ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ནས་གཤེན་བསྟན་དར་རྒྱས་གླིང་དུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་པ།

དེ་ཡང་ཕྱི་ལོ་ ༢༠༢༤ ལོར་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་ཆེད་ཕེབས་གདན་འདྲེན་གྱི་སྙན་གསན་ཞུས་པ་ལྟར་དུས་ཚོད་གཏན་ཁེལ་བྱུང་བ་དང་། འདི་ལོ་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༠༥ ཚེས་ ༠༥ ཉིན་ཕྱི་དྲོའི་ཆུ་ཚོད་༣དང་སྐར་༡༠ཡི་ཐོག་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་པ་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་གཙོས་འབྲེལ་ཡོད་ཚོགས་སྡེ་ཁག་གི་འཐུས་ཚབ་དང་། དད་ལྡན་མི་མང་རྣམས་ཀྱིས་གནམ་ཐང་ནས་རྒྱལ་ས་པ་རིས་སུ་ལ་ཕེབས་བསུ་ཞུས་། ཕྱི་ཚེས་ ༠༦ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གཤེན་བསྟན་དར་རྒྱས་གླིང་གི་འདུས་པ་སྤྱི་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གདན་ས་བཞི་པ་ཧྥ་རན་སིའི་བོན་དགོན་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་བཀོད།

ཕྱི་ཚེས་ ༠༨ ནས་ ༡༡ བར་ཕྱི་གླིང་དད་ལྡན་མི་མང་རྣམས་ལ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་སྐོར་ལས་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་ཟབ་གདམས་སློབ་ཁྲིད་བཀའ་དྲིན་བསྐྱངས་པ་དང་། ཕྱི་ཚེས་ ༡༠ ཉིན་ཕྱི་དྲོའི་ཆུ་ཚོད་༠༥པའི་ཐོག་༸སྐྱབས་རྗེ་རྒྱལ་བ་༸སྨན་རི་བ་ཆེན་པོ་མཆོག་གིས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་འདས་མ་རྣམས་ཀྱིས་ཐོག་དྲངས། བྱས་བསགས་སྡིག་སྒྲིབ་ཀྱི་མུན་པའི་གཡང་སར་ལྷུང་བའི་འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་ལ་བྱང་སེམས་བདུད་རྩིའི་བསིལ་ཆབ་བྲན་པ་དང་། བརྩེ་ཆེན་ཡེ་ཤེས་ཀྱི་མེ་ཆེན་སྤར་ཏེ། གསུར་མཆོད་འཁོར་འདས་ཀུན་ཚིམས་ཀྱི་སྒོ་ནས་ཟད་མེད་མཆོད་སྦྱིན་དང་། བསྔོ་བ་བདེ་ལེགས་ཀུན་འབྱུང་གི་སྒོ་ནས་དམིགས་མེད་མཚམས་སྦྱོར་གནང་། དུས་མཚུངས་གོང་ཚེས་ ༠༨ ནས་ ༡༡ བར་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་རྣམས་ཀྱིས་ཞང་ཞུང་མེ་རི་དཔའ་བོ་གྱད་ཕུར་གྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་ཚོགས་མཆོད་རྒྱས་འབུལ་ཞུས་ཏེ་དབང་གི་སྟ་གོན་གྲ་སྒྲིག་གནང་བ་བཞིན་ཕྱི་ཚེས་༡༡སྔ་དྲོ་ཆུ་ཚོད་༠༩པར་སེར་སྐྱ་འདུས་མང་བརྒྱ་ཕྲག་ལྷག་གཙུག་ལག་ཁང་དུ་རྒྱས་འཚོགས་གནང་རྗེས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་༼མེ་རི་དཔའ་བོ་གྱད་ཕུར་གྱི་དབང་རིན་ཆེན་འབར་བའི་༽སྔོན་དངོས་རྗེས་གསུམ་གྱི་ཕྱག་ལེན་གནང་བ་མ་ཟད་སྐྱབས་འགྲོ་སེམས་བསྐྱེད་དང་། དམ་ཚིག་བཅས་ཀྱི་སྙིང་དོན་བསླབ་བྱ་བཀའ་དྲིན་ཆེ་བ་བསྩལ།

