ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འབུམ་བཞི་སློབ་གྲྭའི་རྩོམ་དེབ་གཉིས་པ་<<དཔྱད་བུ་ཁྲི་ཤེས་>>གསར་དུ་ཐོན་པ།

སྔོན་གླེང་།

མཚན་དོན་དང་དམིགས་ཡུལ། དང་པོ་རྩོམ་དེབ་དཔྱད་བུ་ཁྲི་ཤེས་འདིའི་མདུན་ཤོག་དང་རྒྱབ་ཤོག་གི་ཚན་ཁྲའི་མཚན་དོན་ལ་གསུམ་སྟེ། སྨད་འབྱུང་བ་ལྔའི་མཚན་བྱེད་དང་། བར་སྨན་འབུམ་དང་དཔྱད་འབུམ་ནད་འབུམ་གསུམ། སྟོད་རྩ་བ་ཐུགས་འབུམ་བཅས་མཚན་བྱེད་ཡིན། མཚན་ཚུལ་ནི། དང་པོ་མས་ནས་རིམ་བཞིན་དུ་ཕྱིའི་སྲིད་པ་ཆགས་རིམ་བཞིན་ཐོག་མར་དཀར་པོ་ཡིས་ནམ་མཁའ་མཚན་པ་དང་། དེ་ནས་ནག་པོས་རླུང་། དམར་པོས་མེ། སྔོན་པོས་ཆུ། སེར་པོས་ས་བཅས་མཚན་པ་ཡིན་ཏེ། མ་རྒྱུད་ལས། ནམ་མཁའ་རླུང་མེ་ཆུ་དང་ས་རྣམས་གྲུབ་ཅེས་གསུངས། ངན་སོང་སྐྱེ་སྒོ་གཅོད་པའི་མདོ་ལས། སེར་པོ་གསེར་མདོག་ས་ཡི་དར།། ལྗང་ཁུ་བཱཻཌཱུརྱ་རླུང་གི་དར།། དམར་པོ་ལེ་བརྒན་མེ་ཡི་དར།། སྔོན་པོ་གཡུ་མདོག་ཆུ་ཡི་དར།། དཀར་པོ་ཤེལ་མདོག་ནམ་མཁའི་དར།། ཁ་དོག་རྣམ་ལྔ་དར་གྱི་འཕུར་ཕྱིས་འདི།། ཞེས་ཡོངས་སུ་གྲགས་པ་ལྟར་རེད། དེ་དང་ཆབས་ཅིག་ལོ་རྟ་ཕོ་མོ་གཉིས་ཏེ་ལོ་གཉིས་ལ་འབྱུང་ཁམས་གཅིག་གིས་འཁོར་བ་ཡིན་ཏེ། ནག་རྩིས་གཞུང་ལས། ལོ་དང་ཟླ་བ་གཉིས་སྦྲགས་བརྩི།། ཞག་དང་དུས་ཚད་རྐྱང་འདེད་བྱ།། ཞེས་གསུངས་པ་ལྟར་པར་ཐེངས་དང་པོའི་དེབ་ཀྱི་རྒྱབ་ཤའི་དཀྱིལ་གྱི་ཁ་དོག་སེར་པོ་དེས་གནམ་ལོ་ས་ཕག་གི་འབྱུང་ཁམས་ས་ཡིན་པ་མཚན་པ་དང་། འདི་ལོའི་དཔྱད་བུ་ཁྲི་ཤེས་ཀྱི་དུས་དེབ་འདིའི་རྒྱབ་ཤའི་དཀྱིལ་གྱི་ཁ་དོག་དཀར་པོ་དེས་གནམ་ལོ་གསར་ཚས་ཀྱི་ལོ་རྟ་བྱི་བའི་ཁམས་ལྕགས་དང་མ་ཚད་ལོ་མཇུག་མའི་འབྱུང་ཁམས་ལྕགས་ཡང་མཚན་ཐུབ་ཅིང་། ལོ་འདི་གཉིས་ལ་འབྱུང་བ་ལྕགས་དབང་ཆེ་བར་བརྟེན། དཀར་པོ་དེ་འབྱུང་བ་གཞན་གྱི་ཚན་མདོག་ལས་ཅུང་རྒྱ་ཆེ་བ་བྱས་ཡོད། དེ་ཡང་ལོ་གཉིས་རེའི་མཚམས་ནས་འབྱུང་ཁམས་རེ་འགྱུར་ཅིང་རང་བྱུང་ཀུན་རྫོབ་འབྱུང་ལྔའི་རྟེན་འབྲེལ་གྱི་འགྲོ་སྟངས་བཞིན་དེབ་འདིའི་རྒྱབ་ཤའི་དཀྱིལ་གྱི་ཚན་དོག་ཀྱང་འགྱུར་བ་འགྲོ་བ་རེད། གཉིས་པ་བར་གྱི་ཁྲ་བོའི་མཚན་དོན་ནི། ཐིག་ལམ་ནག་པོ་དེས་ནད་འབུམ་ནག་པོ་དང་ཁྲ་བོ་དེས་དཔྱད་འབུམ་ཁྲ་བོ་མཚན་པ་མ་ཟད། ཐིག་ལམ་ཁྲ་བོ་དེ་ཅུང་སྦོམ་བའི་རྒྱུ་མཚན་ནི་འབུམ་གཞན་དང་མི་འདྲ་བ་གསོ་བ་རིག་པའི་སྤྱི་ཁོག་སྟོན་བྱེད་ལ་དཔྱད་འབུམ་ཁྲ་བོ་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་པས་འབུར་དུ་བཏོན་པ་ཡིན།དེའི་གོང་གི་ཐིག་ལམ་དཀར་པོ་དེས་སྨན་འབུམ་དཀར་པོ་དང་སྟོད་ཕྱོགས་སྔོ་ཞེང་ཆེ་བ་ནམ་མཁའ་གཡའ་དག་པ་ལྟ་བུ་དེས་རྩ་བ་ཐུགས་འབུམ་མཁའ་སྔོན་བཅས་མཚན་པ་ཡིན་ནོ། །

