ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འདི་གསུམ་དབྱེ་ཞིབ་བྱེད་དགོས་ཨ་མའི་བུ།

རྩོམ་པ་པོ། སྤ་ཟླ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

༄༅།  །ཕ་སྐད་མ་ཡིག་མཁོ་མེད་རིག་གནས་མིན།། ཡུལ་སྲོལ་གོམས་གཤིས་དུས་རབས་རྗེས་ལུས་མིན།། ངོ་ཚ་ཁྲེལ་ཡོད་གླེན་པའི་སྤྱོད་པ་མིན།། འདི་གསུམ་མ་བརྗེད་བོད་པའི་གཞོན་སྐྱེས་ཚོ།། ༧ གྲུབ་མཐའ་རིས་མེད་མི་ཤེས་རྨོངས་དད་མིན།། ལྟ་གྲུབ་དཔྱད་ཞིབ་གཞན་སྐྱོན་འཚོལ་བ་མིན།། རང་བསྟན་རང་སྐྱོང་ཕྱོགས་ལྷུང་ལྟ་བ་མིན།། འདི་གསུམ་ཡོད་དགོས་བསྟན་འཛིན་སྐྱེས་མཆོག་ཚོ།།  ༧ ལུགས་གཅིག་མཆོག་འཛིན་ཤཱག་གཤེན་དགོངས་པ་མིན།། ཕྱོགས་གཅིག་ཤེས་པ་ཚད་མཐོའི་སློབ་སྦྱོང་མིན།།  མང་དུ་ཐོས་པ་མདོ་ཤོར་རིག་འཁྱལ་མིན།།  འདི་གསུམ་མཁྱེན་དགོས་གངས་རིའི་རྟོག་ལྡན་ཚོ།།  ༧ ཕྱག་སྐོར་བཟླས་བརྗོད་རྩ་བའི་དགེ་སྦྱོར་མིན།། རིག་གཞུང་སློབ་གཉེར་དོན་མེད་བྱ་བ་མིན།། རང་ཉིད་གཅེས་འཛིན་ཐེག་ཆེན་ལྟ་བ་མིན།། འདི་གསུམ་ཤེས་དགོས་བོད་པའི་དགེ་བྱེད་ཚོ།། ༧ མི་རིགས་རྗེས་ལུས་ཐོད་པའི་རི་མོ་མིན།། སྔོན་ཐོན་རྒྱལ་ཁབ་གནམ་གྱིས་བསྐོས་པ་མིན།། ཞིང་འབྲོག་ཞོར་ལས་སྤྲང་པོའི་འཚོ་ཐབས་མིན།། འདི་གསུམ་ངེས་དགོས་ན་ཆུང་ལོ་ལོ་ཚོ།། ༧ ཀླད་རྙིང་མཁྲེགས་བཟུང་ལྷ་ཡི་བྱིན་རླབས་མིན།། ཚན་རིག་ལག་རྩལ་འདྲེ་ཡི་ཆོ་འཕྲུལ་མིན།། དཔྱད་ཞིབ་རྟོགས་སད་ལྟ་ལོག་ངོ་རྒོལ་མིན།། འདི་གསུམ་བླང་དོར་ཤེས་དགོས་ལོ་ལོན་ཚོ།། ༧ མི་རིགས་མཐུན་སྒྲིལ་གཞན་གྱི་རྐུབ་གཡོག་མིན།། རང་ཚུགས་སྲ་བརྟན་ཁ་བྲལ་བྱ་སྤྱོད་མིན།། ཕུ་ནུ་ནང་འཁྲུག་དཔའ་བོའི་བྱས་རྗེས་མིན།། འདི་གསུམ་རྣམ་འབྱེད་ཤེས་དགོས་སྒང་པ་བོད།། ༧ ཨ་གསར་རྒྱན་གོས་སྔོན་ཐོན་མི་རིགས་མིན།། ཤོ་བག་རྒྱལ་འཇོག་སྔོན་ཐོན་ཁེ་ལས་མིན།། ཆང་འཐུང་དུ་འཐེན་མི་རིགས་ལག་ཤེས་མིན།། འདི་གསུམ་དུག་བཞིན་སྤང་དགོས་གཅེན་གཅུང་ཚོ།། ༧ སྲམ་གཟིག་གཟི་བྱུར་དུས་རབས་རྒྱན་གོས་མིན།། ཤ་ཁྲག་འདོད་སྲེད་འཕྲོད་བསྟེན་འཚོ་བ་མིན།། ལག་ཤེས་ཁེ་ལས་མི་རུང་སྤྱོད་ངན་མིན།། འདི་གསུམ་གོ་དགོས་འབྱོར་ལྡན་རྩམ་ཟན་ཚོ།། ༧ ཁོར་ཡུག་སྲུང་སྐྱོབ་ལྷ་འདྲེའི་རྨོངས་དད་མིན།། རྒན་བཀུར་གཞོན་གཅེས་བཀས་བཀོད་རྒྱུད་འཛིན་མིན།། གཙང་སྦྲ་འཕྲོད་བསྟེན་གཞན་རྗེས་འབྲེང་བ་མིན།། འདི་གསུམ་མ་བརྗེད་རིགས་མཐུན་བློ་གསལ་ཚོ།། ༧ སྙིང་བརྩེའི་ཁ་ད་དོན་མེད་སྐྱོན་འཚོལ་མིན།། ངོ་དགའ་སྤྲེལ་ལད་ཕན་པའི་གཏན་གྲོགས་མིན།། གནའ་བཟང་དེང་སྤྱོད་གཅོལ་ཆུང་བྱ་བ་མིན།། འདི་གསུམ་དབྱེ་ཞིབ་བྱེད་དགོས་ཨ་མའི་བུ།།

ཁྱུང་ཐོག་རྒོད་ཀྱིས་མཐུན་སྦྱོར་ཞུས།

(སྤྱིའི་གཟིགས་གྲངས། 54 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།