ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འདི་གསུམ་རྒྱུན་དུ་བསྟེན་དགོས་སྙིང་གྲོགས་ཚོ།

རྩོམ་པ་པོ། སྤ་ཟླ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

༧ རྙིང་ཞེན་བག་འཁུམ་མདུན་བསྐྱོད་བཀག་རྡོ་ཡིན།།

འོས་འགན་སློབ་གསོ་མ་འོངས་མདུན་ལམ་ཡིན།།

གུ་ཡངས་དཀྱེལ་ཆེ་དུས་རབས་ཁ་ཕྱོགས་ཡིན།།

འདི་གསུམ་ཐུགས་ལ་སྲེལ་དང་བགྲེས་སོང་ཚོ།།

༧ ཞིང་འབྲོག་ཞོར་ལས་རྩ་བའི་འཚོ་རྟེན་ཡིན།།

མི་རིགས་ལག་ཤེས་ཚུགས་ཐུབ་རིག་གནས་ཡིན།།

དེང་རབས་ཚན་རྩལ་དུས་ཀྱི་དགོས་མཁོ་ཡིན།།

འདི་གསུམ་ནམ་ཡང་མ་བཞག་གཞོན་ནུ་ཚོ།།

༧ རང་གི་སྐད་ཡིག་མི་རིགས་བླ་སྲོག་ཡིན།།

རྒྱན་གོས་ཆ་ལུགས་རང་རིགས་མཚོན་བྱེད་ཡིན།།

སྲོལ་བཟང་གོམས་གཤིས་མེས་པོའི་ཤུལ་བཞག་ཡིན།།

འདི་གསུམ་མ་དོར་རང་རིགས་ལོ་ཆུང་ཚོ།།

༧དཔེ་གཟིགས་བསྐྱར་སྦྱོང་ཡར་རྒྱས་སྡོང་གྲོགས་ཡིན།།

དཀའ་གནད་དཔྱད་ཞིབ་ཡོན་གནས་མཚོན་བྱེད་ཡིན།།

བག་ཡོད་ཚུལ་ལྡན་གཞན་གྱི་མིག་དཔེ་ཡིན།།

འདི་གསུམ་ཐུགས་དམ་གནོངས་དང་དགེན་ལགས་ཚོ།།

༧ དེང་རབས་རིག་གསར་ཕྱི་ཡི་མཐུན་རྐྱེན་ཡིན།།

ལུང་རྟོགས་ཡོན་ཏན་ནང་གི་སྙིང་པོ་ཡིན།།

གནའ་བཟང་དེང་སྤྱོད་འདི་ཕྱི་གཉིས་ཕན་ཡིན།།

འདི་གསུམ་ཉམས་སུ་ལེན་མཛོད་སློབ་གྲོགས་ཚོ།།

༧ ཐོས་བསམ་ཕྱོགས་མེད་མཁས་པའི་འཇུག་ངོགས་ཡིན།།

རང་རྒྱུད་འདུལ་མཁས་བཙུན་པའི་ཡང་རྩེ་ཡིན།།

གྲུབ་མཐའ་རིས་མེད་བཟང་པོའི་སྤྱོད་ལམ་ཡིན།།

འདི་གསུམ་ཡོད་དགོས་བསིལ་ལྗོངས་དགེ་བྱེད་ཚོ།།

༧གོང་དང་བསྟུན་མཁས་དགོས་པའི་ཐབས་ལམ་ཡིན།།

རྩ་བའི་ཁ་ཕྱོགས་མི་བརྗེད་འོས་འགན་ཡིན།།

ཡོད་ཚད་གཡམ་རྒྱུག་མི་རྒྱབ་ཁྱི་འགྲོ་ཡིན།།

འདི་གསུམ་མ་ནོར་གོ་སའི་བདག་པོ་ཚོ།།

༧ བློ་ཕུགས་ལྷ་ལ་བཅོལ་བ་བསོད་ནམས་ཡིན།།

འཚོ་ཐབས་མི་ཡིས་བསྐྲུན་པ་ལུགས་མཐུན་ཡིན།།

མི་རྗེས་མི་ཡིས་མ་ཟིན་དུད་འགྲོ་ཡིན།།

འདི་གསུམ་སྙིང་ལ་ཉར་དགོས་མང་ཚོགས་ཚོ།།

༧ གཞན་ལ་འཚེ་མེད་བདེ་སྐྱིད་རྩ་བ་ཡིན།།

རང་གི་ཁ་ཕྱོགས་ཤེས་པ་གྲུང་པོ་ཡིན།།

ཀུན་ལ་དཔྱད་པས་འཇུག་ན་བློ་ལྡན་ཡིན།།

འདི་གསུམ་རྒྱུན་དུ་བསྟེན་དགོས་སྙིང་གྲོགས་ཚོ།།

༧ དེ་ལྟའི་གསུམ་ཚན་དགུ་ཡི་སྡེབ་སྦྱོར་ཅན།།

 དེ་དོན་ལག་ཏུ་ལོན་པས་མ་ཡིན་ཀྱང་།།

དེ་བཞིན་བྱུང་ན་སྙམ་པའི་ཀུན་སློང་གིས།།

དེ་སྐད་རྒྱལ་ས་པེ་ཅིན་གྲོང་ནས་ཕུལ།།

                                   ༢༠༡༤་༡༠་༥ཉིན།

ཁྱུང་ཐོག་རྒོད་ཀྱིས་མཐུན་སྦྱོར་ཞུས།

(སྤྱིའི་གཟིགས་གྲངས། 43 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།