གཉིས་པ་དམིགས་ཡུལ་དང་དགོས་པ།

ཉི་མ་ནས་ཟླ་བ་དང་། ཟླ་བ་ནས་ལོ་གྲངས་མང་པོའ ི་རིང་གསོ་བ་རིག་པའི་གནས་ལ་དང་པོ་འཆད་ཉན་དང་།བར་དུ་བསམ་གཞིགས་དང་བགྲོ་གླེང། གསུམ་པ་ཉམས་ལེན་བྱས་པའི་འབྲས་བུའམ་ཉམས་མྱོང་རྣམས་སེམས་ཐོག་གཅིག་པུར་ཉར་ཏེ་བརྗོད་མེད་ལྐུགས་པ་ལྟ་བུ་མ་ཡིན་པ་དུས་རབས་ཀྱི་འགྲོས་དང་མཐུན་པའི་ཕྱིའི་ཤོག་ཐོག་ཏུ་ཁ་གྲགས་ཐུབ་ན་གསོ་རིག་བསྟན་པའི་ཞབས་ཞུ་དང་། མ་འོངས་མི་རབས་རྗེས་མའི་ཆེད་རྩོམ་རིག་གི་ལམ་བུ་ནས་གསོ་བ་རིག་པའི་སྒྲོན་མེ་སྤར་ཐུབ་པའི་དགོས་པ་ཡོད་པ་དང་། མ་ཟད་འབུམ་བཞིའི་སློབ་གྲྭ་འདི་དབུ་བརྙེས་ནས་ལོ་ ༣༠ ལྷག་ལ་དགེ་སློབ་རྣམས་ཀྱིས་གསོ་བ་རིག་པར་འཆད་ཉན་དང་ཉམས་ལེན་གྱི་སྒོ་ནས་སྤྱི་ཚགས་ཞབས་ཞུ་དང་། སློབ་མ་གསོ་སྐྱོང་སོགས་ཀྱི་མཛད་འཕྲིན་རྒྱ་ཆེན་པོར་བསྐྱངས་ཡོད་ཀྱང་། འཆད་རྩོད་རྩོམ་པའི་ཡ་གྱལ་རྩོམ་རིག་ལ་སྟོང་ཆ་ཅུང་ལུས་ཡོད་པ་དེ་ཉིད་སྐོང་བྱེད་ཀྱི་དམིགས་ཡུལ་བཟུང་ནས་འགོ་འཛུགས་ཞུས་ཟིན་པ་བཞིན། ད་ལན་ཡང་རྩོམ་དེབ་འདི་གཙོ་བོར་སློབ་མར་ཁ་ཕྱོགས་ཏེ། སྤྱིར་ཤེས་ཡོན་དང་སྒོས་སུ་རྩོམ་རིག་ཡར་རྒྱས་འགྲོ་བ་དང་། ཡང་སྒོས་སུ་སློབ་མ་སོ་སོས་གང་ཤེས་པ་རྣམས་ཡིག་ཐོག་ཏུ་འབྲི་ཐུབ་པ་དང་། གཞན་ལ་འཆད་ཐུབ་པའི་ཤེས་རབ་ཡར་རྒྱས་གཏོང་བྱེད་ཀྱི་མཐུན་རྐྱེན་དུ་འགྱུར་རེའི་ཀུན་སློང་དང་བཅས། དུས་རབས་ཀྱི་འགྲོས་དང་བསྟུན་ན་རྩོམ་རིག་ནི་ལྟ་བྱེད་ཀྱི་མིག་དང་། སྨྲ་བྱེད་ཀྱི་ལྕེ་ལྟ་བུ་ཡིན་པས་རིག་གནས་དང་གཞུང་ལུགས་ལ་མཁས་ཀྱང་འབྲི་རྩོམ་གྱི་ནུས་པ་མེད་མཁན་རྣམས་ནི་མིག་དང་ལྕེ་མེད་པའི་མི་བཞིན་གྱུར་པར་བརྟེན། སློབ་གྲྭ་འདིར་ཞུགས་པའི་སློབ་མ་སུ་ཡིན་ཡང་རང་གིས་གང་ཤེས་པ་རྣམས་གཞན་ལ་བཤད་ཐུབ་པ་དང་། ལག་ལེན་བསྟར་ཐུབ་པ། ཡིག་ཐོག་ཏུ་འགོད་ཐུབ་པའི་ཤེས་ཡོན་པ་གསོན་པོ་ཞིག་ཆགས་ཐུབ་པའི་ཆེད་དུ་དམིགས་ནས་རྩོམ་དེབ་འདི་