ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རི་བ།
ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་འགོད་པའི་སྐབས་ཀྱི་མཛད་འཕྲིན་གསལ་བརྡ།
༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་འཁོད་པའི་སྐབས་དང་བསྟུན་ཧྥ་རན་སིའི་བོན་དགོན་གཤེན་བསྟན་དར་རྒྱས་གླིང་ཕྱི་ལོ་༢༠༠༥ལོར་དབུ་བརྙེས་ཏེ་༢༠༢༥ད་བར་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བའི་དྲན་གསོའི་མཛད་སྒོ་བསྐྱང་རྒྱུ་ལགས་ན་མཛད་རིམ་རྣམས་གཤམ་དུ་གསལ།
སྔོན་འགྲོའི་མཛད་རིམ།
༡ ༽ ཕྱི་ལོ་༢༠༢༥ཟླ་༠༥ཚེས་༠༥ཉིན་ཕྱི་དྲོའི་ཆུ་ཚོད་༣དང་སྐར་༡༠ཡི་ཐོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་༧ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་རྒྱུ་དང་། གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་རྣམ་པ་གཙོས་སེར་སྐྱ་མི་མང་རྣམས་གནམ་ཐང་དུ་ཕེབས་བསུ་རུ་བཅར་རྒྱུ།
༢ ༽ ཕྱི་ཚེས་༠༦ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་འཁོད་རྒྱུ།
༣ ༽ ཕྱི་ཚེས་༠༨ནས་༡༡བར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་ཟབ་གདམས་བཀའ་དྲིན་བསྐྱང་རྒྱུ།
༤ ༽ ཕྱི་ཚེས་༠༨ཉིན་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་རྣམས་ཀྱིས་ཞང་ཞུང་མེ་རི་གྱད་ཕུར་གྱི་མཆོད་བཟོ་གནང་ནས་ཚེས་༠༩དང་༡༠གཉིས་ལ་ཚོགས་འཁོར་རྒྱས་འབུལ་ཞུ་རྒྱུ།
༥ ༽ ཕྱི་ཚེས་༡༠ཉིན་ཕྱི་དྲོའི་ཆུ་ཚོད་༠༥པའི་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་༧མཁན་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་སྐྱ་སེར་འདུས་པ་ལྷན་རྒྱས་ནས་དམིགས་བསལ་གསུར་མཆོད་རྒྱས་འབུལ་དང་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུ།
དངོས་གཞིའི་མཛད་རིམ།
༡ ༽ ཕྱི་ཚེས་༡༡ཉིན་སྔ་དྲོ་ཆུ་ཚོད་༠༩པའི་ཐོག་སྐྱ་སེར་འདུས་མང་རྣམས་ཚོགས་ཁང་ཆེན་མོའི་ནང་རྒྱས་འཚོག་གནང་ནས་༧སྐྱབས་རྗེ་མཁན་རིན་པོ་རྣམ་པ་གཙོས་བླ་གྲྭ་རྣམས་ཀྱིས་མེ་རི་དཔའ་བོ་གྱད་ཕུར་གྱི་དབང་རིན་ཆེན་འབར་བའི་འཕྲིན་ལས་བསྐྱང་རྒྱུ་དང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་དབང་བཀའ་དྲིན་བསྩལ་རྒྱུ།
༢ ༽ ཉིན་གུང་ཆུ་ཆོད་༠༡དང་སྐར་མ་༣༠ནས་དམིགས་བསལ་གསོལ་ཚིགས་རྒྱས་འབུལ་ཞུ་རྒྱུ་དང་། གསོལ་ཚིགས་གྲུབ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དགོན་པ་འདི་ཉིད་དབུ་བཙུགས་ནས་ད་བར་མི་ལོ་ཧྲིལ་ལོ་ཉི་ཤུ་འཁོར་བའི་རྗེས་དྲན་གསུང་བཤད་གནང་རྒྱུ།
༣ ༽ རྗེས་དྲན་གསུང་བཤད་གྲུབ་པ་དང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ནས་གཤེན་བསྟན་དར་རྒྱས་གླིང་གི་ལས་བྱེད་གསར་རྙིང་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཆེད་མགུལ་དར་བསྩལ་རྒྱུ།
༤ ༽ བླ་གྲྭ་སྟོན་འཁོར་རྣམས་དང་། འདུས་མང་ཡོངས་ནས་བསྟན་རྒྱས་སྨོན་ལམ་གསུང་རྒྱུ་དང་། དེའི་རྗེས་རྣམ་པ་ལྷན་རྒྱས་ཐུགས་ལྷོད་ལྷོད་ངང་དགའ་སྤྲོའི་དཔལ་ལ་གནས་རྒྱུ་བཅས་དང་།
༥ ༽ གོང་ཟླའི་ཕྱི་ཚེས་༡༥ཉིན་སྔ་དྲོའི་ཆུ་ཚོད་༧དང་སྐར་༣༥ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་སྟོན་འཁོར་རྣམས་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་ནས་ཕེབས་སྐྱེལ་དང་གྱེས་ཕྱག་འབུལ་རྒྱུ་ལགས་ན་དེ་དོན་ཀུན་གྱིས་ཐུགས་ལ་འཇོག་པར་འཚལ་ཞེས་ཞུའོ། །
ཧྥ་རན་སིའི་བོན་དགོན་གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་ནས་ཕྱི་ལོ་༢༠༢༥ཟླ་༠༤ཚེས་༢༥ཉིན་གུས་ཕུལ།