དུས་ཚོད་དེ་དག་རིང་ད་སྔོན་གཙུག་ལག་ཁང་གི་བར་ཁྱམས་སུ་གཤེན་བསྟན་དར་རྒྱས་གླིང་གི་དྲན་གསོའི་པར་རིས་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་སློབ་བཅས་པར་རིས་སྦྱར་མའི་པར་སྒྲོམ་སྤུས་ལེགས་ཆེ་ཆུང་ཉི་ཤུ་ལྷག་ཡོད་པ་རྣམས་སླར་ཡང་གསར་དུ་བརྗེས་ནས་དྲན་གསོའི་ཆེད་གྱང་ངོས་སུ་དགར་ཏེ་སྒྲིག་གཤོམ་བྱས་པ་དང་། གོང་ཚེས་ཉིན་དེའི་ཕྱི་དྲོ་ཆུ་ཚོད་༠༣པ་ནས་༠༥པའི་བར་༧སྐྱབས་རྗེ་ཡོངས་འཛིན་བླ་མས་ཕྱག་བཏབ་པའི་༧གདན་ས་བཞི་པ་གཤེན་བསྟན་དར་རྒྱས་གླིང་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བའི་དྲན་གསོའི་མཛད་སྒོ་དབུ་བཙུགས་ཤིང་ཐོག་མར་གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་ནས་བྱོན་པ་ལེགས་གསོལ་དང་བཅས་ཏེ་མཚམས་སྦྱོར་ངོ་སྤྲོད་ཞུས། དེའི་རྗེས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཆེན་པོ་མཆོག་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བསྟན་འགྲོ་སྤྱི་ཡི་ཆེད་རླབས་ཆེའི་མཛད་འཕྲིན་བསྐྱངས་པ་རྣམས་རྗེས་དྲན་དགོས་པ་གལ་ཆེ་ཚུལ་དང་། དེ་བཞིན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་གིས་དབུས་པའི་ཕྱི་གླིང་དུ་བསྟན་དོན་མཛད་འཕྲིན་ཁུར་བཞེས་གནང་མཁན་བླ་མ་དགེ་བཤེས་རྣམ་པ་དང་། དགེ་སློབ་ཐུན་མོང་ལ་བསྔགས་བརྗོད་ཡི་རངས་ཀྱི་གསུང་བཤད་དང་། ཁྲི་འཛིན་རིན་པོ་ཆེ་མཆོག་གཤེན་བསྟན་དར་རྒྱས་གླིང་དུ་ཐེངས་གཉིས་ཙམ་ཕེབས་པར་ཐུགས་དགྱེས་ཚོར་ཟབ་མོ་བྱུང་སྐོར་དང་། སླད་མུ་འབྲེལ་རྒྱུན་སྐྱོང་དར་རྒྱས་ཡོང་བའི་བཀའ་སློབ་དང་ཐུགས་སྨོན་སྐྱབས་འཇུག་གནང་།