སྤེལ་བ་ཡིན། རྩོམ་དེབ་དང་པོ་ནང་བཞིན་ད་ལན་ཡང་སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་གཅིག་པུའི་རྩོམ་ཡིག་མ་གཏོགས་གཞན་བསྡུས་མེད་ཅིང་། དེ་ཡང་རྩོམ་ཡིག་མང་ཆེ་བ་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་དཔེར་བརྗོད་ལྟ་བུ་ཡིན་པ་ལས་དཔྱད་རྩོམ་གྱི་གནས་ཚད་ལོན་པའི་རྩོམ་ཡིག་དེ་འདྲ་མིན་སྟབས་ཚིག་སྦྱོར་དང་། བརྗོད་བྱ་གང་ཐད་ནས་ནོར་འཁྲུལ་གང་མང་ཡོད་ངེས་པས་ཀློག་པ་པོས་ཐུགས་ལ་ངེས་པ་གནང་བ་དང་། ནང་དོན་གཙོ་བོ་སྐབས་བབ་ཀྱི་སྦྱང་བྱ་དང་འབྲེལ་བའི་གསོ་བ་རིག་པའི་སྐོར་གྱི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་དང་གནོད་བྱེད་ཉེས་པ་གསུམ། གནོད་བྱ་ལུས་ཟུངས་བདུན། དེ་བཞིན་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབས། སྨན་དང་འབྲེལ་བའི་ལོ་རྒྱུས། དེ་བཞིན་ནད་ལ་སྨན་དང་གདོན་ལ་གཏོ་ཞེས་ཟེར་སྲོལ་ལྟར། གནའ་སྔ་མོ་ནས་རི་བོ་གངས་ཅན་པའི་འཚོ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། ཕྱི་གདོན་གྱི་གཉེན་པོ་ལ་གཏོ་བཅོས་དང་། ནང་དུག་གསུམ་གྱི་གཉེན་པོ་ལ་ཚད་མེད་བཞི་དང་ཡེ་ཤེས་ལྔའི་ལྟ་གྲུབ་བཅས་དགེ་སློབ་སོ་སོའི་སོར་མོའི་ཟློས་གར་ལས་བསྐྲུན་ཏེ་ཡིག་ཐོག་ཏུ་ཕབ་ཡོད་ཅིང་། གོང་ཞུས་ལྟར་ཞང་བོད་གསོ་རིག་གི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་ཕྱིར་དཔྱད་བུ་ཁྲི་ཤེས་ཀྱི་རྩོམ་དེབ་འདི་འདོན་སྤེལ་བྱ་རྒྱུའི་ཕུགས་སེམས་དང་བཅས་ཏེ་བསྐྲུན་པ་ཡིན་པས་རྣམ་པ་ཚས་རྒྱབ་སྐྱོར་དང་ཐུགས་ཁུར་གང་མང་གནང་བའི་རེ་བ་ཆེ་ཞེས་ཞུ། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ནས། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༧ ཉིན།

 

(སྤྱིའི་གཟིགས་གྲངས། 535 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།