ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པའི་འཁྲུངས་མཆོད་དང་འབྲེལ་བའི་མཛད་སྒོའི་སྐོར་གྱི་གནས་བསྡུས།

སྟོན་པའི་འཁྲུངས་མཆོད་དང་སྒྲུབ་ཐོན་མཛད་སྒོ། གཞུང་ཆེན་ཆེད་སྦྱོང་ངོས་འཛིན་ཕྱག་ཁྱེར་བསྩལ་བ་བཅས་ཀྱི་སྐོར།

བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་འཛམ་གླིང་འོལ་མོའི་གླིང་དུ་སྐུ་འཁྲུངས་ནས་མི་ལོ་ ༡༨༠༣༥ འཁོར་བའི་འཁྲུངས་མཆོད་དེ་ཉིད་གཡུང་དྲུང་བོན་གྱི༸གདན་ས་ཆེན་མོ་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་རུ་ ༢༠༡༨ ཟླ ༠༡ ཚེས་ ༣༡ དང་། བོད་མེ་བྱ་ལོའི་ཧོར་ཟླ་བཅུ་གཉིས་སྟེ་རྒྱལ་ཟླ་བའི་ཉ་ལ་འཚོགས།

དེ་ཡང་བོད་ཚེས་བཅུ་གསུམ་ཉིན་མཆོད་བཟོ་བྱས་ཤིང་བཅུ་བཞི་ཉིན་མོར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་བཅས་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གཞུང་བསྲང་བ་དང་། ཚེས་བཅོ་ལྔ་ཉིན་ཞོགས་པ་སྔ་མོ་གསོ་སྦྱོང་འཚོགས་གནང་། དེ་ནས་ཀློང་རྒྱས་སྟོང་མཚན་ལྷོ་ཤར་ནས་འོག་ཕྱོགས་ཡན་དང་། ཆུ་གཏོར་བཅས་གསུངས་མཚམས་ཞོགས་འཚོགས་གྲོལ། སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཙམ་ནས་སེར་ཕྲེང་བསྒྲིགས་ཏེ་བླ་གྲྭ་ལྷན་རྒྱས་གླིང་སྐོར་ལ་ཕེབས་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་སྒྲུབ་ཐོན་མཛད་སྒོ་དབུ་འཛུགས་གནང་།

༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་སྦྱིན་པ་མཆོག་གྲུབ་དང་། ཤེས་རབ་ཉི་མ། དབུ་ཟུར་ཤེས་རབ་མཐར་ཕྱིན་རྣམ་པ་གསུམ་གྱིས་བཤད་གྲྭའི་སྒྲིག་གཞི་ལྟར་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་པར་སྦྱང་པ་མཐར་སོན་ན་ཡང་། སླར་ཡང་སྒྲུབ་གྲྭའི་ནང་ཞུགས་ཏེ་སྒྲུབ་གྲྭའི་སྒྲིག་གཞི་ལྟར་ཨ་རྫོགས་སྙན་གསུམ་ལ་ཐོས་བསམ་དང་། སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་མཛད་དེ་སྒྲུབ་པ་མཐར་སོན་ནས་དེ་རིང་སྟེ་ ༢༠༡༨ ཧོར་ཟླ་ ༡༢ རྒྱལ་ཟླ་བའི་ཚེས་བཅོ་ལྔ་སྟེ་བདག་ཅག་གི་སྟོན་པ་མཆོག་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་ཅན་ཉིན་ལ་སྒྲུབ་ཐོན་གྱི་མཛད་སྒོ་དངོས་སུ་འཚོགས་ནས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར་མང་ཇ་དང་སྐུ་འགྱེད་ཕུལ།

དེ་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་ནས་བབས་གཟི་དྲང་སྲོང་སྦྱིན་པ་མཆོག་གྲུབ་རྒྱ་མཚོ་དང་། ར་ནག་དྲང་སྲོང་ཤེས་རབ་གཡུང་དྲུང་ཉི་མ། ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན་རྣམ་པ་གསུམ་པ་གཤེན་གྱི་རྣལ་འབྱོར་བའི་མཚན་རྟགས་ཕྱག་ཁྱེར་བསྩལ། དེ་དང་མཉམ་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཐེངས་དང་པོའི་གཞུང་ཆེན་ཆེད་སྦྱོང་ངོས་འཛིན་ཕྱག་ཁྱེར་གནང་བའི་མཛད་སྒོ་སྤེལ། དེ་ཡང་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཚུལ་ཁྲིམས་རྒྱ་མཚོ་དང་། བསམ་གཏན་རྒྱ་མཚོ་རྣམ་གཉིས་ཀྱིས་བཤད་གྲྭའི་སྒྲིག་གཞི་ལྟར་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་པར་སྦྱང་པ་མཐར་སོན་ན་ཡང་། སླར་ཡང་གཞུང་ཆེན་ཆེད་སྦྱོང་འཛིན་གྲྭའི་ནང་ཞུགས་ཏེ་མ་རྒྱུད་ཀྱི་གཞི་ཁྲིད་ལ་ལོ་གཅིག་དང་། ལམ་ཁྲིད་ལ་ལོ་གཅིག འབྲས་ཁྲིད་ལ་ལོ་གཅིག་བཅས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་རྩ་འགྲེལ་དང་བཅས་པ་ལོ་གསུམ་གྱི་རིང་ལ་ཆེད་སྦྱོང་གནང་སྟེ་ཆེད་སྦྱོང་གི་བསླབ་པ་མཐར་སོན་ནས་དེ་རིང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་ཐེངས་དང་པོའི་གཞུང་ཆེན་ཆེད་སྦྱོང་བ་ཚུལ་ཁྲིམས་རྒྱ་མཚོ་དང་། བསམ་གཏན་རྒྱ་མཚོ་རྣམ་གཉིས་ལ་གཞུང་ཆེན་ཆེད་སྦྱོང་ངོས་འཛིན་གྱི་ཕྱག་ཁྱེར་བསྩལ།

ཉིན་གུང་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་སྟོན་པའི་འཁྲུངས་མཆོད་ལ་ཕེབས་པའི་སྐྱ་སེར་མིང་མང་ཡོངས་རྫོགས་པ་ཞལ་ལག་རྒྱས་འབུལ་ཞུས་རྗེས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་མི་མང་རྣམས་ལ་དགེ་སྡིག་སྤང་བླང་གི་གསུང་ཁྲིད་བཀའ་དྲིན་བསྐྱངས། དེ་ནས་སྐྱ་སེར་མི་མང་ཡོངས་ཀྱིས་རང་ནུས་གང་ཡོད་ཀྱི་སྒོ་ནས་ཕྱག་སྐོར་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་གང་ཟབ་གནང་ནས་འཁྲུངས་མཆོད་བསུས་ཤིང་དགེ་སྒྲུབ་སྡིག་སྤང་གི་བྱ་བར་བརྩོན། དེ་ལྟར་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྟོན་པའི་འཁྲུངས་མཆོད་དང་། སྐབས་བཅུ་གཉིས་པའི་སྒྲུབ་ཐོན་མཛད་སྒོ། ཐེངས་དང་པོའི་གཞུང་ཆེན་ཆེད་སྦྱོང་ངོས་འཛིན་ཕྱག་ཁྱེར་གནང་བ་བཅས་ཀྱི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་ ༢༠༡༨ ཟླ་བ་ ༠༡ ཚེས་ ༣༡ཉིན་སྤེལ།། །།

པར། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 89 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དམུ་རྒྱལ་ག…
error: རྩོམ་འདི་བདག་དབང་ཅན་ཡིན།