛིན་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་བལ་བོད་གཉིས་ཀྱི་སྐད་ཐོག་ནས་སེར་སྐྱ་མི་མང་ཡོངས་ལ་མཛད་སྒོའི་ཐོག་གལ་ཆེའི་དོན་ཆེན་བརྩིས་ནས་ཆེད་ཕེབས་གནང་བ་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཐོག སླར་ཡང་འདི་ལྟ་བུའི་ལྷན་འཛོམས་ཡོང་བའི་སྨོན་ལམ་གྱིས་མཐའ་རྒྱན་ཏེ་མཛད་སྒོའི་མཇུག་གྲུབ།

ཞང་བོད་ལུགས་རྙིང་ལོ་གསར་དང་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཐེངས་གཉིས་པ་བཅས་ཀྱི་གནས་ཚུལ་འདི་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༠༦ ཉིན་ཁྱུང་ཁྲི་ལྡེས་སྤེལ། །

པར་པ། ཁྱུང་ཐོག་རྒོད།

87500cookie-checkཞང་བོད་ལུགས་རྙིང་ལོ་གསར་སྤྲོ་ཚོགས་ཀྱི་གནས་བསྡུས།
(སྤྱིའི་གཟིགས་གྲངས། 999 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།