དེའི་རྗེས་༼ཧྥ་རན་སི་གཡུང་དྲུང་བོན་གྱི་ཚོགས་པ༽འི་ཚོགས་གཙོ་ཀོ་རིན་ནེ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གཙོ་སྐྱོང་ཞུས་པ་དང་། གཡུང་དྲུང་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དགོངས་གཞི་དང་དགོས་པ། གལ་ཆེའི་ཕྱག་ལེན་གནང་ཕྱོགས་དང་འབྲེལ་བའི་སྒོ་ནས་གཤེན་བསྟན་དར་རྒྱས་གླིང་གི་འདུས་སྡེའི་བྱུང་རིམ་ལོ་རྒྱུས་སྐོར་དང་། ད་སྔོན་འདུས་སྡེ་འདིར་ཨ་སྙན་རྫོགས་གསུམ་གྱི་སྒོམ་གྲྭའི་བཅའ་གཞི་ལོ་བཞི་རེ་ཅན་དང་། བཤད་གྲྭའི་བཅའ་གཞི་བདུན་ཕྲག་གསུམ་རེ་ཅན་རྣམས་ལེགས་གྲུབ་བྱུང་ཚུལ། དེ་བཞིན་གསུང་ཁྲིད་ཡིག་བསྒྱུར་སྐོར་ལ་ཐུགས་ཁུར་གནང་ཚུལ་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་སྔ་ཕྱི་རིམ་པར་བསྐྱངས་པའི་སྐོར། ཀན་སུའི་དཔེ་རྙིང་དེབ་ཕྲེང་རྣམས་ཡིག་གཏགས་ཞུ་བའི་ལས་ཀའི་སྡེ་ཚན་གྱི་འགན་ཁུར་བཞེས་ཕྱོགས་སྐོར་སོགས་འདས་པའི་ལོ་ཧྲིལ་པོ་ཉི་ཤུའི་ནང་གཤེན་བསྟན་དར་རྒྱས་གླིང་དུ་དགེ་སློབ་ཐུན་མོང་ནས་ཕྱར་བ་གྲུ་འདེགས་ཀྱིས་བསྟན་འགྲོ་སྤྱི་ལ་ཕན་པའི་གལ་ཆེའི་ཕྱག་ལེན་གནང་བ་རྣམས་ལེགས་གྲུབ་བྱུང་ཚུལ་དང་། སྒོས་སུ་གནས་གཞི་འདི་ཉིད་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་བྱིན་རླབས་ཞུགས་པའི་ས་གནས་བྱིན་ཅན་ཡིན་ཚུལ། དེ་བཞིན་ཁྲི་འཛིན་སོ་བཞི་པ་མཆོག་སྔ་ཕྱི་ཐེངས་གཉིས་ཙམ་ཕེབས་གནང་ནས་བཀའ་ཁྲིད་དང་། བཀའ་དབང་གནང་བར་བཀའ་དྲིན་ཆེ་ཞུ་སོགས་ཀྱི་བརྙན་ལམ་གསུང་བཤད་གནང་། དེ་འབྲེལ་༧གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་དང་། མཁན་པོ་བསམ་གཏན་གཙུག་ཕུད། བླ་མ་སངས་རྒྱས་སྨོན་ལམ། དགེ་བཤེས་ལུང་རིག་རྣམ་དག གྲྭ་བཙུན་གཡུང་དྲུང་དར་རྒྱས་སོགས་བླ་མ་དགེ་བཤེས་རྣམས་དང་། མ་བསྐུལ་དང་བླངས་ཀྱིས་ཕྱག་ལས་གནང་མཁན་ཐུན་མོང་ནས་དཀྱེལ་ཡངས། བཟོད་སྒོམ། ཉམས་ལེན་ཉམས་བཞེས་སོགས་ཀྱི་དགོས་ཕན་དང་འབྲེལ་བའི་སྒོ་ནས་གསུང་བཤད་ཟབ་རྒྱས་གནང་།

དེའི་རྗེས་ཧྥ་རན་སི་གཡུང་དྲུང་བོན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧྥི་ལོར་རན་སི་ལགས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བསྩལ་བའི་གསུང་འཕྲིན་རིན་ཐང་ཆེ་བ་དེ་ཉིད་ཧ་ཅང་ཚོར་སྣང་ཟབ་པའི་མིག་ཆུ་དང་འདྲེས་པའི་སྒོ་ནས་སྒྲོགས་སྦྱང་ཞུས། དེ་མུས་ཁོ་རང་གི་མྱོང་རྣམ་དང་འབྲེལ་བའི་སྒོ་ནས་ཕྱི་ལོ་༡༩༨༩ལོ་ནས་ཐོག་མར་ཕྱི་གླིང་ཁུལ་དུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བསྟན་དོན་མཛད་འཕྲིན་དབུ་བཙུགས་པའི་ལོ་རྒྱུས་དང་། བར་དུ་བོན་ཚོགས་འཛུགས་པའི་བརྒྱུད་རིམ་ལ་དཀའ་ཚེགས་འོ་རྒྱལ་གནང་ཚུལ། མཐར་གཤེན་བསྟན་དར་རྒྱས་གླིང་གི་འདུས་སྡེའི་གྲུབ་འབྲས་རྣམས་རང་ཅག་ཐུན་མོང་གིས་ལོངས་སུ་སྤྱོད་རྒྱུ་བྱུང་བའི་སྐལ་པ་བཟང་པོ་བྱུང་བ་རྣམས་ཀྱི་སྐོར་ནས་དྲན་གསོའི་གླེང་མོལ་གནང་། དེའི་རྗེས་ཀོ་རིན་ནེ་ལགས་ཀྱིས་༼ཧྥ་རན་སི་གཡུང་དྲུང་བོན་གྱི་ཚོགས་པ༽འི་ལས་སྣེ་རྣམས་ཀྱི་ངོས་ནས་གཤེན་བསྟན་དར་རྒྱས་གླིང་དུ་ལོ་རེའི་འཆར་ཅན་གྱི་དཔེ་ཁྲིད་གོ་སྒྲིག་གནང་ཚུལ་དང་། ཡར་རྒྱས་དང་འཕེལ་རིམ་བཅས་ཀྱི་སྐོར་ནས་མྱོང་ཚོར་སྙིང་བསྡུས་གླེང་མོལ་ཞུས།

མཐར་གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ནས་གཤེན་བསྟན་དར་རྒྱས་གླིང་ཞེས་པ་འདིའི་དགོས་དོན་བླ་མའི་བྱིན་རླབས་ཞུ་ས་དང་། སློབ་མའི་ཉམས་ལེན་གནང་ས། སྤྱི་ལ་ཕན་སེམས་བཟང་ས་བཅས་ཡིན་པའི་ཚུལ་གྱི་བཀའ་སློབ་སྙིང་དོན་མདོར་བསྡུས་དང་། ཐུགས་རྗེ་ཆེ་ཞུ་བཅས་ཀྱི་སྒོ་ནས་མཛད་སྒོའི་མཇུག་བསྡུས་ཤིང་། ལས་བྱེད་གསར་རྙིང་རྣམས་ལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ནས་ལེགས་སྐྱེས་མགུལ་དར་བསྩལ་བ་དང་བསྟན་རྒྱས་སྨོན་ལམ་གསུངས། མཇུག་མཐར་གླུ་མ་དགའ་འཛོམས་ལྷ་མོ་ལགས་ནས་བཀྲ་ཤིས་གླུ་དབྱངས་ཀྱི་མཆོད་པ་ཕུལ་བ་བཅས་མཛད་སྒོའི་སྔོན་དངོས་རྗེས་གསུམ་ལ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཁ་དགེ་བཀྲ་ཤིས་དང་། རྒྱལ་ཁའི་ངང་ནས་གྲོལ། གོང་ཟླའི་ཕྱི་ཚེས་ ༡༤ ཉིན་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་སྟོན་འཁོར་རྣམས་གཤེན་བསྟན་དར་རྒྱས་གླིང་གི་དགེ་སློབ་ཐུན་མོང་ནས་ཕེབས་སྐྱེལ་གྱེས་ཕྱག་དང་བཅས་རྒྱལ་ས་པ་རིས་སུ་ལ་ཞབས་སོར་བཀོད། ཚེས་ ༡༥ ཉིན་གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ནས་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐྱེལ་གྱེས་ཕྱག་ཞུས་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༥ ཟླ་ ༠༥ ཚེས་ ༡༥ ཉིན།

(སྤྱིའི་གཟིགས་གྲངས། 587 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ལོ་ལྟར་བཞི…
error: རྩོམ་འདི་བདག་དབང་ཅན་ཡིན།